The Essence of the Connection Between the Noble Ones and the Path to Liberation

འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་བོའི་ཆོ་གའི་གཟུངས།

The Essence of the Connection Between the Noble Ones and the Path to Liberation

འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་བོའི་ཆོ་གའི་གཟུངས།

BO
༄༅། ། རྒྱ་གར་སྐད་དུ། ཨཱརྱ་བྲཏཱི་ཏྱ་ས་མུཏྤཱ་ད་ཧྲྀ་ད་ཡ་བི་དྷི་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་བོའི་ཆོ་གའི་གཟུངས། སངས་རྒྱས་དང་། བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཆོས་གང་རྒྱུས་བྱུང་དེ་དག་ནི། ། རྒྱུ་ལས་འགོག་པ་གང་ཡིན་པ། ། དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། ། དེ་སྐད་གསུངས་པ་དགེ་སྦྱོང་ཆེ། ། ཚིག་འདི་བསྒྲུབ་པའི་ཆོ་ག་ནི། ། སེམས་ཅན་རྣམས་ལ་ཕན་བྱེད་པ། ། ལས་ཀུན་གྲུབ་པར་བྱེད་པའི་ཕྱིར། ། དེ་བཞིན་གཤེགས་པས་རབ་ཏུ་གསུངས། ། རིགས་ཀྱི་བུ་དག་གང་གིས་ནི། ། དང་པོར་བཅོམ་ལྡན་སངས་རྒྱས་ལ། ། གུས་ཤིང་དང་བའི་སེམས་བསྐྱེད་ནས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རྟེན་འབྲེལ་ཟབ་མོའི་ཆོ་ ག་བཤད། ། ཐམས་ཅད་ལས་དང་མཐུན་པར་གསུངས། ། དང་པོར་འཇུག་པའི་ཚིག་གསུངས་པ། ། འདི་ལྟར་ལས་དང་ཉོན་མོངས་ཡོད་གྱུར་ན། ། སེམས་ཅན་རྣམས་ནི་འཁོར་བར་འགྲོ་འགྱུར་ལ། ། ལས་དང་ཉོན་མོངས་མེད་ན་འཁོར་བ་ལས་ཀྱང་ལྡོག ། བདེན་པ་ འདི་ཡིས་བདག་གི་བསམ་པ་གྲུབ་གྱུར་ཅིག ། སངས་རྒྱས་ལ་ཕྱག་འཚལ་ལོ། ། ཆོས་ལ་ཕྱག་འཚལ་ལོ། ། དགེ་འདུན་ལ་ཕྱག་འཚལ་ལོ། །
BO
ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། ། རང་སངས་རྒྱས་ རྣམས་ལ་ཕྱག་འཚལ་ལོ། ། དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། ། ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། ། ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། ། རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། ། འཕགས་པ་བྱམས་པ་ལ་སོགས་པའི་ བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། ། བརྟུལ་ཞུགས་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། ། སེམས་ཅན་གྱི་སྨན་པ་རྣམས་ལ་ཕྱག་འཚལ་ལོ། ། ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། ། འདི་ལྟ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོྃ་ཡེ་དྷརྨཱ་ཧེ་ཏུཔྲ་བྷ་བཱ་ཧེ་ཏུ་ན་ཏེ་ཥཱྃ་ཏ་ ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ལས་རྣམས་ཀུན་གྱི་ཆོ་ག་ལ། ། ཚིགས་སུ་བཅད་པ་འདི་དག་བརྗོད། ། བསམ་རྒྱུད་རང་གི་ལག་མཐིལ་ལ། ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ། ། སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན། ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། ། མེ་ཡི་ཁམས་ལ་བཞུགས་པར་བསྒོམ། ། ད་ནི་ལྷ་དག་རྗེས་སུ་དྲན། ། ད་ནི་སྦྱོར་བའི་ལས་བཤད་དེ། ། རིམ་པ་བཞིན་དུ་སོ་སོར་བསྟན། །
BO
རིམས་ཀྱིས་བཏབ་ནས་ན་བ་དང་། ། ཀླད་པ་ན་དང་མིག་ནད་དང་། ། ཁོང་ནད་ལ་སོགས་ ནད་རྣམས་ལ། ། ཚིགས་བཅད་འདི་དང་སྙིང་པོ་འདི། ། མང་པོར་བཟླས་ཤིང་ལངས་ནས་ནི། ། ལག་པ་གཡས་པའི་ཁུ་ཚུར་གྱིས། ། དབྱུང་པའི་ཐབས་སུ་བྱབ་པར་བྱའོ། ། ནད་རྣམས་ཐམས་ཅད་སོས་པར་འགྱུར། ། ཉིན་གཅིག་ཉིན་གཉིས་ཉིན་གསུམ་དང་། ། ཉིན་ བཞི་རྟག་པའི་རིམས་རྣམས་ལ། ། བུ་མོ་གཞོན་ནུས་བཀལ་བ་ཡི། ། སྐུད་པ་དཀར་པོ་སུམ་སྒྲིལ་ལ། ། བཟླས་བརྗོད་ཉི་ཤུ་བརྒྱད་བཟླས་ནས། ། མགུལ་དུ་བཏགས་ན་བདེ་བར་འཚོ། ། ནད་ལ་ཕན་པའི་སྨན་རྣམས་ལ། ། གཟུངས་སྔགས་འདི་དག་བཟླས་ཤིང་བཏང་། ། སྙིང་ནད་རྩིབ་ལོགས་ན་བ་དང་། ། ཁོང་ན་ནད་རྣམས་ཅི་ཡོད་ལ། ། ཆུ་ལ་སྔགས་འདི་མང་བཟླས་ནས། ། བླུད་ན་ཕན་ཞིང་བདེ་བར་འགྱུར། ། ནད་ལ་ཕན་པའི་སྨན་རྣམས་ལ། ། བཟླས་ཤིང་བཏང་ན་འཚོ་བར་འགྱུར། ། གཡན་པ་དང་ནི་འབྲུམ་བུ་དང་། ། ཕོལ་མིག་ དང་ནི་རྨ་རེད་ལ། ། གྲོག་ཚང་ས་ལ་སྙིང་པོ་འདི། ། མང་དུ་བཟླས་ཤིང་བཏབ་ན་འཚོ། ། གཞང་འབྲུམ་གཞང་ནད་ཟ་ཁུ་དང་། ། ཕོ་མཚན་སྐྲངས་ཤིང་ན་བ་ལ། ། སྐྱེར་པའི་ཁཎྜའི་རིལ་བུའམ། ། བྱང་ཆུབ་སེམས་དཔའི་རིལ་བུ་ལ། ། ཉི་ཤུ་བཟླས་ཤིང་ བསྐུས་ན་ཕན། །
BO
ནད་ཀྱི་རྣམ་པར་གང་ན་ཡང་། ། ན་ཚབས་ཆེ་ཆུང་ཚོད་བརྟགས་ནས། ། ཚིགས་སུ་བཅད་པའི་བཟླས་བརྗོད་ལ། ། མང་ཉུང་ནད་དང་སྦྱར་ནས་ཀྱང་། ། ལུས་ལ་བྱབ་ཅིང་བཟླས་ན་ཕན། ། འཁྲུ་བ་གནད་ཀྱིས་བཏབ་པ་ལ། ། སྨན་ནམ་རིལ་ བུ་ཁ་ཟས་ལ། ། བདུན་ནམ་ཉི་ཤུ་བཟླས་ནས་ཀྱང་། ། ཁོང་དུ་བཏང་ན་ཕན་པར་འགྱུར། ། དེ་ཡི་བཟླས་བརྗོད་སྔ་མ་སྟེ། ། འདི་དག་རབ་ཏུ་བཟླས་བར་བྱ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོྃ་ཡེ་ངྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུ་ན་ཏཱེ་ཎཱི་ཏ་ཐཱ་ག་ཏོ་ཧྱ་བ་དཏཱ། ། ཏེ་ཥཱ་ཉྩ་ཡ་ན་རཏྣ་ཨཾ་ བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསཱཧཱ། དེ་དག་བཟླས་ན་ནད་རྣམས་འཚོ། ། དེ་ནི་ནད་རྣམས་འཚོ་བའོ། ། དེ་ནས་ཡང་ནི་བཀའ་སྩལ་བ། ། ནས་དང་གྲོ་དང་སྲན་མ་དང་། ། འབྲས་དང་སྲན་ཆུང་མོན་སྲན་དང་། ། ཤིང་ཏོག་རྒུན་འབྲུམ་ཨ་རུ་ར། ། དེ་དག་ཀུན་ལ་ཟ་བ་ཡི། ། སྲིན་བུ་སྦུར་བུ་ཕྱེ་མ་ལེབ། ། བྱིའུ་དང་བྱི་བ་ནེ་ཙོ་དང་། ། ལོ་ཏོག་ཟ་བ་ཁ་བཅིང་ན། ། ཞིང་གི་ཁྱོན་དང་སྦྱར་ནས་ཀྱང་། ། བྱེ་མ་ས་དང་ཐལ་བ་ལ། ། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། ། ཞིང་དང་ཤིང་ཏོག་གཏོར་བྱས་ན། ། དེ་དག་ཀུན་ཀྱང་ཁ་བཅིངས་འགྱུར། ། ཧ་ཅང་ཆར་པ་ཆེས་པ་ན། །
BO
བཅོམ་ལྡན་འདས་ལ་ཕུལ་བ་ཡི། ། མེ་ཏོག་སྨན་མ་རེ་རེ་ལ། ། བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱ། ། གཙང་ཞིང་བདེ་བའི་གནས་དག་ཏུ། ། དཀྱིལ་འཁོར་ཆེན་པོའི་དབུས་དག་ཏུ། ། བུམ་པ་གང་བའི་སྟེང་དག་ཏུ། ། ཁམ་ཕོར་གཙང་མའི་ནང་དུ་ ཡང་། ། མེ་ཏོག་གཙང་མ་བཟླས་པ་དེ། ། བསྲེགས་ན་ཆར་པ་འཆད་པར་འགྱུར། ། སེར་བ་དྲག་པོ་འོང་བ་ན། ། སེ་བ་ཉ་མིག་ལྕུག་མ་ལ། ། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། ། སེར་བ་གང་ནས་ཡོང་ངོས་སུ། ། ཀླད་ལ་བསྐོར་ཞིང་བྱབས་ན་འཆད། ཡང་ན་ཐལ་ ཆེན་ཡུངས་ཀར་ལ། ། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ། ། ཐུམ་པོ་བྱས་ཏེ་ལྕུག་མ་ལ། ། བཏགས་ཏེ་བཙུགས་ན་སེར་བ་ཆད། ། འབྱུང་པོ་ཤ་ཟ་{ཡི་དགས་,ཡི་དྭགས་}དང་། ། བརྗེད་བྱེད་གདོན་གྱིས་ཟིན་པ་ལ། ། དཀྱིལ་འཁོར་འདོམ་གང་གྲུ་བཞི་ ལ། ། བུམ་པ་གཙང་མ་ལྔ་བཞག་སྟེ། ། གུ་གུལ་དུད་པས་བདུགས་ནས་ཀྱང་། ། ཡུངས་ཀར་ག་པུར་ཙནྡན་དང་། ། གླ་རྩི་ལ་སོགས་སྨན་སྦྱར་ཏེ། ། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། ། གོས་དང་ཟས་ནི་དཀར་པོ་སྦྱར། ། དཀྱིལ་འཁོར་དེ་ཡི་ནང་དུ་གཞུག ། བུམ་པའི་ཆུ་ཡིས་བཀྲུ་བར་བྱ། ། སངས་རྒྱས་སྐུ་བསིལ་བྱས་པའི་ཆུས། །
BO
བཀྲུས་ཤིང་བླུད་ན་རབ་ཏུ་ཕན། ། ནད་དང་གནོད་པ་ཀུན་ལས་ཐར། ། འབྱུང་པོ་བརྗེད་བྱེད་ཤ་ཟ་ཡིས། ། གླགས་ཀྱང་རྙེད་པར་མི་འགྱུར་རོ། ། བྱིས་པ་གདོན་གྱིས་འཇིགས་པ་ལ། ། གི་ཝང་ལ་ནི་སྔགས་བཟླས་ནས། ། སྙིང་པོ་སྟོབས་ཆེན་འདི་བྲིས་གདགས། ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭནྶ་ཡ་ཛ་ཊི་ལོཾ་བྷོ་དྷ་ར་ཨུ་ཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། ། གཙང་སྦྲ་བྱས་ཏེ་མགུལ་པར་གདགས། ། དེ་བཞིན་ཡུངས་ཀར་དག་ལ་ཡང་། ། བཟླས་ བརྗོད་བྱས་ཏེ་བཏུམས་ལ་གདགས། ། མཁའ་འགྲོའི་གདོན་གྱིས་ཟིན་པ་ན། ། ཡུངས་ཀར་དང་ནི་གུ་གུལ་ལ། ། སྔགས་གཉིས་ལན་ནི་བདུན་བདུན་བཟླས། ། དུད་པས་བདུགས་ན་འཚོ་བར་འགྱུར། ། དེ་ལ་ཐེ་ཚོམ་མི་ཟའོ། ། བྱིས་པ་གདོན་དང་ནད་ལས་ཐར། ། བུད་ མེད་བུ་ནི་ཐོགས་གྱུར་ན། ། ཆུ་ལ་བཟླས་བརྗོད་ལྔ་བདུན་བྱས། ། བླུད་ན་ལེགས་པར་བཙས་པར་འགྱུར། ། བུད་མེད་མོ་ཤམ་བུ་མེད་ལ། ། སངས་རྒྱས་སྐུ་བསིལ་བྱས་པའི་ཆུ། ། དེ་ལ་བཟླས་བརྗོད་ཉི་ཤུ་བྱ། ། ཁྲུས་བྱས་ལུས་ནི་གཙང་མ་ལ། ། ཆུ་དེ་བླུད་ན་བུ་ཚ་ འཕན། ། རིགས་རྒྱུད་དག་ནི་འཕེལ་བར་འགྱུར། ། ལམ་དུ་ཞུགས་ཏེ་འགྲོ་བ་ན། ། སྐུད་པ་དང་ནི་གོས་ཀྱི་གྲྭར། །
BO
བཟླས་བརྗོད་བདུན་བཟླས་མདུད་པ་བདུན། ། མདུད་ཅིང་བཟླས་ཏེ་སོང་བ་ན། ། བདེ་བར་འགྲོ་ཞིང་དོན་ཡང་འགྲུབ། ། དགྲ་དང་ཉེ་ཞོ་མེད་པར་འགོ། ། ཡིད་ ནི་གཞུངས་པར་འདོད་པ་ན། ། ཤུ་དག་ཚོན་གང་ཙམ་པ་དང་། ། མར་སྲང་སུམ་བརྒྱ་དྲུག་ཅུ་ལ། ། བཟླས་བརྗོད་བྱས་ཏེ་བསྲེས་ནས་ཀྱང་། ། བུམ་པ་གཅིག་ཏུ་བླུགས་ལ་དཀྲུགས། ། ཉི་མ་རེ་རེ་ལོ་གཅིག་ཏུ། ། ཤུ་དག་དག་ནི་དུམ་རེ་དང་། ། མར་སྲང་དག་ནི་རེ་རེ་ ལ། ། བཟླས་བརྗོད་རེ་རེ་བྱ་ཞིང་བཟའ། ། དེས་ནི་ཡིད་གཞུངས་བློ་ལྡན་འགྱུར། ། དེ་བཞིན་བ་ནི་སེར་སྐྱ་མའི། ། མར་དང་འོ་མ་དག་ལ་ཡང་། ། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་དུ། ། བཟླས་ཏེ་འོ་ཐུག་དཀྲུག་ཅིང་བཟའ། ། ཡིད་གཞུངས་བ་ཡི་མཆོག་ཏུ་འགྱུར། ། མི་དང་འགྲོགས་ཤིང་མཛའ་འདོད་ན། ། གང་དག་ཡིད་དང་འཐད་པ་ལ། ། མེ་ཏོག་དང་ནི་རྩྭ་ཤིང་ལ། ། འབྲས་བུ་འམ་ནི་འཇིམ་པ་དག ། ལག་པ་གཡས་པའི་ཆང་པར་བཅུག ། བཟླས་བརྗོད་བརྒྱ་ནི་རྩ་གཅིག་གདབ། ། གང་གི་ལག་ཏུ་བྱིན་པ་ན། ། དེ་དང་ རྟག་ཏུ་(མཇའ་,མཛའ་)བར་འགྱུར། ། རྟ་ལ་སོགས་པའི་ཕྱུགས་རྣམས་ཀུན། ། འཆི་བར་ཉེ་བར་གནས་པ་ན། ། ཆུ་དང་ཡུངས་ཀར་བཅས་པ་ལ། །
BO
བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ། ། དེ་ལ་གཏོར་ན་སོས་པར་འགྱུར། ། ཡང་ན་ཡུངས་ཀར་བརྒྱ་བརྒྱད་ལ། ། བཟླས་ པའི་ཐུམ་པོ་མགུལ་དུ་གདགས། ། དེས་ནི་ནད་མེད་བདེ་བར་འགྱུར། ། མི་རྣམས་འཆི་བས་འཇིགས་གྱུར་ན། ། ཡུངས་ཀར་ལ་ནི་བཟླས་བརྗོད་བྱ། ། ཐུམ་བོ་བྱས་ཏེ་སྒོ་ལ་གདགས། ། བཟླས་བརྗོད་བརྒྱ་སྟོང་འབུམ་ཡང་བཟླས། ། མི་ནད་དང་ནི་ཕྱུགས་ནད་ཀུན། ། མིང་ཡང་མེད་ཅིང་བདེ་བར་འགྱུར། ། དེ་དག་ཀུན་གྱི་བཟླས་བརྗོད་ནི། ། འདི་དག་ཀུན་དུ་རྒྱ་ཆེར་གསུངས། ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱྃ་ཏ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྕ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། རྟག་ཏུ་བཟླས་བརྗོད་ བྱས་ན་ནི། ། བསམ་པ་ཡོངས་སུ་རྫོགས་པར་འགྱུར། ། གནོད་པ་ཅེས་ཀྱང་ཚུགས་མི་འགྱུར། ། དམ་ཆོས་ཡོངས་སུ་བཟུང་བར་འགྱུར། ། ཚིགས་སུ་བཅད་པ་འདི་དག་ནི། ། མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། ། ཆོ་ག་འདི་དག་ཐམས་ཅད་ནི། ། གང་ལ་དད་ པས་ཡིད་ཆེས་ན། ། འགྲུབ་པར་ཐེ་ཚོམ་མེད་པར་འགྱུར། ། བཟླས་བརྗོད་འབུམ་ནི་བྱས་གྱུར་ན། ། དགོས་པ་ཐམས་ཅད་འགྲུབ་པར་འགྱུར། ། སྟོན་པ་ཤཱཀྱའི་ཐུགས་རྗེ་འདི། །
BO
དགེ་སློང་ནེར་བན་རཀྵི་ཏས། ། ཐོ་གར་ཡུལ་ནས་རྙེད་པ་སྟེ། ། འགྲོ་བ་ཀུན་གྱི་དཔལ་དུ་ཤར། ། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས་རྫོགས་{སྷོ,སོ}། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source