BO{D841-1}༄༅༅། ། རྒྱ་གར་སྐད་དུ། སརྦ་པཉྩ་ཨ་མྲྀ་ཏ། ས་ར་སིདྡྷི་མ་ཧཱ་དུ་ཀ ། ཧྲྀ་ད་ཡཱ་ན་པ་ར་བིད་ཏྭན་ཨཥྚ། བོད་སྐད་དུ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན། དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ་མཆོག་བམ་པོ་ཆེན་པོ་བརྒྱད་པ། དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་གསང་བ་མཆོག་གི་དཀྱིལ་འཁོར་ན། ། ཤིན་ཏུ་རྣལ་འབྱོར་དབང་ཕྱུག་ཚོགས། ། རྒྱལ་བ་རྒྱ་མཚོ་འཁོར་དང་བཅས། ། སྐལ་ལྡན་རྣམས་དང་ ཐབས་ཅིག་བཞུགས། ། གནས་མཆོག་ཡུམ་གྱི་དཀྱིལ་འཁོར་ན། ། གཉིས་མེད་ལྷུན་གྱིས་གནས་པའི་ཚེ། ། དེ་ཚེ་ཉན་ཐོས་དགེ་འདུན་དང་། ། རང་རྒྱལ་ཐེག་ཆེན་མདོ་སྡེ་དང་། ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ། ཉན་ཐོས་དགེ་འདུན་ཆེན་པོ་དང་། ། དགྲ་བཅོམ་ མིང་ཡང་མེད་ནང་དུ། ། ཀུན་བཟང་ཐུགས་ཀྱི་དཀྱིལ་འཁོར་ནས། ། དགོངས་ཏེ་འདི་སྐད་བསྟན་པའི་ལུང་། ། བཤད་ཅིང་འགྲེལ་པའི་དུས་གཅིག་དང་། ། འདི་སྐད་བསྟན་པའི་དུས་གཅིག་ན། ། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། ། མ་བཅོས་ཡེ་ནས་རྫོགས་སངས་རྒྱས། ། ཀུན་དུ་བཟང་པོའི་ཐུགས་དཀྱིལ་ནས། ། དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། ། ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །
BOངེས་པའི་ཀློང་ནས་བཀའ་སྩལ་པ། ། ཟབ་མོའི་ཀློང་ནས་ཕྱུང་སྟེ་བསྟན། ། དེ་ནས་བདེར་གཤེགས་ཐམས་ཅད་དང་། ། ཐབས་ཅིག་བཞུགས་ཏེ་ དགོངས་པ་ནི། ། བླ་ན་མེད་པའི་བྱང་ཆུབ་ཏུ། ། ཡེ་ཤེས་མཉམ་ཉིད་ཉམས་རྙེད་ནས། ། རྡོ་རྗེ་གསང་བའི་གྲལ་བཀོད་དེ། ། ཀུན་གྱི་དམ་པར་འདི་གསུངས་སོ། ། བཀའ་ཡི་དམ་པ་མཆོག་གི་ལུང་། ། ངེས་པར་ཕྱུང་སྟེ་གསུངས་པ་འདིའོ། ། སྒྲུབ་དང་བསྒྲུབ་པར་བྱ་བ་དང་། ། འབྲས་བུ་ ཐོབ་པར་བྱ་བའི་ཕྱིར། ། གསང་སྔགས་གསང་བའི་མན་ངག་འདི། ། བདུད་རྩི་དམ་པ་མཆོག་གི་ལུང་། ། སྙིང་པོར་བསྡུས་པའི་ངེས་པར་འདི། ། བྱང་ཆུབ་འབྱུང་བ་སྙིང་པོ་མཆོག ། ལྟ་བ་དང་ནི་སྤྱོད་པ་དང་། ། དམ་ཚིག་བསྒྲུབ་པ་ཕྲིན་ལས་དང་། ། ངེས་པར་སྒྲུབ་དང་བསྒྲུབ་བྱའི་ ཕྱིར། ། ཟབ་མོ་བསྡུས་པའི་ལུང་འདི་གསུངས། ། བསམ་གྱིས་མི་ཁྱབ་བསྟན་པ་དང་། ། བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། ། ཐེག་པའི་སྒོ་ནི་གསུམ་དུ་གསུངས། ། གསང་ཉིད་ཐེག་པར་བསྡུས་དང་བཞི། ། ལྡེམ་པོར་དགོངས་དང་དོན་དམ་ཡང་། ། བཀྲི་བའི་དོན་དེ་ སངས་རྒྱས་ཡིན། ། རྣ་བརྒྱུད་བསྟན་པས་ཐུགས་བརྟོལ་ཏེ། ། ཐིག་ལེ་ཆོས་སྐུས་ཁྱབ་པའི་ཕྱིར། །
BOངེས་པའི་ལུང་ཡང་སངས་རྒྱས་སོ། ། སངས་རྒྱས་མཉམ་དང་དབྱིངས་སུ་འགྲོ། ། ངེས་པའི་ལུང་ཡང་རྣམ་གཅིག་ཏུ། ། གསང་སྔགས་གསང་བས་སངས་རྒྱས་ཏེ། ། བྱང་ཆུབ་སེམས་འདི་ཀུན་དུ་དག ། རྫོགས་པའི་ཡེ་ཤེས་བདེ་ཆེན་ཉིད། ། མ་ལུས་མཐའ་དག་ཉིད་ཀྱི་རྒྱ། ། ཡེ་ནས་བྱ་མེད་བྱ་མི་དགོས། ། རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲ། ། མི་རྟོག་སྦྱོང་བའི་ཡུལ་མིན་ནོ། ། དེ་ལྟའི་ཡུལ་དུ་རྟོག་འཛིན་གྱིས། ། འཁོར་བའི་རྒྱ་ མཚོར་གྱུར་པ་ཡིན། ། ངེས་འབྱུང་ཆོས་སྐུ་ཆེན་པོ་ལ། ། བྷ་གར་ཇི་བཞིན་བཞག་པས་ན། ། བྱང་ཆུབ་ཉིད་དེ་ལྟུང་གནས་མེད། ། བུ་གཅིག་མ་རྩོལ་བདེ་བར་གནོས། ། རྒྱུད་དང་ལུང་དང་མན་ངག་ཀྱང་། ། དམངས་དང་རྗེའུ་དང་རྒྱལ་པོའི་ཚུལ། ། ཁྱད་པར་རྩལ་འཕང་ ཐག་རིང་ཡང་། ། གཅིག་ལ་གཅིག་རྟེན་གཅིག་གི་ངང་། ། དབྱེར་མེད་ཚུལ་གཅིག་རང་བཞིན་པས། ། ཅིག་སྟེ་རྣམ་གྲངས་ཡོངས་ཀྱིས་མེད། ། དབྱེར་མེད་ངང་དུ་རྟོགས་པ་ལ། ། བདུད་རྩི་ཞེས་ནི་དེ་ལ་བྱའོ། ། དེ་བས་སྐུ་གསུང་ཐུགས་ཀྱི་བདག ། སྐུ་དང་རྒྱན་དང་འཁོར་ ལོ་ཡང་། ། ལུང་ཆེན་ཟབ་མོའི་ནང་ན་གསལ། ། ལྔ་བཞི་ནང་དུ་འཁོར་བ་ཡང་། ། ཡེ་ཤེས་སངས་རྒྱས་དེ་ལས་མེད། །
BOདབྱིངས་སུ་གྱུར་པས་མཉམ་གནས་པས། ། ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། ། བདུད་རྩི་ཞེས་ནི་དེ་ལ་བརྗོད། ། སྐྱེ་ཤི་མེད་པའི་ དབྱིངས་སུ་གྱུར། ། དབྱིངས་འགྱུར་དག་མཉམ་ལྷུན་གྲུབ་པས། ། ལྟ་བ་འདི་ལ་གནས་པ་ཡི། ། རྣལ་འབྱོར་འདི་ནི་སྐལ་བ་བཟང་། ། ཅི་སྤྱད་ཅི་བསྒོམས་ཅི་བསྒྲུབས་ཀྱང་། ། བདུད་རྩི་ཉིད་དེ་སྨན་གྱི་མཆོག ། བདེར་གཤེགས་ཉིད་ཀྱི་ཐུགས་དམ་ཉིད། ། བྱིན་བརླབས་ ངོ་མཚར་རྒྱ་ཆེར་འབྱུང་། ། རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གསོས། ། སངས་རྒྱས་བདེ་ཆེན་ཉིད་ལས་བྱུང་། ། ཐམས་ཅད་མ་ལུས་བདུད་རྩི་འདི། ། སྤྲོས་མེད་ཐིག་ལེར་གནས་པ་ལས། ། མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། ། རང་ལ་མཆོད་ཅིང་རང་གིས་བཟའ། ། སྒྲུབ་པ་པོས་ནི་ནན་ཏན་བྱོས། ། ཞེས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས། ཡེ་ཤེས་ཆེན་པོའི་ཐུགས་ནས་དགོངས་ཏེ་བཀའ་སྩལ་པའོ། ། བདུད་རྩི་ཆེན་པོ་མཆོག་གི་ལུང་ལས་བྱང་ཆུབ་སེམས་དེ་ཁོ་ན་ཉིད་ལྟ་བར་བསྟན་པའི་མན་ངག་ཆེན་པོ་གསང་བའི་ དོན་དང་པོ་སྟེ། ཐུགས་ཀྱི་རྒྱ་མཚོའི་ནང་ནས་གསང་བའི་མཛོད་ཆེན་པོ་ལས་བམ་པོ་ཆེན་པོ་བརྒྱད་པའི་དང་པོ། ། {D841-2}༄༅༅། ། རྒྱ་གར་སྐད་དུ། ཨ་མྲྀ་ཏ་ར་ས་ཡ་ན། ཏ་ན་ཛྷ་ཡ།
BOཔྲ་ཤསྟ་པྲ་མ་ན་ཤྲི་ཀྲ་ན་པྲ་ཤསྟ་ཡ་ན་མོ། བོད་སྐད་དུ། ཚངས་པ་ལ་སོགས་པ་དྲང་སྲོང་དང་། ལྷ་དང་ཀླུ་དང་མིའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། ། དེ་ནས་ཚངས་པའི་གཙོ་བོ་མཆོག ། དུང་གི་ཐོར་ཚུགས་ཁོང་སེང་ཅན། ། ཚངས་པ་ཀུན་གྲོལ་ཆེན་པོ་དང་། ། དྲང་སྲོང་ཆེན་པོ་ལྗང་སྔོན་དང་། ། ཙ་ར་ཀ་དང་ན་བ་སོ་ སྐྱེས། ། ཐ་སྐར་བུ་དང་ལྷ་སྐབས་དང་། ། རྒྱུན་ཤེས་པ་དང་གཡོན་ཕྱོགས་ལྷ། ། ཐང་ལ་གནས་དང་མེ་བཞིན་འཇུག ། དཀའ་གཉིས་སྤྱོད་དང་ཀ་ལ་ཡན། ། ཤིང་ཁྱེར་དང་ནི་ལྗང་སྔོན་བུ། ། ཉི་མ་ཟླ་བ་ཀླུ་རུ་བཅས། ། ཤིང་གི་ལྷ་མོ་འོད་འཆང་མ། ། སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། ། འདི་ཀུན་འཁོར་དང་བཅས་པ་ཡིས། ། ཀུན་བཟང་ལྷ་ལ་ཕྱག་འཚལ་ནས། ། སྨན་གྱི་དབང་དང་དམ་ཚིག་མནོས། ། དྲང་སྲོང་རྣམས་ལ་རྗེས་སུ་གནང་། ། དེ་ནས་ཀུན་བཟང་བདེར་གཤེགས་ཀྱིས། ། སྨན་གྱི་རྒྱལ་པོ་བདུད་རྩི་མཆོག ། ངེས་པའི་ལུང་འདི་བཀའ་སྩལ་ཏོ། ། དེ་ནས་ཐུགས་རྗེའི་ཆོ་ འཕྲུལ་གྱིས། ། ས་རྣམས་རབ་ཏུ་གཡོས་ནས་ནི། ། སྟོང་གསུམ་འཇིག་རྟེན་ས་སྟེངས་སུ། ། ཐམས་ཅད་སྨན་ཆེན་ར་ས་ཡན། ། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། ། དེ་ལྟར་སྨིན་པར་བྱེད་པ་ཡང་། །
BOཐུགས་རྗེ་རྒྱ་མཚོ་ཆེན་པོ་ལས། ། ཐུགས་རྗེ་སྤྲིན་ནི་ཁྱབ་པ་ཡིས། ། སྤྲིན་ཆེན་གློག་གི་ཕྲེང་བ་ཅན། ། ཡུད་ཙམ་སྒྲ་དང་བཅས་པ་ཡིས། ། ས་སྟེངས་ཁེངས་པར་ཆར་ཕབ་ནས། ། དེ་ཉིད་ཐུགས་རྗེ་སྙོམས་པའི་མགོན། ། ཆུ་ཡི་ཕུང་པོ་བདུད་རྩི་ཡིས། ། མ་ལུས་པར་ནི་ངོམས་པར་བྱས། ། བདུད་རྩིའི་རྒྱ་མཚོ་ཐིགས་ཆེན་གྱིས། ། ས་དང་སྨན་རྣམས་ཀུན་གྱི་གསོས། ། རི་རབ་རྩེ་དང་རི་སུལ་ དང་། ། སྨན་ལྗོངས་དང་ནི་ནགས་ཚལ་དང་། ། ལྕང་ལོ་ཅན་གྱི་འཁོར་ཀུན་དུ། ། སྤྲིན་ཆེན་བདུད་རྩི་ཆར་གྱིས་བརླན། ། ཆུ་དེ་ཐམས་ཅད་རོ་གཅིག་སྟེ། ། ཆུ་ཡི་བཅུད་ལས་སྐྱེས་པ་ནི། ། དཔག་བསམ་ཤིང་དང་གེལ་པའི་ཤིང་། ། ལྗོན་ཤིང་དང་ནི་ཙུ་ཏའི་ཤིང་། ། ས་སྟེངས་ཁེབས་ པར་སྐྱེས་པ་སྟེ། ། བདུད་རྩིར་གྱུར་ཏེ་ཐམས་ཅད་རྒྱས། ། སྡོང་པོ་དང་ནི་སྡོང་ཆེན་དང་། ། རྩ་བ་སྡོང་པོ་ཤུན་ལྤགས་དང་། ། སྙིང་པོ་ཡལ་ག་ལོ་མ་དང་། ། འདབ་མ་མེ་ཏོག་འབྲས་བུར་བཅས། ། དེ་བཞིན་འབྲུ་ཡི་རྣམ་གྲངས་ཀུན། ། ཐམས་ཅད་བངས་ཤིང་སྨིན་པར་མཛད། ། འཐུངས་ན་ངོམས་ཏེ་རྒྱས་པར་གྱུར། ། སོ་སོའི་ཡུལ་དང་གནས་དག་དང་། ། མདོག་དང་རོ་དང་དྲི་དང་མཐུ། ། གང་གི་ས་བོན་དེ་ཉིད་ལས། །
BOདེ་དག་རང་རང་འབྱིན་པར་བྱེད། ། དེ་བཞིན་སྲོག་ཆགས་ཐམས་ཅད་ཀུན། ། ར་ས་ཡ་ནའི་རྫས་ལ་སྤྱོད། ། འགྲོ་བ་དྲུག་གི་གསོས་སུ་ འགྱུར། ། བདུད་རྩི་སྒོ་ནི་རྣམ་པར་ཕྱེ། ། འཇིག་རྟེན་མགོན་པོས་བཀའ་སྩལ་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་རྣོན་པོས་བསྡུས་ཏེ་བཀའ་སྩལ་པ། ལྷ་དང་ཀླུ་དང་དྲང་སྲོང་དང་། མིའི་བྱང་ཆུབ་སེམས་དཔའི་དགེ་བསྙེན་ཆེན་པོ་དྲི་མ་ མེད་པར་གྲགས་པ་ལི་ཙྪ་བི་ལ་སོགས་པ་ལ་བདུད་རྩི་ར་ས་ཡ་ན་ཏན་ན་ཛྷ་ཡ་འདི་དག་བསྟན་ནོ། ། དང་པོར་བསྒྲུབ་པའི་ཡུལ་དང་གནས་ནི། ཨུ་ཧུ་སི་ཏི་པ་ཙ་ཞེས་བྱ་སྟེ། བ་ཏྲིས་ཞེས་ཀྱང་བྱ་བ། རིའི་རྒྱལ་པོ་གསེར་མདོག་ཅན་གྱི་རྩེ་མོ་རྟ་རྣ་རི་ཞེས་བྱ་བ་དེར། ར་ས་ཡ་ན་ཞེས་བྱ་བ་དྲང་སྲོང་རྣམས་ཀྱིས་བསྒྲུབས་སོ། ། དེ་ཡང་ཐང་ཅིག་ཡུད་ཀྱིས་འགྲུབ། ། ལ་ལ་ཉིན་ཞག་གཅིག་གིས་འགྲུབ། ། ལ་ལ་ཉིན་ཞག་བདུན་གྱིས་འགྲུབ། ། མཐའ་མ་ཉི་ཤུ་གཅིག་གིས་འགྲུབ། ། དེ་ལ་ཐེ་ཚོམ་མེད་པས་འགྲུབ། ། དེ་དག་ཀུན་གྱི་མཚན་ཉིད་ ནི། ། རྩ་བ་སྡོང་བུ་ཡལ་ག་དང་། ། ལོ་མ་འདབ་མ་མེ་ཏོག་དང་། ། ཤུན་ལྤགས་འབྲས་བུ་སྙིང་པོར་བཅས། ། རོ་དང་མཐུ་དང་མདོག་དང་ལས། །
BOརྩ་བ་གཅིག་ལ་ཡན་ལག་བརྒྱད། ། ཡན་ལག་བརྒྱད་ལས་ཡོན་ཏན་སྟོང་། ། འདི་དག་ཀུན་གྱི་ཡོན་ཏན་ཡང་། ། བཞི་བརྒྱ་རྩ་ བཞིའི་ནད་སེལ་ཞིང་། ། བདུད་བཞི་ངེས་པར་འཇོམས་པར་བྱེད། ། སྨན་གྱི་རྒྱལ་པོ་བདུད་རྩིའི་མཆོག ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། དྲང་སྲོང་ཆེན་པོ་འདི་ཀུན་ཀྱང་། ། མངོན་ཤེས་ལྔ་དང་ལྡན་འགྱུར་ཞིང་། ། རིག་པའི་གནས་མཆོག་{བཅྭ་,བཅོ་}བརྒྱད་ཤེས། ། དེ་ནས་སྨན་ནི་བསྒྲུབ་པར་བྱ། ། སྟེགས་བུ་ཁྲུ་གང་བ་གཅིག་ལ། ། མཎྜལ་གཙང་མའི་དྲིས་བྱུགས་ལ། ། དེ་ཡི་དབུས་སུ་སྨན་གྱི་མཆོག ། བདུད་རྩི་ཅོང་ཟི་རྣམ་གསུམ་དང་། ། སེར་སྐྱ་བ་ལས་བྱུང་བ་ཡི། ། འོ་མ་བྲེ་གང་བཙགས་ནང་དུ། ། ཨ་ཤོ་ཀན་དའི་ཕྱེ་མ་དང་། ། བསྲེས་ ནས་བསྐོལ་བའི་ནང་དུ་གདབ། ། ལྕགས་ལས་བྱས་པའི་སྣོད་དུ་བླུགས། ། སྟེགས་བུའི་དབུས་སུ་བཞག་ནས་ནི། ། བྱིན་གྱིས་བརླབ་པའི་སྔགས་འདི་དག ། སྟོང་ངམ་བརྒྱ་ནི་རྩ་བརྒྱད་བཟླས། ། ཨོཾ་བཛྲ་ཨ་མྲྀ་ཏ། པ་ལ་ལིག ། པེ་ལ་ལ་ལིག་ཙན་ད་ལིག་སྭཱ་ཧཱ། དངོས་གྲུབ་བླང་བའི་སྔགས་འདིའོ། ། ཨ་མྲྀ་ཏ་སིནྡྷི་བྱི་ཙུ་རྣ་ཡ་སྭཱ་ཧཱ། པུ་ཙ་ལྷ་ཧ་ཀན། བྱིན་གྱིས་བརླབ་ཅིང་བཟའ་བ་ཡང་། །
BOཉི་མའི་གུང་ལ་བཟའ་བར་བྱ། ། དོན་དམ་ཐིག་ལེ་བདེན་པ་ལས། ། སྙིང་པོ་མེད་ལས་སྙིང་པོ་བླང་། ། རྣམ་སྨིན་འབྲས་བུ་ རིག་འཛིན་འགྲུབ། ། ནད་མེད་ལོ་བརྒྱ་འཚོ་བར་བྱེད། ། དེ་ནས་དྲང་སྲོང་ཉི་ཤུ་གཅིག ། གྲུབ་པའི་རིག་འཛིན་མཆོག་ཏུ་གྱུར། ། དེ་ཡི་འོག་ཏུ་དྲང་སྲོང་མཆོག ། {བཅྭ་,བཅོ་}ལྔ་ཡིས་ནི་བདུད་རྩི་སྨན། ། ར་ས་ཡ་ན་དམ་པ་འདི། ། ཚེ་ཡི་རིག་འཛིན་འདོད་པའི་ཕྱིར། ། གཞོན་ནུ་སྲེད་ ཅེས་བྱ་བ་དང་། ། འདྲོན་སྐྱོབ་ཅེས་ནི་བྱ་བ་དང་། ། རྩིབས་ཀྱི་མུ་ཁྱུད་ལ་སོགས་པས། ། ཆུ་བོ་གང་གཱའི་འགྲམ་དུ་བསྒྲུབས། ། ལྷ་རྫས་དགེ་བ་ཨ་རུ་ར། ། རིགས་བདུན་ས་ལ་ལྷུང་བ་ནི། ། བརྒྱ་བྱིན་བདུད་རྩི་འཐུང་བའི་ཚེ། ། ཐིགས་པ་བདུན་ནི་ཁ་ནས་ལྟུང་། ། རླུང་གིས་ཁྱེར་ཏེ་ས་ལས་ སྐྱེས། ། བདུད་རྩིའི་གཙོ་བོར་རབ་ཏུ་གྲགས། ། རླུང་དང་མཁྲིས་པ་བད་ཀན་དང་། ། འདུས་པའི་ནད་དང་དུས་ཀྱི་ནད། ། དུས་མིན་འཆི་ལས་ཐར་བར་བྱེད། ། རླུང་མཁྲིས་བད་ཀན་འདི་ཀུན་ཡང་། ། གཅིག་ལའང་ལྔ་ལྔ་ཡོད་པར་བཤད། ། དེ་ཀུན་རབ་ཏུ་བསལ་བའི་ཕྱིར། ། ཕུང་ པོའི་བདུད་དང་ཉོན་མོངས་བདུད། ། ལྷ་བུ་བདུད་དང་འཆི་བདག་བཅོམ། །
BOབདུད་རྩི་འདི་ཡིས་སེལ་བར་བྱེད། ། ཤར་ལྷོ་ནུབ་བྱང་གང་ཡང་རུང་། ། བྲག་ཕུག་སྟོང་པ་ཡོད་པ་ལས། ། བདུད་རྩི་འཛག་པའི་ཁུ་བ་ནི། ། རིན་ཆེན་སྣ་ལྔ་འབྱུང་བའོ། ། མིང་ནི་ཤི་ལ་མཛའ་དུ་ཞེས། ། ར་ས་ཡ་ ན་བདུད་རྩིའི་མཆོག ། ཨ་རུ་ར་བརྒྱ་རྩ་བརྒྱད་དམ། ། ཡང་ན་ཉི་ཤུ་རྩ་གཅིག་གམ། ། སུལ་བུ་ཟླུམ་པོར་གྱུར་བཙོས་ཏེ། ། དེ་དག་རབ་ཏུ་བཙོས་པ་དང་། ། ལྕགས་ཟངས་འཁར་བའི་སྣོད་ནང་དུ། ། བཀང་སྟེ་སྟེགས་བུ་གོང་མ་ཡི། ། དབུས་སུ་བདུད་རྩི་སྨན་དེ་གཞག ། བྱིན་ གྱིས་བརླབ་པ་སྔ་མ་བཞིན། ། འོད་དང་དྲི་དང་བྲོ་བའང་མེད། ། རྟགས་འདི་རྣམ་གསུམ་གང་བྱུང་ཡང་། ། ལག་པ་གཡོན་པ་བཀན་ཏེ་ཕྱར། ། མཐེ་བོང་སྲིན་ལག་མཐིལ་དུ་དགུག ། བླངས་ཏེ་བཏུང་བའི་སྔགས་འདིའོ། ། ཨོཾ་ཨ་མྲཾ་ཏ་སི་ཏི་བི་ཙུརྣ་ཡ། ། ལྷ་ཧ་ཀན་ཞེས་ བརྗོད་དོ། ། དེ་ཡི་ཡོན་ཏན་བརྗོད་མི་ལང་། ། རྡོ་རྗེ་བྲག་དང་འདྲར་འགྱུར་ཏེ། ། ནད་མེད་རྟག་ཏུ་དར་ལ་བབ། ། གྲུབ་པའི་རིག་འཛིན་དམ་པར་འགྱུར། ། སྲིད་པ་ཆགས་ནས་སྲུབས་ཤིང་གིས། ། བསྲུབས་པའི་འབྲས་བུ་རིན་པོ་ཆེ། ། མེ་ཤེལ་ཆུ་ཤེལ་གཉིས་བྱུང་བ། ། དེ་ཡང་ཐབས་དང་ཤེས་རབ་སྟེ། ། ཉིན་མཚན་གཉིས་ལ་དབང་བྱེད་པའོ།
BO། དེ་ཉིད་ཟུང་ཡང་འཁོར་དུ་བཅས། ། དེ་ནས་བདུད་རྩི་ཟགས་པ་ནི། ། ས་དམན་དག་ཏུ་མི་སྐྱེ་སྟེ། ། ཨ་ལ་བེ་ཏས་སར་ཀལ་བ། ། ལྷ་དང་དྲི་ཟ་གནོད་སྦྱིན་དང་། ། རིན་ཆེན་སྣ་ཚོགས་འབྱུང་ཁུངས་ གནས། ། ལེགས་ལྡན་གངས་རི་གཉན་གྱི་ཤོད། ། རི་བྲག་ཆུ་ཀླུང་བགེགས་གནས་སུ། ། ལྷུང་ནས་བབས་ཏེ་སྐྱེས་པ་ནི། ། ཨྃ་ལི་ཀ་དང་བྲིས་རྩི་ཀ ། ཉི་མ་གཟི་བརྗིད་ལྡན་པའི་ཆུ། ། ཨ་ལ་བེ་ཏ་སར་སྲ་ཀལ་བ་བྲྀཀྵ་འབྲུ། ། དེ་བཞིན་ཟླ་བ་གཟི་ལྡན་ཆུ། ། དེ་ཡི་ས་བོན་ལྷུང་ བ་ནི། ། གསེར་མདོག་བདུད་རྩི་འདྲ་བར་གསལ། ། དམར་བ་མེར་བླུགས་པུས་བུས་ཟེར། ། གཟུགས་བཟང་མཛེས་པ་ཕུན་སུམ་ཚོགས། ། ཚེར་མ་རྣོ་བ་དཔལ་དང་ལྡན། ། བདུད་རྩི་ཤིང་དང་འབྲས་བུར་ལྡན། ། དུག་རྣམས་འཇོམས་ཤིང་སླར་ཡང་ཟློག ། སྣ་ཚོགས་ ནད་རྣམས་སེལ་བར་བྱེད། ། ཉི་མའི་འོད་དང་ཟླ་བའི་མདོག ། རོ་ཡང་རྣམ་པ་སྣ་ཚོགས་ལྡན། ། རཀྟའི་གཙོ་བོར་འདི་སྦྱོར་ཅིག ། ཚངས་པ་ཚེ་དང་ལྡན་པར་འགྱུར། ། ཉི་མ་ཟླ་བའི་དངོས་གྲུབ་ཐོབ། ། ར་ས་ཡ་ནའི་གཙོ་བོ་ཡིན། ། དེ་ནས་དྲང་སྲོང་གཞོན་ནུ་སྲིད། ། ཁྱབ་ འཇུག་སྤང་གཉིས་བྱ་བ་ཡི། ། རྭ་ཡི་གཞུ་ཐོགས་མི་སྲུན་པ། ། ལག་ན་མཚོན་ཆ་སྣ་ལྔ་ཐོགས།
BO། དེ་ཡིས་སྲིད་པ་ཆགས་པའི་བཅུད། ། བདུད་རྩི་རྣམ་ལྔ་བསྐུས་པ་ལས། ། ཁ་ནས་ཐིགས་གཉིས་ས་ལ་ལྷུང་། ། དེ་ནས་བདུད་རྩི་དམ་པའི་མཆོག ། ར་ས་ཡ་ན་ཕྱི་མའི་ རྒྱུ། ། བུ་མོ་བཟང་མོ་གཅིག་ཏུ་གྱུར། ། ཆུ་ཀླུང་གང་གཱའི་བྱེ་མ་ལ། ། ཡོད་དེ་སྐྱེ་བ་བསྟན་པ་ནི། ། ཉེའུ་ཤིང་རམ་ཉེའུ་ཞེས་བྱའོ། ། འགན་ཏ་ཀུ་ལེ་པར་པ་ཏ། ། གནད་པྲི་ཡ་ཀུ་མ་ཧ་གོ་ན་སིག་ཧ་མ་ཁ། ། ཚེར་མ་ཡར་ལྟ་མར་ལྟ་བའོ། ། དེ་ལ་ལྷ་བྲན་ཚོགས་ཀུན་ གྱིས། ། བསྐོར་ཞིང་མཆོད་པ་བྱེད་པ་ཡིན། ། སྟོན་ཟླ་ཐ་{ཆུངས་,ཆུང་}དཔྱིད་ཟླ་འབྲིང་། ། ཉ་ཡི་ཚེ་ན་བཙལ་བར་བྱའོ། ། བཙལ་བའི་ཐབས་ནི་འདི་ལྟར་རོ། ། བྱིས་པ་ལོ་དྲུག་ལོ་བདུན་པ། ། ཁྲུས་བྱས་དར་ལྡན་གོས་བསྐོན་ནས། ། ཤར་ཕྱོགས་ངོས་སུ་ཁ་བལྟས་ཏེ། ། ལྷ་ཕྱག་ལན་གསུམ་བྱས་ནས་ནི། ། དེ་དག་རྩ་ནས་དབྱུང་བའི་སྔགས། ། ཏདྱ་ཐཱ་ཤོ་ཧོད་ག་ཏེ་ད་རེ་སྭཱ་ཧཱ། ཕྱག་འཚལ་བདུད་རྩི་མཆོག་ཁྱོད་ལ། ། ཕྱག་འཚལ་བདུད་རྩི་ལས་འབྱུང་བ། ། སྟོབས་དང་གཟི་བརྗིད་འཕེལ་མཛད་མ། ། རང་འབྱུང་སྟོན་པའི་བཀའ་བཞིན་དུ། ། ལྷ་མོ་ཁྱོད་ ནི་དབང་གྱུར་ཅིག ། ཁུ་བ་ར་ས་ཡ་ནའི་མཆོག ། དངོས་གྲུབ་མཆོག་ཏུ་ཉེ་བ་ཁྱོད། །
BOཚེ་དང་སྟོབས་ནི་བདག་སྩོལ་ཅིག ། ཡེ་ཤེས་ཐམས་ཅད་གསལ་བར་མཛོད། ། ཤུན་ལྤགས་དང་ནི་རྒྱུས་པ་བསལ། ། ཐོ་ཏོ་བསྙིལ་ཏེ་སླར་ལ་སྦའོ། ། སྙིང་པོ་བརྡུངས་ལ་ཁུ་བ་ཡང་། ། རས་ནི་སར་པའི་ནང་དུ་བཙིར། ། བདག་ཉིད་ལུས་ཀྱང་ཁྲུས་བྱས་ཏེ། ། དར་ལྡན་གོས་{བཟངས་,བཟང་}གྱོན་ནས་ནི། ། སྨན་དུ་བསྒྲུབ་པའི་འཇབ་ལ་འཇུག ། བསྙེན་དང་འཛབ་བསྒོམ་བྱས་ནས་ནི། ། སྟོང་ངམ་འབུམ་མམ་ཅི་ནུས་བཟླས། ། བཟའ་བའམ་ཡང་ན་འཐུང་བའི་ཚེ། ། ཉུག་ཆུ་བ་ཡི་འོ་མ་བཏུང་། ། ཡང་ན་ཕྱེ་མ་མཆོག་ཏུ་བགམ། ། བཟའ་ཞིང་བཏུང་བའི་སྔགས་འདིའོ། ། ན་མ་ཛ་ར་ཨ་ག་ཛ་ཏུ་སྭཱ་ཧཱ། ཞག་གམ་ཟ་མ་རེ་རེ་ཡང་། ། སྲང་རེའི་ཆ་ནས་བསྐྱེད་དེ་བཟའ། ། ཟོས་པའི་ཡོན་ཏན་འདི་རྣམས་སོ། ། ལུས་ངག་ཡིད་གསུམ་ དབང་པོ་གསལ། ། བདུད་རྩི་འདི་དག་སུ་འཐུང་བ། ། ཇི་ལྟར་ལྷ་རྣམས་འཆི་མེད་ལྟར། ། ཀླུ་རྣམས་ལ་ནི་སྨན་བཞིན་ནོ། ། ཤིང་རྣམས་ལ་ནི་ཆུ་བཞིན་ནོ། ། མེ་ཏོག་ལ་ནི་ཟླ་བ་བཞིན། ། ལོ་ནི་ལྔ་བརྒྱ་ལོན་བར་དུ། ། བཅུ་དྲུག་མདོག་ནི་གཞོན་ནུ་འདྲ། ། ནད་མེད་རྟག་ཏུ་དར་ལ་བབ། ། སྟོབས་ཀྱང་གླང་པོ་ཆེ་དང་འདྲ། ། མངོན་ཤེས་ལྔ་དང་ལྡན་པར་འགྱུར། ། འོ་མ་དག་དང་བཏུང་བའམ། །
BOམར་ཁུའམ་སྦྲང་རྩི་དག་དང་བཏུང་། ། ཞག་གཅིག་ཟོས་ན་ཡོན་ཏན་བཅུ། ། ཞག་བདུན་ཟོས་ན་ཡོན་ཏན་བརྒྱ། ། ཉི་ཤུ་རྩ་གཅིག་ཟོས་ན་ནི། ། བརྒྱ་རྩ་བརྒྱད་འདིས་ཐོབ་པར་ འགྱུར། ། བུད་མེད་སྟོང་ལ་ཁྱབ་པར་སྦྱོར། ། ས་བོན་མི་ཟད་འབྲས་བུ་ཡང་། ། བུ་ཕོར་འཕེལ་ཞིང་དཔའ་དང་ལྡན། ། མི་རྣམས་ཀྱིས་ནི་མི་སོད་དོ། ། ཟླ་གཅིག་ཟོས་ན་ཡོན་ཏན་ནི། ། ངོ་ཡང་ཟླ་བ་ཉ་བ་བཞིན། ། གནོད་སྦྱིན་སྲིན་པོས་མི་སོད་དོ། ། ལྷ་རྣམས་ཀུན་དང་མཉམ་པར་འགྱུར། ། ཟག་པ་ཟད་ནས་ནམ་མཁར་འཕུར། ། རྡོ་རྗེ་འགྲོས་ཀྱིས་ནམ་མཁར་འགྲོ། ། རིགས་འཛིན་གོ་འཕང་འདིར་ཐོབ་བོ། ། འདྲེས་པ་གང་ཟག་མི་ཡི་ཟས། ། ཟོས་ན་དངོས་གྲུབ་མི་ཐོབ་ངེས་ཞེས་ལུང་དུ་བཀའ་སྩལ་ཏོ། ། དེ་ནས་དྲང་སྲོང་ཏྲག་ཤ་ན། ། རྒྱལ་པོ་ཤེས་ཉེན་ཅན་ཞེས་ བྱ། ། ལྷ་དང་དྲང་སྲོང་ཐམས་ཅད་ལ། ། མཆོད་སྦྱིན་རྒྱ་ཆེན་བྱས་པ་ལས། ། མ་ཧཱ་དེ་བ་ལྷ་ཆེན་པོ། ། ཀུན་གྱི་འཇུག་ཏུ་སྤྱན་དྲངས་པས། ། ལྷ་ཆེན་དྲག་པོ་དེ་ཁྲོས་ཏེ། ། ལྷ་ཆེན་དེ་ཡི་དཔྲལ་བ་ལས། ། མིག་གཅིག་ལྷག་པར་བྱུང་བ་སྟེ། ། ལྷ་དང་དྲང་སྲོང་ཐམས་ཅད་ལ། ། རླུང་མཁྲིས་ བད་ཀན་སྣ་ཚོགས་དང་། ། དེ་བཞིན་མི་ལ་རིམས་ནད་དག །
BOརླུང་ལྷའི་ལག་པར་བསྐུར་ནས་གཏོར། ། ལྷ་དང་དྲང་སྲོང་མང་པོས་ཀྱང་། ། མ་ཤེས་མ་ཚོར་མྱོས་པར་འགྱུར། ། ཕྱེ་མའི་རྒྱལ་པོ་འདབ་མ་འདི། ། ས་སྟེངས་ཁྱབ་པར་སྐྱེས་པ་ལ། ། དྲང་སྲོང་རྣམས་ཀྱང་མཆོད་པ་ བྱེད། ། ལུག་མིག་མེ་ཏོག་ཆེན་པོ་འདི། ། ར་ས་ཡ་ནའི་རྒྱལ་མོ་སྟེ། ། བ་ཡི་འོ་མ་དག་དང་བསྐོལ། ། རྔུབས་གཅིག་འཐུངས་པས་བ་སྤུ་ལངས། ། རྔུབས་གཉིས་འཐུངས་པའི་ཡོན་ཏན་ནི། ། རིམས་ནད་ཐམས་ཅད་བྱང་བར་བྱེད། ། རྔུབས་གསུམ་འཐུངས་པའི་ཡོན་ཏན་ནི། ། མིག་ རྩ་དམར་ཞིང་མདོག་ཀྱང་གཞོན། ། ཕྱེ་མ་གྲིབ་མར་བསྐམས་པ་དང་། ། མ་ཏོ་ལ་ཡི་ཁུ་བར་སྦྱར། ། བླུད་ན་དགྲ་རྣམས་མྱོས་པར་འགྱུར། ། ལྷ་ཡིས་བསྲུངས་ཀྱང་འཆི་བར་འགྱུར། ། བྱིན་གྱིས་བརླབ་པའི་སྔགས་འདིའོ། ། སྟོང་ངམ་བརྒྱ་ནི་རྩ་བརྒྱད་བཟླས། ། ཨོཾ་སོ་འུ་གྲི་བཱ་ཧ་ན་ཧ་ན་ ཧཱུྃ། མ་ར་ཡམ་ར་ཡ། ཙེ་ཏ་ཡ་ཙེ་ཏ་ཡ་སུ་གྲི་བ་ཕཊ། བདུད་རྩི་ར་ས་ཡ་ནའི་གཙོ། ། ཤུ་དག་དང་ནི་རུ་རྟ་དང་། ། ཕྱེ་མར་བྱས་ཏེ་སུ་བླུད་པ། ། རྒྱལ་པོ་བུད་མེད་དབང་དུ་འགྱུར། ། འགྲི་ཧ་འགྲོ་ལོ་ཀི་དང་སྦྱར། ། དགྲ་ལ་བླུད་ན་རྣ་བ་འོན། ། ལུག་མིག་གྲིབ་མར་བསྐམས་ པ་དང་། །
BOསུ་ཏིའི་འོ་མར་སྦྱར་བ་ནི། ། དགྲ་ལ་བླུད་ན་འཆི་བར་འགྱུར། ། ལྷ་ཆེན་དྲག་པོས་བསྐྱེད་པ་འདི། ། འཇམ་དཔལ་གཞོན་ནུས་མཁྱེན་པ་ལས། ། ལྷ་དང་དྲང་སྲོང་གཞན་མི་ཤེས། ། དེ་སྐད་ཅེས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུས། མི་མཇེད་ཀྱི་བདག་པོ་ ལྷ་ཚངས་པ་དང་། དྲང་སྲོང་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། སྐལ་བ་བཟང་པོའི་མིའི་བྱང་ཆུབ་སེམས་དཔའ་ལིཙྪ་བཱི་ལ་སོགས་པ་རྣམས་ལ་བཀའ་སྩལ་ཏོ། ། དེ་ཡང་ཚེ་ཕྱི་མའམ་དུས་ཕྱི་མར་མི་སྡོད་པར། སྐལ་པ་བཟང་པོའི་འབྲས་བུ་མངོན་དུ་ཐོབ་པ་དང་། འབྲས་བུ་ཚེ་འདི་ ཉིད་ལ་སྨིན་ཏོ། ། དེ་ནས་རྩི་ཡི་ལྷ་མོ་མཆོག ། མིང་ནི་གྲུབ་པའི་བློ་གྲོས་མ། ། བུ་མོ་མུ་ལ་ཞེས་བྱ་བ། ། དེ་ཡི་ས་བོན་ལྷུང་བ་ནི། ། འཛམ་གླིང་ཤིང་གི་ནགས་ལས་སྐྱེས། ། རཀྟ་ཞེས་ནི་འདིར་གྲགས་པ། ། ར་ས་ཡ་ནའི་གཙོ་མོ་སྟེ། ། རྩ་བ་རཀྟ་མུ་ལ་ཁ། ། རྩ་བ་མེ་ཏོག་འབྲས་ བུ་རྣམས། ། མཐུན་པར་ཟད་པར་དམར་བ་སྟེ། ། འབྲས་བུ་སྲན་མ་མ་ཤ་ཙམ། ། གྱེན་དུ་ཟུག་པ་དེ་བརྐོ་བ། ། སྟོན་ཟླ་ར་བའི་ཉ་ལ་བརྐོའོ། ། སྲིད་པའི་ན་དང་ནགས་ལས་སྐྱེས། ། ཁྲག་གི་ཉུངས་མ་ཞེས་ནི་གྲགས། ། རློན་པའི་ཁུ་བ་བཙིར་བ་དང་། །
BOཔདྨའི་རཀྟ་ཆ་མཉམ་བསྲེས། ། དེ་དག་བསྒྲུབ་པའི་སྔགས་འདིའོ། ། ཨོཾ་ན་མོ་ར་ག་རཀྟ། མུ་ལ་བུ་ནེ་སྭཱ་ཧཱ། འགྲོ་བ་དབང་བྱེད་དམ་པ་ཡིན། ། རྩི་ཡི་ལྷ་མོས་བཀའ་སྩལ་ཏོ། ། མིང་གིས་མེད་དུ་མི་རུང་ངོ་། ། རྒྱལ་བུ་དོན་གྲུབ་བྱ་བ་དེ། ། མྱ་ངན་འདས་པའི་སྐུ་གདུང་ནི། ། ཤ་རི་རམ་ཞེས་གྲགས་པ་ཡིན། ། དེ་ཡི་ས་བོན་ འཕེལ་བ་ནི། ། འཛམ་གླིང་ས་སྟེངས་ཁྱབ་པར་སྐྱེས། ། མ་ཧཱ་ནི་ལེ་ཞེས་བྱ་བ། ། མིང་ནི་ཐ་སྐར་རྡོ་རྗེ་ཡིན། ། མེ་ཏོག་ཐ་སྐར་གཞོན་ནུ་སྟེ། ། སྙེ་མ་ཟུར་གསུམ་ཏིལ་གང་འདྲ། ། རྡོ་རྗེ་བྲག་ཀྱང་འཇོམས་པར་ནུས། ། ཤ་རི་རམ་དང་རུས་པ་ཡི། ། སྦྱར་བའི་འཕྲད་ཀྱི་དམ་པར་རུང་། ། མིང་གིས་མེད་དུ་མི་རུང་ངོ་། ། དེ་ཡི་ཡོན་ཏན་ཐམས་ཅད་ཀྱང་། ། རུས་པ་སྲ་མཁྲེགས་རྡོ་རྗེར་འགྱུར། ། ཕྱག་ན་རྡོ་རྗེའི་མཐུ་ཡང་མཉམ། ། ར་ས་ཡ་ནའི་མཆོག་ཏུ་གསུངས། ། དེ་ནས་ལྷ་ཡི་དབང་པོ་མཆོག ། བརྒྱ་བྱིན་བུ་ཡི་ལག་པ་རུ། ། གནོད་སྦྱིན་རྒྱལ་པོས་མདའ་བརྒྱབ་པ། ། དེ་ ཡི་དུམ་བུ་ལག་སོར་ཡང་། ། ས་སྟེངས་ཁྱབ་པར་སྐྱེས་པ་ནི། ། ལི་བྱི་ཅེ་ལག་དབང་པོ་ལག ། སྡོང་བུ་ཡལ་ག་མཛེར་པ་མེད། ། མེ་ཏོག་ཟུར་གསུམ་མདའ་སྒྲོ་འདྲ། །
BOརྩ་བ་ལག་སོར་ལྔ་པ་སྟེ། ། དབྱར་ཟླ་ཐ་{ཆུངས་,ཆུང་}ཉ་ལ་བརྐོ། ། བསྒྲུབ་པའི་ལག་མཐིལ་གཡོན་དུ་བཞག ། ར་ ས་ཡ་ན་ཐམས་ཅད་ཀྱི། ། དངོས་གྲུབ་བླང་བའི་ཕྱག་རྒྱ་ཡིན། ། དེ་ཚེ་མེད་དུ་མི་རུང་ངོ་། ། མང་དུ་འཕེལ་འགྱུར་བསྒྲུབ་རྫས་ཡིན། ། ལུས་ལ་འབྱུང་བའི་དྲི་ཆེན་དང་། ། བསྒྲལ་བའི་དྲི་ཆེན་ཡུངས་ཀར་གསུམ། ། ཆ་མཉམ་འཐུངས་ན་དུག་རྣམས་ཐུབ། ། འཆི་བྱེད་དུག་ནི་ སེལ་བའི་ཕྱིར། ། བདུད་རྩི་ཞེས་ནི་དེ་ལ་བྱའོ། ། མིང་གིས་མེད་དུ་མི་རུང་ངོ་། ། འཆི་བདག་བདུད་ཀྱང་དེས་བཅོམ་མོ། ། པུརྣ་ཞེས་བྱའི་རྣ་བ་ཡང་། ། སྲིན་པོ་པུ་རྣའི་རྣ་བ་སྟེ། ། བསྒྲལ་བའི་རྣ་བ་དག་དང་སྦྱར། ། རྣ་བའི་མངོན་ཤེས་ཐོབ་པར་བྱེད། ། མིང་གིས་མེད་དུ་མི་རུང་ ངོ་། ། བྷ་ཧུ་ལུག་མིག་མེ་ཏོག་དང་། ། མཁའ་ལྡིང་བྱ་ཡི་མིག་དང་སྦྱར། ། ཨཱ་ལ་བི་ག་ཤང་ཤང་དེའུ། ། རྨ་བྱ་ངང་པ་ཀོ་ཀི་ལ། ། འདི་རྣམས་བསྒྲལ་བའི་མིག་དང་སྦྱར། ། མིག་གི་མངོན་ཤེས་དེར་ཐོབ་སྟེ། ། སྟོབས་ལྡན་གྱི་ནི་མིག་ཡིན་ནོ། ། མིང་གིས་མེད་དུ་མི་རུང་ངོ་། ། ཙི་ཏྲ་ཀ་དང་སྙིང་ཞོ་ཤ། ། ཐམས་ཅད་གནོད་སྦྱིན་སྙིང་གི་བརླ། ། བསྒྲལ་བའི་ཙིཏྟ་དག་དང་སྦྱར། །
BOམངོན་ཤེས་ལྔ་ཡི་དངོས་གྲུབ་ཐོབ། ། མིང་གིས་མེད་དུ་མི་རུང་ངོ་། ། བུད་མེད་གོང་བཤད་འདྲ་བ་ཡི། ། ཀླད་པ་གོ་རོ་ཙ་ན་འབྱུང་། ། དེ་ནི་བན་གླང་རིགས་ཅན་ཡིན། ། བསྒྲལ་བའི་ ཀླད་པ་ཐམས་ཅད་དང་། ། ཐང་བལ་ཧཱ་ཡི་རྩ་བར་སྦྱར། ། མདངས་ཀྱི་དངོས་གྲུབ་དེས་ཐོབ་འགྱུར། ། ཧ་ལྕེ་ཀི་ཡ་ཁ་འབར་མའི། ། ལྕེ་ཡིན་པས་ན་ལྕེ་དང་སྦྱར། ། དབང་ངོ་ལྕགས་ཀྱི་དངོས་གྲུབ་དང་། ། སྤྱན་རས་གཟིགས་ཀྱི་དངོས་གྲུབ་ཐོབ། ། མིང་གིས་མེད་དུ་མི་རུང་ངོ་། ། སྲིད་པའི་བདག་ པོ་ཚངས་པའི་གཙོ། ། མིང་ནི་མགོན་བཙུན་ཕྱྭ་ཞེས་བྱའོ། ། ནལ་གྱི་བུ་ནི་ཛི་ཧྭ་ཞེས། ། སྐད་མ་ཕྱུང་གི་ལྕེ་ཞེས་བྱའོ། ། སྐད་ཕྱུང་བ་ནི་ཚངས་པ་སྟེ། ། སྐད་མ་ཕྱུང་གི་གྲུབས་པར་གཅད། ། དེ་དང་སྦྱར་བའི་འཕྲད་དུ་ནི། ། མེ་ཏོག་རྨ་ལོ་ཀྲིལ་ཀྲིལ་ཏེ། ། མིང་ནི་བ་ཡ་ས་ཡའོ། ། རྩ་བ་མ་ཧཱ་གོ་ན་ མིག ། མེ་ཏོག་གསེར་གྱི་མདུན་ཞུ་ཅན། ། ཤར་ཕྱོགས་སུ་ནི་ཁ་ལྟ་བ། ། འདིའི་ཀུན་ཧ་ལྕེ་ཀི་ཡ་སྟེ། ། ཆ་མཉམ་བཏགས་ཏེ་ཕྱེ་མར་བྱ། ། ཟླ་བ་གཟའ་ཡིས་ཟིན་པའི་ཚེ། ། ཡི་དམ་ལྷ་ལ་མཆོད་བྱ་ཞིང་། ། ཕྱེ་མ་རྒྱ་ཆང་ནང་དུ་གདབ། ། ཐང་ཅིག་ཡུད་ཀྱིས་འགྲུབ་པ་སྟེ། །
BOརྟ་མགྲིན་དབང་ གི་དངོས་གྲུབ་ཐོབ། ། བསྒྲལ་བའི་ལྕེ་ནི་ཐམས་ཅད་དང་། ། སྦྱར་བ་འཕྲད་ཀྱི་དམ་པར་རུང་། ། མིང་གིས་མེད་དུ་མི་རུང་ངོ་། ། སྣ་དང་སྣ་མའི་འབྲས་བུར་སྦྱར། ། ཚངས་པའི་གསུང་དབྱངས་སྒྲོགས་ནུས་འགྱུར། ། བསྒྲལ་བའི་སྣ་ནི་ཐམས་ཅད་སྦྱར། ། མིང་གིས་མེད་དུ་མི་རུང་ངོ་། ། དུང་དང་འབྲུག་ རུས་གདུང་དང་ནི། ། བསྒྲལ་བའི་རུས་པ་ཐམས་ཅད་སྦྱར། ། ལུས་ཀྱི་རྡོ་རྗེ་མངོན་ཤེས་ཐོབ། ། མིང་གིས་མེད་དུ་མི་རུང་ངོ་། ། རྒྱ་མཚོ་དབུ་བ་འདུས་པའི་ཆུ། ། སྣ་ཚོགས་ཆུ་དང་གངས་ཀྱི་ཆུ། ། ལན་ཚྭ་སྣ་ཚོགས་དྲི་ཆུ་རྣམས། ། བསྒྲལ་བའི་ཆུ་ནི་ཐམས་ཅད་སྦྱར། ། རྡོ་རྗེ་ཆུ་ཡི་བདུད་རྩི་སྟེ། ། རྟག་ཏུ་འགྲོ་བའི་དོན་བྱེད་ནུས། ། མིང་གིས་མེད་དུ་མི་རུང་ངོ་། ། དགོངས་པའི་དོན་དུ་སེམས་ཅན་མཐའ་དག་ལ་སྣང་བ་དང་། ནུས་མཐུའི་ཡོན་ཏན་གྱིས་སེམས་ཅན་ཀུན་ལ་ཕན་འདོགས་པར་ནུས་སོ། ། འགྲོ་བ་ཡོངས་ཀྱི་གསོས་མཛད་པར་དགོངས་ནས། བཅོམ་ལྡན་འདས་དཔལ་ ཀུན་དུ་བཟང་པོས་ཡེ་ཤེས་ཀྱི་ཐུགས་ནས་དགོངས་ནས་མགུར་གྱི་བུམ་པར་དྲིལ་ཏེ། ལྗགས་ཀྱི་དབང་པོ་ལ་བཀྲམ་སྟེ། ཞལ་འཛུམ་པ་མཛད་ནས། མཁྱེན་རབ་ཀྱི་དང་པོ་འཇམ་དཔལ་རྣོན་པོ་དང་།
BOརྡོ་རྗེ་ཆོས་ལ་བཀའ་སྩལ་ཏོ། ། འཇམ་དཔལ་གྱིས་དཀྱིལ་འཁོར་གྱི་ སྲས་མཆོག་ཉེ་བ་དང་། ཚངས་པ་དང་དྲང་སྲོང་དང་། ལྷ་དང་ཀླུ་དང་། མིའི་བྱང་ཆུབ་སེམས་དཔའ་བ་མ་ལ་གྷིར་ཏི་རྣམས་ལ་བཀའ་སྩལ་ཏོ། ། བདུད་རྩི་ཆེན་པོ་མཆོག་གི་ལུང་གི་སྡེ་ལས། སྨན་ར་ས་ཡ་ན་བསྒྲུབ་པའི་ལུང་འབུམ་སྡེ་ལས་བཏུས་པ། བམ་པོ་ ཆེན་པོ་གཉིས་པ། ། ། ། {D841-3}༄༅༅། ། རྒྱ་གར་སྐད་དུ། པྲཛྙཱ་བྷ་ག་བན་མ་ཧཱ་རཱ་ཛཱ། བོད་སྐད་དུ། བཅོམ་ལྡན་འདས་གཉིས་མེད་ཀྱི་རྒྱལ་པོ་ཆེན་པོ་ལ་ཕྱག་འཚལ་ལོ། ། དེ་ནས་སྤྱོད་པ་བསྟན་ཏེ། ལུང་ཨ་ནུ་ཡོ་ག་བ་རྫོགས་པའི་རྣལ་འབྱོར་ དུ་བསྟན་ཏེ། ལྟ་བ་དང་ནི་སྤྱོད་པ་དང་། གཟུངས་ཀྱི་མཚན་ཉིད་འདི་གསུངས་སོ། ། དེ་བཞིན་དམ་ཚིག་ཆེན་པོའང་བསྟན། ། ལས་འདི་ལུང་གིས་བསྒྲུབ་བྱ་ན། ། མི་སྤོང་བ་ནི་དང་དུ་བླང་། ། སྤྱོད་པ་དམ་ཚིག་{བཅྭ་,བཅོ་}ལྔ་བསྲུང་། ། ཤེས་པ་ལྔ་དང་བསྲུང་བ་གསུམ། ། སྟོང་རྩ་བརྒྱད་དུ་བསྲུངས་པས་ནི། ། རྩ་བརྒྱད་སྟོང་ཞེས་དེ་ལ་བྱའོ། ། དེ་ཡང་མ་ཧཱ་ས་མ་ཡ། ། བཞི་པོ་རྫོགས་ན་ཀུན་དུ་བཟང་། ། ཞི་རྒྱས་དབང་དང་མངོན་སྤྱོད་དང་། ། མནན་བཟློག་དྲུག་ནི་གཅིག་ཏུའོ། ། དང་ལ་ག་ནི་ལུང་བཤད་དེ། །
BOཁྲུ་ཚད་བཞི་དང་ལྡན་པ་ནི། ། ཡོན་ཏན་བཅུ་གཅིག་དང་ཡང་ལྡན། ། བཞིན་{བཟངས་,བཟང་}མིག་གི་དཀྱུས་རིང་བ། ། སྟོད་སྨད་ཕྱེད་ལ་རྐེད་པ་ཕྲ། ། ཚིགས་པ་ཟླུམ་ལ་སོར་མོ་རིང་། ། ཡོན་ཏན་འོད་ཅན་བཅུ་གཅིག་ལོ། ། ཡེ་ཤེས་རིགས་ཅན་ཡིན་པར་བཤད། ། བཅུ་གསུམ་རྡོ་རྗེ་རིགས་སུ་འགྲུབ། ། བཅུ་དྲུག་ སྔགས་པས་འགྲུབ་ངེས་པའོ། ། རིན་ཆེན་རིགས་མཆོག་ཡིན་པར་བསྟན། ། ཉི་ཤུ་གཅིག་པ་པདྨའི་རིགས། ། སྤྱན་རས་གཟིགས་དབང་རྟ་མཆོག་འགྲུབ། ། ཉི་ཤུ་རྩ་ལྔ་ལོན་པས་ནི། ། ཐོགས་མེད་བྱང་ཆུབ་སེམས་ཀྱང་འདྲེན། ། ཐམས་ཅད་ལས་ཀྱི་རིགས་མཆོག་འགྲུབ། ། སུམ་ཅུ་རྩ་གཅིག་ཕན་ཆད་ཀྱིས། ། སེམས་ཕེབས་ཚུན་ཆད་ཀུན་དུ་དགེའོ། ། ཡིད་དུ་འོང་བ་དམ་པ་ཡིན། ། བདེར་གཤེགས་རིགས་སུ་འགྲུབ་པར་བཤད། ། བདེ་ཆེན་འདུ་འབྲལ་མེད་པའི་གཟུངས། ། དེ་དག་མ་ལུས་གང་རྙེད་པ། ། ལུས་ཀྱང་ཁྲུས་བྱས་གཙང་མར་བྱའོ། ། དྲི་ཞིམ་ཙནྡན་གོ་པན་དང་། ། ཛ་ཏི་པ་ལ་ཀུ་རུ་ཚེ། ། ཀ་ཀོ་ལ་དང་ག་པུར་དང་། ། ཨ་ཀ་རུ་དང་དུ་རུསྐ། ། གི་བང་གླང་པོའི་སྤོས་རྣམས་ཀྱིས། ། བྱུགས་ནས་རྒྱན་དང་ཕྲེང་བ་གདགས། ། དར་དང་རས་བལ་འཇམ་པོ་དང་། ། གོས་རྒྱན་ཆས་བཀླུབས་བསྐོན་ནས་ནི། །
BOགསེར་ གྱི་རྣ་ཆ་གདུབ་ཀོར་དང་། ། དོ་ཤལ་དཔུང་རྒྱན་སེ་མོ་དོ། ། རིན་ཆེན་སྣ་ཚོགས་རྒྱན་དུ་གདགས། ། ཇི་བཞིན་བདེ་བའི་སྟན་དག་ལ། ། གཡོན་ཕྱོགས་སུ་ནི་གཞག་པར་བྱ། ། བསྙེན་པ་དང་ནི་ཉེ་བསྙེན་དང་། ། བསྒྲུབ་དང་བསྒྲུབ་ཆེན་བྱ་བ་ནི། ། དཀྱིལ་འཁོར་འདོམ་ གང་གྲུ་བཞི་པ། ། འཕང་དུ་སོར་བཞིའི་ཚད་དུ་བྱ། ། རྡོ་རྗེ་དྲི་ཆུས་མཎྜལ་བྱུགས། ། ཤ་ཆེན་གུ་གུལ་པོག་གིས་བདུག ། དཀྱིལ་འཁོར་དེ་ལ་བསྐོར་ཏེ་འདུག ། གཡོན་དུ་དེ་ཕྱི་བཞག་ནས་ནི། ། བྷ་ག་དེ་ཉིད་བྱིན་གྱིས་བརླབ། ། སྤྱི་བོར་ཨོཾ་དཀར་འོད་ལྡན་པ། ། ལྕེ་ལ་ཨྃཿདམར་དམ་པ་བསམ། ། སྙིང་གར་ཟླ་དཀྱིལ་ཧཱུྃ་མཐིང་ག ། ལྟེ་བར་སྭ་སྔོན་འོད་ལྡན་པ། ། རྐང་པར་ཧ་ལྗང་འོད་ལྡན་པ། ། བ་ལས་པདྨའི་དབྱིངས་སུ་ཡང་། ། གྲུ་གསུམ་མེ་འོད་འབར་བ་བསམ། ། ཉོན་མོངས་ལྔ་རྣམས་སྦྱང་བ་དང་། ། སྡུག་བསྔལ་ལྔ་ནི་ཚར་གཅད་ཕྱིར། ། ལག་ གཡས་གཞན་གྱིས་མི་ཐུབ་མ། ། གཡོན་པ་རོ་ལངས་ཆེན་མོ་སྟེ། ། དེ་ཡི་ཁ་ལ་ཁྲོ་གཉེར་མ། ། རལ་པ་གཅིག་མ་པདྨ་ལའོ། ། གསང་ཡུམ་ལྔ་དང་ཁྲོ་མོ་བཞི། ། བྱིན་གྱིས་བརླབས་ཏེ་སྔགས་བཟླས་པ། ། ཨོཾ་ཨྃཿཧཱུྃ་སཱ་ཧཱ། བྷ་ག་བན་ནི་ཉིད་ཀྱི་བཀའ། །
BOཕྱག་རྒྱ་བཞི་རུ་ བདག་གྱུར་པས། ། གཉིས་སུ་མེད་པར་མཉམ་སྦྱར་ནས། ། ལྷ་ཡི་བདུད་དམ་ཕུང་པོའི་བདུད། ། ཉོན་མོངས་བདུད་དང་འཆི་བདག་བཅོམ། ། ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། ། མཁའ་ལ་སེམས་ཕེབས་འཕྲོས་པའི་ཚེ། ། བྱང་ཆུབ་འཁོར་བ་མྱ་ངན་འདས། ། གཉིས་སུ་མེད་པའི་སར་ ཕྱིན་ནོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། སངས་རྒྱས་སེམས་ཅན་ཐམས་ཅད་དང་། ། མཚན་མར་བཏགས་པ་ཐམས་ཅད་ཀུན། ། བདེ་ཆེན་ཉིད་ལས་གཞན་མ་ཡིན། ། བདེ་ཆེན་ཉིད་ལས་གཞན་པའི་ཆོས། ། སངས་རྒྱས་ཉིད་ཀྱིས་མི་མཁྱེན་ཏོ། ། ཕྱི་ནང་ མ་ལུས་སྣོད་བཅུད་ཀྱང་། ། བྱང་ཆུབ་སེམས་སུ་རྣམ་དག་པས། ། སྐྱེ་མེད་ཡེ་ཤེས་ཡུམ་གྱི་དབྱིངས། ། གཉིས་མེད་བདུད་རྩི་ཆེན་པོ་སྟེ། ། ཡབ་ཡུམ་བདེ་བའི་ངང་དུ་གསལ། ། འདི་ནི་སྙིང་པོ་བྱང་ཆུབ་སེམས། ། བདེར་གཤེགས་ཀུན་གྱིས་བཀའ་སྩལ་ཏོ། ། ལུས་ཀུན་ཡོངས་སུ་ འཁྱུད་པ་ཡིས། ། རྡོ་རྗེ་པདྨར་ལྡན་བྱས་ནས། ། རང་འབྱུང་རྣམས་ནི་བདེ་མཆོག་སེམས། ། ཕུལ་བས་མྱུར་དུ་གྲུབ་པ་ནི། ། ཨོཾ་ར་ག་པཱུ་ཛ་ཧོ། དངོས་གྲུབ་བླང་ཞིང་འདི་བརྗོད་དོ། ། བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཏེ། ། དངོས་གྲུབ་བསྒྲུབ་པ་ལ་གཟུད་དོ། །
BOབདུད་རྩི་ ཆེན་པོ་མཆོག་གི་ལུང་གི་ནང་ནས། བསྒྲུབ་པ་ཆེན་པོའི་ལུང་དང་། གཟུངས་ཀྱི་མཚན་ཉིད་དང་། སྦྱོར་བའི་མན་ངག་དང་། གཱ་ན་བསྒྲུབ་པའི་ལུང་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་དང་། ཨ་མྲྀ་ཏ་གྲུབ་པའི་ལུང་སྟེ། བམ་པོ་ཆེན་པོ་གསུམ་པ། ། ། ། {D841-4}རྒྱ་གར་སྐད་དུ། སྟ་ན་མ་ཧཱ་དར་པཉྩ། བོད་སྐད་དུ། འབྲས་བུ་ཆེན་པོ་ལྔ་བསྒྲལ་བའོ། ། དཔལ་ཆེན་ཁྲོ་རྒྱལ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། ། མི་ཕྱེད་དང་བས་ཕྱག་འཚལ་ན། ། དེ་ནས་སྟ་ནའི་ལུང་བཤད་དེ། ། ཡེ་ནས་རྒྱུ་ཉིད་དག་པ་ལས། ། ང་ དང་བདག་ཏུ་འཛིན་པ་ཡིས། ། ཁམས་གསུམ་འཁོར་བའི་རྒྱུ་རུ་གྱུར། ། ཁམས་གསུམ་དེ་དག་བསྒྲལ་བའི་ཞིང་། ། ཨཱ་ས་མ་ཙ་ལ་དྷ་རྨ་དྷ་ཏུ། སྭ་བྷ་བ་ཨཱཏྨ་ཀོ྅ཧྃ། རྃ་ཡྃ་ཁྃ་ཏ་ཐ་ཕཊ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། མི་གཡོ་ཕྱག་རྒྱ་ཆེན་པོའི་ངང་། ། དབང་ཕྱུག་ཆེན་པོའི་བསྒྲལ་ཐབས་ནི། ། འཚོ་བའི་བདག་པོའི་ཚེ་དང་སྲོག ། ཐུགས་རྗེའི་ངང་དང་ཤེས་རབ་དང་། ། ཐབས་ལ་མཁས་པའི་བྱིན་བརླབས་ཀྱིས། ། འགྲོ་བ་ཐམས་ཅད་སྦྱོང་བར་མཛད། ། བདུད་དང་གཤིན་རྗེ་འཁོར་བཅས་ཀུན། ། གཉིས་མེད་ཕྱག་རྒྱར་རོལ་པ་ ཡིས། ། དུས་ལ་བབ་པོ་སམ་ཡ། །
BOཨོཾ་སརྦ་པཱ་པ་ཀར་ཧེ་ཧ་ས་སི་སྟམ། ཏྲོྃ་ཀ་རུ་ནི་ཧཱུྃ་ཛ་ཛ། མ་ཏང་གི་ནི་རྣམ་ཤེས་དེ། ། ངེས་པར་གཟུགས་ལ་ཕབ་ནས་ནི། ། ཊ་ཀི་ཞལ་ནི་ནུབ་ཏུ་བསྟན། ། དབང་དུ་བསྡུ་བའི་ལས་མཛད་ཀྱིས། ། སངས་རྒྱས་ཀུན་གྱི་བྱིན་གྱིས་རློབས། ། ཁམས་གསུམ་མ་ལུས་བསྒྲལ་བའི་ཞིང་། ། སྟ་ན་ཆེན་པོ་བྱ་བའི་ཕྱིར། ། བདེར་གཤེགས་མང་པོ་ཀུན་འདུས་ཤིང་། ། བྱམས་དང་སྙིང་རྗེ་ལྡན་པ་ཡིས། ། ཉོན་མོངས་འཁོར་བའི་རྒྱ་དྲལ་ཏོ། ། གནས་ཀྱི་སྒོ་འདི་སུ་ཡིས་བཅད། ། སེམས་ཀྱི་བདག་པོས་བཅད་དམ་ཅི། ། གཟུང་འཛིན་རྐང་པ་བསྣོལ་བ་ཡིས། ། ཡུལ་ལས་འདས་པའི་སྒོ་ཕྱེ་ཤིག་ཞེས་བརྗོད་དེ། སྒོ་དབྱེའོ། ། ཀ་ཏ་རི་ཀ་ན་པྲ་བེ་ཤ། ། གཡོན་པའི་ཞབས་ཀྱིས་རུ་ཏྲའི་གཟུགས། ། གནས་ཀྱི་སྒོ་འདི་བཅད་བཞིན་དུ། ། བདེ་བར་གཤེགས་པའི་སྐྱབས་སུ་གསོལ། ། ཤི་ བའི་སྡུག་བསྔལ་འདིར་བྱུང་ངོ་། ། ཞེས་ལྷ་ཆེན་པོ་བརྒྱད་ཀྱིས་དུས་གཅིག་ཏུ་ཚིག་དེ་སྨྲས་སོ། ། ཊ་ཀི་བརྒྱད་ཀྱིས་བཀའ་སྩལ་པ། དྲེགས་པ་མ་རུངས་ལྷ་ཆེན་ཁྱོད། ། སེམས་ཀྱི་སྒོ་ཀུན་ད་དབྱེ་ཡིས། ། རྡོ་རྗེ་འབར་བའི་སྤུ་གྲི་ཡིས། ། གནས་ཀྱི་སྒོ་ཀུན་དེས་ཕྱེ་ནས། ། སེམས་ཀྱི་བདག་པོས་གཟུང་བར་བྱ། །
BOསྟོན་པས་གསུངས་པ། སྐྱེ་བའི་རྐྱེན་གྱིས་འཆི་བ་ཡིན། ། སྡིག་པའི་རྐྱེན་གྱིས་བཅོམ་པས་འཆི། ། བདག་ཀྱང་དངོས་པོར་ལྟ་བས་འཇིག ། ང་ཡི་བསྟན་པ་འདི་ལ་གཟུང་། ། འོན་ཀྱང་འཆི་བའི་སྡུག་བསྔལ་བྲལ། ། གཟུགས་ འཛིན་རྐང་ལག་ཡུལ་ལས་བཟླས། ། ཕོ་མོ་བསྣོལ་ཏེ་མནན་པ་ཡང་། ། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། ། རྐང་པ་བྱང་ཤར་མཚམས་སུ་བརྐྱང་། ། ཊ་ཀིའི་ཞབས་ནི་གཡས་པ་ཡིས། ། རུ་ཏྲ་ལིང་གའི་སྟེང་དུ་མནན། ། དེ་ལྟར་ལིང་ག་མནན་བྱས་ནས། ། ཐར་ བྱེད་ཆེན་པོའི་འགྱིང་སྟབས་ཀྱིས། ། རྔོམ་བརྗིད་ཆེན་པོས་འདི་སྐད་དོ། ། ས་མ་ཡ་ཀེ་ཤ་ཙི་ཏ་ཛྭ་ལ་ཧཱུྃ་ཕཊ། ཞེས་མནན་ནོ། ། མ་ཧཱ་དེ་བ་རུ་ཏྲ་ཛ་ཞེས་པ་དང་། ཁམས་གསུམ་ནས་འབྱུང་སེམས་ཅན་རྣམས། ། རྡོ་རྗེ་སྐུ་ཡི་ཁྱད་པར་གྱིས། ། འོད་ཟེར་ ཚུལ་དུ་བསྡུས་ནས་ནི། ། དེ་དག་བདག་གིས་གཟུགས་ལ་གཟུང་། ། སྤྲོ་བ་རྡོ་རྗེ་ཐམས་ཅད་ཀྱིས། ། སྐུ་དང་ཡེ་ཤེས་མཆོག་གིས་བྱའོ། ། ཐར་པའི་ལམ་འབྱེད་དཀྱིལ་འཁོར་འདིར། ། བྲོད་པ་ཅན་རྣམས་འོང་བ་ལྟར། ། སྐལ་དང་ལྡན་པ་རིགས་ཀྱི་བུ། ། བདེ་བར་འོངས་པ་ལེགས་ཏེ་འོངས། ། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། ། རྩེ་རྒྱལ་བསྟན་པའི་གནས་ཆེན་འདིར། །
BOབོ་དྷི་ཙིཏྟའི་དབྱིངས་ཉིད་དུ། ། ཁམས་གསུམ་འཁོར་བ་ཀུན་བསྡུའོ། ། ཆོས་ཉིད་སྐྱེ་འགག་མེད་པ་ལ། ། བདེ་བར་གཤེགས་དང་འགྲོ་བ་ཞེས། ། དབྱིངས་སུ་ གཅིག་པས་གཉིས་སུ་མེད། ། ཀུན་ཀྱང་ངོ་བོ་མཉམ་ཉིད་དེ། ། ཐམས་ཅད་སྙིང་པོ་བྱང་ཆུབ་སེམས། ། མ་སྐྱེས་པས་ན་འགག་པ་འཇིག ། བདག་ཉིད་མེད་ན་མཉམ་པའི་སྐུ། ། ཐུགས་རྗེ་ཆེན་པོ་ཅིར་མི་མཛད། ། ཡེ་ནས་དེ་ལྟར་གནས་བཞིན་དུ། ། སེམས་ཅན་མ་རིག་ རྨོངས་པའི་བློས། ། བདག་དང་བདག་གིར་སོ་སོར་འཛིན། ། རྟག་ཆད་མཐའ་གཉིས་མ་སྤངས་ཏེ། ། ནོར་པས་བཏགས་པའི་ཕུང་པོ་ལྔ། ། ལོག་རྟོག་ཕྱིན་ཅི་ལོག་བཞེས་བཅིངས། ། ཉོན་མོངས་སྡུག་བསྔལ་རྒྱུ་བསགས་ཏེ། ། འཁོར་བའི་རྒྱུད་ལྔ་ཁ་བྲིམས་པས། ། མྱ་ ངན་མི་འདའ་ཡུན་{རིངས་ཏེ,རིང་སྟེ}། ། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། ། འཁྲུལ་པའི་བག་ཆགས་བག་ལ་ཉལ། ། བདེ་འགྲོའི་ལམ་ལ་བསྒྲིབས་པའི་རྣམས། ། འཁོར་བའི་ལམ་ལྔ་རྒྱུན་གཅད་ཕྱིར། ། ངན་སོང་རྣམ་པར་སྦྱོང་བའོ། ། མ་ཐ་མ་ཐ་སརྦ་པྲེ་ཏག་ཏི་ཧེ་ཏ་ཧུྃ་ཕཊ། པ་ ཙ་པ་ཙ་སརྦ་ཏི་ར་ཡག་ཏེ་ཧེ་ཏ་ཧུྃ་ཕཊ། ད་ཧ་ད་ཧ་སརྦ་ན་ར་ག་ཏེ་ཧེ་ཧུྃ་ཕཊ། དེ་ལྟར་ངན་སོང་རྣམ་སྦྱངས་ཏེ། །
BOསྡུག་བསྔལ་གསུམ་གྱི་སྒོ་གཅད་ཕྱིར། ། རྃ་ཡྃ་ཁྃ་ཞེས་བརྗོད་ལ། ཡེ་ཤེས་འབར་བའི་མེས་བསྲེགས་ཏེ། ། མཚན་ཉིད་མེད་པར་སྟོང་པར་འགྱུར། ། དུས་ལ་བབ་ པའི་སེམས་ཅན་དེ། ། ལས་ལ་བབ་པའི་རྣལ་འབྱོར་པས། ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདིར། ། ཐུགས་རྗེ་ལྕགས་ཀྱུས་བཀུག་ནས་ནི། ། སྐལ་དང་ལྡན་པའི་རྣམ་ཤེས་དེ། ། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། ། སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་བཀྱེ། ། གསུང་གིས་སེམས་ ཅན་མཐའ་དག་གྲོལ། ། ཐུགས་ནི་ཚད་མེད་བཞི་དང་ལྡན། ། ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ། ། ཚེ་དཔག་མེད་པར་དབང་བསྐུར་ནས། ། ཡང་དག་ཉིད་ལ་ཡང་དག་སྒྲོལ། ། ཡང་དག་བསྒྲལ་ན་བདེ་ཆེན་ཐོབ། ། མི་ལྡོག་ས་ལ་ངེས་པར་ཕྱིན། ། ཕྱིན་པ་ཙམ་གྱིས་དབང་ཐོབ་ནས། ། རྒྱལ་ བའི་ཞིང་ཁམས་དབྱིངས་ཉིད་མཐོང་། ། རྒྱུ་དྲུག་གནས་སུ་མི་སྐྱེ་ཕྱིར། ། དཔའ་བོ་འབྲུ་ལྔས་ལམ་ལྔ་དགག ། ཨོཾ་ཨྃ་ཧཱུྃ་སྭཱ་ཧཱ། འོག་མིན་དགའ་ལྡན་ལྷ་ཡུལ་དུ། ། ཡེ་ཤེས་རླུང་གིས་བཏེགས་ནས་ནི། ། སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་། ། ཨ་ནྲི་སུ་ཏྲི་པྲི་དུ། གང་ཡང་ རུང་བའི་རྣམ་ཤེས་དེ། ། གསང་བའི་དབྱིངས་སུ་ཧཱུྃ་གིས་བསྡུ། །
BOསྐུར་བསྐྱེད་ཡེ་ཤེས་སྐུར་སྤྲོས་ཏེ། ། དབྱིངས་དང་ཡེ་ཤེས་ལྷུན་གྲུབ་པས། ། སངས་རྒྱས་ཞིང་ས་རབ་འབྱམས་དང་། ། བདེར་གཤེགས་ཕོ་བྲང་དཀྱིལ་འཁོར་དུ། ། རྫུ་འཕྲུལ་ཞབས་དང་ལྡན་པ་ཡིས། ། འཕགས་ པའི་ལམ་དུ་རླུང་ཞུགས་ནས། ། ཆོས་ཀྱི་འཁོར་ལོ་སྐོར་ཞིང་གཤེགས། ། འཇིག་རྟེན་ལྷ་ཡི་གཙོ་བོ་དང་། ། ཉན་ཐོས་དགྲ་བཅོམ་རང་རྒྱལ་དང་། ། ས་བཅུའི་བྱང་ཆུབ་སེམས་དཔའ་ཡིས། ། འཇིག་རྟེན་འདས་པའི་མཆོད་པས་མཆོད། ། སྟུག་པོས་བརྒྱན་པའི་ས་འདས་ནས། ། པདྨ་སྤྱན་གྱི་ས་ལ་བཞག ། འཆི་བ་མེད་པའི་ཆོས་སྐུ་ཐོབ། ། སྟོང་གསུམ་མ་ལུས་བཏོན་པ་བས། ། འབུམ་གྱི་ཆར་ཡང་མི་ཕོད་དེ། ། རང་སེམས་མ་བཅོས་ཡེ་ནས་ཆུབ། ། སྐྱེས་བུ་ཆེན་པོ་རྣལ་འབྱོར་གྱིས། ། བསྒྲལ་བ་འབའ་ཞིག་སྙིང་རྗེའི་མཆོག ། དེ་ནས་མ་ཏྲང་རུ་ཏྲ་དེ་བསྒྲལ་ ཏེ། སྔོན་འབྱུང་བ་ཡི་གླེང་གཞི་དང་། གཏན་ཚིགས་སུ་དགོངས་ནས། ཕྱི་རབས་ཀྱི་སྔགས་འཆང་རྣམས་ཡིད་ཆེས་པར་བྱ་བ་དང་། དད་པ་ཅན་གྱི་རྣལ་འབྱོར་པ་རྣམས་དྲང་བའི་ཕྱིར། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། མ་མོ་ཆེན་མོ་བརྒྱད་དང་། རང་འབྱུང་གི་ མཆོད་རྟེན་ཆེན་པོ་བརྒྱ་ད། འདི་མན་ཆད་གཏན་ཚིགས་དང་བཅས་ཏེ་བསྟན་ཏོ།
BO། གོང་དུ་བསྒྲལ་བའི་བསམ་རྒྱུད་ནི་འོག་ནས་ཞིབ་ཏུ་བསྟན་ནོ། ། འདི་ཡང་བསྣོར་ཏེ་ལུང་དཀྱུས་ནས་བསྟན་ནོ། ། བདུད་དང་དབང་ཕྱུག་གཤིན་རྗེ་དེ། ། ཐུགས་རྗེ་ཚད་མེད་བཞེས་བསྒྲལ་ནས། ། རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། ། འཛམ་བུའི་གླིང་ལོའི་གླིང་ཁམས་སུ། ། བོར་ནས་ས་གཞིར་གྱུར་པ་ནི། ། དུར་ཁྲོད་ཆེན་པོ་བརྒྱད་དུ་གྱུར། ། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། ། རྐང་པ་བྱང་ཤར་མཚམས་སུ་བསྟན། ། ལག་པ་གཉིས་ནི་གཡས་གཡོན་བརྐྱང་། ། མགོ་ དང་ལུས་སྙིང་ཡན་ལག་ཀུན། ། གནས་ཀྱི་དུར་ཁྲོད་ཆེན་པོ་བརྒྱ་ད། ། དེ་ནི་དཔལ་ཆེན་བཞུགས་གནས་ཡིན། ། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། ། རོ་ཡི་སྲུང་མ་ཆེན་མོ་ནི། ། མ་མོ་ཆེན་མོ་བརྒྱད་བཞག་གོ། ། དེ་ཡི་གནས་རྟེན་ཆེན་པོར་ཡང་། ། མཆོད་རྟེན་ཆེན་པོ་གཟི་ བྱིན་ཅན། ། རང་འབྱུང་རེ་རེ་བཞག་པ་ཡིན། ། དེ་ལྟར་ས་གཞི་འདི་ཀུན་ཡང་། ། བཀྲ་ཤིས་ཡ་མཚན་ཐུགས་རྗེ་ཅན། ། ཆོས་དང་དངོས་གྲུབ་འབྱུང་བའི་གནས། ། ཆོ་འཕྲུལ་འབྱུང་བར་བཀའ་སྩལ་ཏོ། ། དེ་ཡི་ལུས་སྙིང་མ་ག་ཏ། ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ། མ་མོ་ ཆེན་མོ་ཀེའུ་རི་གནས། ། མཁས་ཤིང་སྙིང་སྟོབས་ཆེ་བའི་སའོ། །
BOམཆོད་རྟེན་མིང་ནི་བདེ་བྱེད་རྟེན། ། དེ་ཡི་མགོ་བོ་ལྷོ་ཕྱོགས་ཀྱི། ། དུར་ཁྲོད་ཆེན་པོ་བཞག་པ་ནི། ། སིང་ག་ཡུལ་གྱི་གླིང་ཕྲན་ཡིན། ། མ་མོ་ཆེན་མོ་ཙོའུ་རི་གནས། ། མཐོང་ཐོས་རྣམ་པའི་འཕྲུལ་བག་ཅན། ། མཆོད་རྟེན་རི་བོ་ཏ་ལ་ལ། ། ལག་པ་གཡས་པ་ཤར་ལྷོའི་མཚམས། ། དུར་ཁྲོད་ཆེན་པོ་བལ་ཡུལ་ཡིན། ། མ་མོ་ཆེན་མོ་པུསྐ་སི། ། ལྷག་པར་ཟས་ཀྱི་ལོངས་སྤྱོད་ཆེ། ། མཆོད་རྟེན་ཁ་ཤོ་བྱ་གྷྲྀ་ཁའོ། ། ལག་པ་གཡོན་ནི་ལྷོ་ནུབ་མཚམས། ། དུར་ཁྲོད་ཆེན་པོ་ས་ ལའི་ཡུལ། ། མ་མོ་ཆེན་མོ་བེ་ཏ་ལི། ། ཕྱག་ན་རྡོ་རྗེ་དབང་གི་གནས། ། དེ་ན་མཐུ་དང་དབང་ཡང་ཆེ། ། གྱད་ཡུལ་ཆེན་པོའི་ས་ལས་ནི། ། མཆོད་རྟེན་མ་ལ་ས་གན་ད། ། རྐང་པ་གཡས་པ་བྱང་ཤར་མཚམས། ། དུར་ཁྲོད་ཆེན་པོ་ལི་ཡི་ཡུལ། ། མ་མོ་ཆན་མོ་ཙནྜ་ལི། ། ལྷ་ མོ་ཤང་ཀི་ནི་ཞེས་གྲགས། ། ཆུ་དང་མེ་གྲུབ་རྫུ་འཕྲུལ་ཅན། ། མཆོད་རྟེན་མིང་ནི་གེའུ་ཏོ་ཤན། ། རྐང་པ་གཡོན་པ་ནུབ་བྱང་མཚམས། ། དུར་ཁྲོད་ཆེན་པོ་ཁ་ཆེའི་ཡུལ། ། མ་མོ་ཆེན་མོ་པྲ་མོ་ཧ། ། བདེ་སྐྱིད་ལྡན་པ་ཕུན་སུམ་ཚོགས། ། མཆོད་རྟེན་མིང་ནི་སྐ་ནི་སྐ། ། ཕོ་མཚན་སྟེང་གི་བྱང་ཕྱོགས་ན། །
BOདུར་ཁྲོད་ཆེན་པོ་ཨུ་རྒྱན་ཡུལ། ། མ་མོ་ཆེན་མོ་ཀས་སྨ་རི། ། འབྱོར་པའི་ལོངས་སྤྱོད་ལྔ་དང་ལྡན། ། དངོས་གྲུབ་ཅན་ཡང་དེ་ན་མང་། ། གཟི་ཡི་མཆོད་རྟེན་ཆེན་པོ་སྟེ། ། མིང་ཡང་དྷ་རྨ་ཙཀྲའོ། ། དེ་ཡི་ནང་གྲོལ་ཐམས་ཅད་ཀུན། ། དུར་ཁྲོད་ཆེན་པོ་ཟ་ཧོར་ཡུལ། ། རྒྱ་མཚོའི་སྒོ་གླིང་མ་ཧ་དོ། ། ལང་ཀ་པུ་རངས་སྲིན་པོའི་གནས། ། མ་མོ་ཆེན་མོ་སྨ་ཤ་ནི། ། མངོན་ཤེས་རྫུ་འཕྲུལ་བསམ་མི་ཁྱབ། ། སྲིན་པོ་སྲིན་མོ་ཤ་ཟ་རྣམས། ། དེ་དག་ཀུན་ལ་དབང་སྒྱུར་ཞིང་། ། རིན་ཆེན་ནོར་དང་དཔག་ བསམ་ཤིང་། ། འབྱོར་བའི་ཡོ་བྱད་ཀུན་དང་ལྡན། ། མཆོད་རྟེན་བདེ་བྱེད་གཞོན་ནུའོ། ། འཇིག་རྟེན་ཀུན་དུ་བསྟན་པ་ཡི། ། དུར་ཁྲོད་ཆེན་པོའི་གནས་བརྒྱད་དོ། ། དེ་ལྟར་སྟ་ནའི་དཀྱིལ་འཁོར་འདིར། ། འདས་པའི་དུས་ན་སྔོན་འབྱུང་བའི། ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། ། དེ་ལྟར་གྱུར་པའི་འཛམ་གླིང་དུ། ། སྐྱེ་ཤི་གནས་པའི་ཡུལ་ཡིན་པས། ། ཕྱི་རབས་སྔགས་ཀྱི་སྒྲུབ་པ་པོས། ། འཇིགས་བྱེད་ཆེན་པོ་ཁྲག་འཐུང་གི། ། དུས་གསུམ་རྒྱལ་བའི་བཀའ་བཞིན་དུ། ། བསྐྱེད་ནས་བྱིན་གྱིས་བརླབས་པ་ནི། ། སྔགས་མཆོག་བདུད་རྩིར་བསྒྲུབ་པའི་ ཕྱིར། །
BOརྒྱུ་དང་དམ་རྫས་ཐམས་ཅད་ནི། ། སངས་རྒྱས་སྒྲུབ་པའི་རྒྱུ་དང་བཞི། ། དམ་ཚིག་དམ་པར་བསྲུང་བའི་རྫས། ། བྱིན་གྱིས་བརླབ་པར་བྱ་བའོ། ། དེ་ནས་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྐྱེད་དེ། ངེས་དོན་གཅིག་ཏུ་ལམ་རྒྱུད་ལྔ་ནི་འབྲས་བུ་ཆེན་པོ་ལྔ་ཡིན་ཏེ། དེ་དག་ཐམས་ ཅད་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱིས་དུས་གཅིག་ཏུ་བསྒྲལ་བའི་ཕྱིར། བདུད་ཡཀྴ་མ་ཧ་རུ་ཏྲ་ཞེས་བྱ་བ་ཞིག ། དུས་དེར་བསྒྲལ་ཞིང་གནས་སྤར་རོ། ། དེ་ལ་བདག་ཉིད་སྐུ་ནི་སྨུག་ནག་འབར། ། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། ། པྲཛྙཱ་ཀེ་ཤ་ཙི་ཏ་ཛྭ་ལ་ཧཱུྃ་ཕཊ། མ་ ནུ་ད་རྃ་ཏོ་ཤ་ཕྱུང་། ཨུ་མ་ད་རམ་བཛྲ་མ་ཧཱ་མཾ་ས། ཏྲ་མ་ཁའི་ཞེས་བསྒྲལ་ཏེ། ཨེ་ཧྱེ་ཧི་མ་ཧཱ་རུ་ཏྲ། ཤ་ཏུ་མ་ཀ་ར། བཛྲ་ནི་ཧཱུྃ་ཕཊ། མ་ཧཱ་དེ་བཾ་རུ་ཏྲ་ཧཱུྃ་ཛ་ཛཱ་ཞེས་བརྗོད་དེ། སྟ་ན་དང་གྷ་ན་ཆེན་པོར་བྱས། རྣམ་པར་ཤེས་པ་བྱང་ཆུབ་སེམས་སུ་དབང་བསྐུར་རོ། ། དེ་ ན་སྟ་ནའི་དཀྱིལ་འཁོར་འདིར། ། དུར་ཁྲོད་བདག་པོ་བཏུལ་ནས་ནི། ། འཁོར་བཅས་མ་ལུས་དབང་དུ་བསྡུས། ། འཇིག་རྟེན་གཙོ་བོ་ལྷ་བརྒྱད་དང་། ། སྲིན་མོ་བརྒྱད་དང་བུ་མོ་བརྒྱ་ད། ། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱིས། །
BOའདི་སྐད་ཅེས་ནི་ཁས་བླངས་ཏེ། ། མགྲིན་ གཅིག་ཏུ་ནི་རབ་སྨྲས་པ། ། ཧོ་རྡོ་རྗེ་འབར་བའི་མེ་དཔུང་གིས། ། བསྐལ་པ་བས་ཀྱང་སྲེག་མཛད་པ། ། འཇིགས་ཚུལ་རྔམ་པའི་ཁྱད་པར་ཅན། ། དབུ་མང་རྩུབ་པའི་ཚིག་སྒྲོགས་ཤིང་། ། ཕྱག་མང་འཇིགས་པའི་མཚོན་ཆ་བསྣམས། ། ཞི་བའི་ཕྱག་སྟོང་སྤྱན་སྟོང་ ཡང་། ། འཇིག་རྟེན་ཁམས་ཀུན་སྤ་གོང་ན། ། ཁྲོ་གཉེར་ཕྱག་སྟོང་སྤྱན་སྟོང་གིས། ། དཔའ་བོ་སྒེག་དང་འཇིགས་སུ་རུང་། ། རྒོད་དང་གཤེ་དང་འཇིགས་པར་བྱེད། ། སྙིང་རྗེ་རྔམ་དང་ཞི་བར་སྟོན། ། འབར་བའི་ཚོགས་ཆེན་སྣ་ཚོགས་ཅན། ། ཁམས་གསུམ་ལྷ་ཆེན་ ཐམས་ཅད་དང་། ། འཇིག་རྟེན་ཐལ་བར་རློག་མཛད་པ། ། ཨེ་མ་ཧོ་ཆེ་མཆོག་ཧེ་རུ་ཀ། ། ཁྲོ་རྒྱལ་ཁྱོད་ལ་སྐྱབས་སུ་མཆིའོ། ། ཐུགས་རྗེ་ནན་ཏན་བདག་ཅག་ཟུང་། ། གལ་ཏེ་བཀའ་བཞིན་མ་བགྱིས་ན། ། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། ། དུམ་བུ་བརྒྱར་ནི་ གཏུབས་འགྱུར་བགྱིད། ། དེ་ཕྱིར་འབར་བས་བདག་མ་གཏང་། ། ཞེས་མཐུན་པར་སྨྲས་སོ། ། ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང་། ། རྒྱུ་དྲུག་གནས་པའི་སེམས་ཅན་རྣམས། ། བསྡུ་བའི་སྦྱོར་བས་ཀུན་བསྡུས་ནས། ། མི་ལྡོག་དབྱིངས་སུ་ཡང་དག་ཉིད། །
BOཐིག་ལེ་ཆེན་པོས་དབང་བསྐུར་ཏེ། ། ཟླ་གསང་དབུས་ན་བྱང་ཆུབ་སེམས། ། རྫོགས་སངས་རྒྱས་ལ་སོམ་ཉི་མེད། ། ཤ་ཆེན་བཤང་གཅི་ཁུ་བ་ཁྲག ། བདེ་གཤེགས་ལྔ་ཡི་ས་བོན་ཏེ། ། རྣམ་པར་དྲི་ཆེན་སྣང་བར་མཛད། ། ཕྱི་རོལ་ཆེན་པོ་ལྔ་དག་ལ། ། ནང་གི་རྒྱུ་འབྲས་ ཡེ་ནས་དག ། མི་བསྐྱོད་བྱང་ཆུབ་སེམས་ཉིད་དེ། ། དམིགས་སུ་མེད་པས་དག་པ་ཡིན། ། མཾ་ས་རིན་ཆེན་འབྱུང་ལྡན་པོ། ། མཉམ་དང་མི་མཉམ་དབྱེར་མེད་དོ། ། སྣག་པ་རཀྟ་མཐའ་ཡས་ཐུགས། ། སྐྱེ་འགག་མེད་དེ་ཡེ་ནས་དག ། དོན་ཡོད་དྲི་ཆུ་ལས་གྲུབ་པ། ། དྲི་ མེད་རྒྱུ་ནས་རྣམ་པར་དག ། ཀུན་ཀྱང་གཙང་ཞིང་དྲི་མེད་པས། ། ཐམས་ཅད་མ་ལུས་སངས་རྒྱས་ལྔ། ། ལུས་པ་མེད་པས་ཡེ་ཤེས་དང་། ། མ་བཅོས་ཡེ་ནས་དེ་ཉིད་དོ། ། དེ་ཕྱིར་སྨན་ཆེན་བཅུད་ཀྱི་མཆོག ། བདུད་རྩི་ཞེས་ནི་དེ་ལ་བྱའོ། ། རྟོགས་པའི་ཀློང་དུ་སུ་འདྲིས་ པ། ། མི་ཞེས་བྱ་བ་སངས་རྒྱས་ཡིན། ། བཅོམ་ལྡན་འདས་ནི་གུད་ན་མེད། ། འབྱུང་བ་ལྔ་ལས་གྱུར་པའི་རྒྱུ། ། སྤྲུལ་པས་རིགས་ལྔའི་སངས་རྒྱས་ཡིན། ། རང་གི་ལུས་ལ་བསྡུ་བའི་ཕྱིར། ། སྐུ་གསུམ་རྡོ་རྗེ་དབང་ཐོབ་འགྱུར། ། དེ་ཕྱིར་བསྒྲུབ་པའི་རྫས་སུ་གསུངས། །
BOདེ་སྐད་ཅེས་སྨན་སྤྱོད་པའི་ལུང་དུ་བཀའ་སྩལ་ཏོ། ། བདུད་རྩི་ཆེན་པོ་མཆོག་གི་ལུང་འབུམ་སྡེར་བཞུགས་པའི་ནང་ནས། ལུང་ཨ་ནུ་ཡོ་གའི་སྤྱོད་པ་བླ་ན་མེད་པ་བསྟན་པ་སྟེ། བམ་པོ་ཆེན་པོ་བཞི་པ། ། ། ། {D841-5}རྒྱ་གར་སྐད་དུ། ཀུ་ལ་པཉྩ་བུདྡྷ་ན་མཿ། བོད་སྐད་དུ། རིགས་ལྔ་བདེ་བར་གཤེགས་པ་ལ་ཕྱག་འཚལ་ལོ། ། མ་ཧཱ་ཡོ་གའི་དོན་དུ་བསྒྲུབ་པའི་ཐབས་འདི་བསྟན་ཏོ། ། རི་ནི་ཉམས་དགའ་མདངས་བཟང་བའི། ། ཡིད་འོང་གནས་སུ་འདུག་ནས་ནི། ། བྱིན་བརླབས་མཚམས་བཅད་བརྟན་བྱས་ནས། ། དཀྱིལ་འཁོར་འདོམ་གང་གྲུ་བཞི་པ། ། དྲི་སྣ་ལྔ་ཡིས་མཎྜལ་བྱའོ། ། ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། ། མཎྜལ་བརྒྱད་པའི་གཞུང་བཞིན་བྲི། ། དེ་ཡི་རྩེ་མོ་བརྒྱད་ལ་ཡང་། ། ཡིད་བཞིན་ནོར་བུ་འབར་ བ་བྲི། ། དེ་ཡི་དབུས་སུ་བསམ་པ་ཡང་། ། སྲིད་གསུམ་བྷནྡྷ་བཟང་ཀོང་ཡུག ། ཡེ་ནས་མ་བཅོས་རང་འབྱུང་སྣོད། ། དཔལ་དང་ལྡན་པའི་སྣོད་བཞག་ལ། ། དེ་ཡི་ནང་དུ་བླུགས་པའི་སྨན། ། ཡེ་ནས་རང་འབྱུང་བདུད་རྩི་ལྔ། ། ཤ་ཆེན་བཤང་གཅི་ཁུ་བ་ ཁྲག ། དག་པའི་རྒྱུ་སྟེ་བདུད་རྩིའི་དངོས། ། སྟོང་ལས་སྦྱར་བས་ཡེ་ནས་དག ། བཏག་དང་བཙག་དང་གཞལ་བ་ཡི། །
BOཉི་ཟླ་གསལ་བའི་དཀྱིལ་འཁོར་དུ། ། འབྲུ་ལྔ་ཡེ་ཤེས་འཕྲོ་འདུ་ལས། ། སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། ། བཅུད་ཀྱི་དམ་པ་ཀུན་བསྡུས་ནས། ། དུས་གསུམ་སངས་རྒྱས་མཆོད་པའི་ཕྱིར། ། བཀའ་བཞིན་བསྟན་པའི་དངོས་གྲུབ་བླང་། ། མུ་ཏིག་དཀར་པོ་དྲི་མེད་ལྟར། ། སྒྲུབ་པ་པོས་ནི་ནན་ཏན་བྱའོ། ། འགུ་ཡ་ལག་པའི་ཕྱག་རྒྱ་ཡིས། ། གཞུང་བཞིན་བརྟན་ནས་འཕྲོ་འདུ་བྱ། ། དེ་དབུས་ཀླུ་བདག་ས་བོན་ གྱིས། ། དངོས་གྲུབ་དམ་པ་བླང་བར་བྱ། ། དགུ་པའི་སྔགས་ཀྱིས་བཏབ་ནས་ནི། ། ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། ། བར་ཆད་མེད་པའི་འཕྲོ་འདུ་བྱའོ། ། ཨོཾ་གྱིས་ཡེ་ཤེས་འོད་ཕྱུང་ཞིང་། ། ཨཱཿཡིས་མེས་བསྲེགས་ཐལ་བར་འགྱུར། ། ཧཱུྃ་གིས་བདུད་རྩི་རྣམ་ པར་དག ། གསལ་ལ་འབྱུང་འཇུག་ལྷན་ནེ་བོས། ། རྟགས་དང་མཚན་མ་བདུན་གྱིས་འབྱུང་། ། འོད་དང་དུ་བ་དྲི་དང་སྒྲ། ། ལྷ་མོའི་གཟུགས་ཀྱང་སྟོན་པར་འགྱུར། ། མང་དུ་འཕེལ་ན་བསྒྲུབ་རྫས་ཡིན། ། དེ་ལ་ཡ་མཚན་བསྐྱེད་མི་བྱ། ། མཚན་མའི་རྟགས་དག་མ་བྱུང་ ན། ། བསྐང་གསོའི་ཆོ་ག་རྒྱ་བསྐྱེད་ཅིག ། སྤོགས་ཐགས་བསྐྱར་ལ་རྩལ་ཤུགས་དབྱུང་། ། དམ་ཚིག་ཆེན་པོ་བསྐང་བའི་ཕྱིར། །
BOབསྒྲུབ་རྫས་རྣམས་ཀྱང་བསྟར་ནས་གཞག ། དེ་ནས་མཆོད་ཅིང་དངོས་གྲུབ་བླང་། ། སློབ་མ་ལ་ཡང་དབང་བསྐུར་རོ། ། བླ་མ་ལུང་ལྡན་ དེས་ཀྱང་ནི། ། ཚིགས་སུ་བཅད་པ་འདི་དག་བརྗོད་དོ། ། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། ། དག་དང་མ་དག་མི་རྟོག་རྟོག་ལས་འདས། ། སྔ་མ་འདས་དང་ད་ལྟར་ཕྱིས་འབྱུང་བ། ། དུས་གསུམ་གཅིག་ལ་སྐུ་བསྟན་ཕྱི་བཤོལ་མེད། ། དངོས་གྲུབ་ སྣ་ཚོགས་རླབས་ཆེན་འབར་བ་ཅན། ། སུ་འདོད་སྦྱིན་གྱིས་ད་ལྟ་འདི་ལ་ལོང་། ། སྐལ་བར་སྦྲེབས་དང་གཏི་མུག་མུན་ནག་ལ། ། སྤྲིན་མཐོངས་ཉི་ཤར་ཁུད་པར་དྲོ་བ་བཞིན། ། བདུད་རྩི་རྒྱལ་པོ་དབང་ཆེན་འདི་བྱིན་པས། ། རིག་འཛིན་རྒྱལ་པོ་གཙོ་བོའི་གོ་འཕང་ཐོབ། ། ཚེ་དང་ སྐོངས་དང་ཡིད་དུ་འོང་། ། བགེགས་རྣམས་ཞི་བ་ལ་སོགས་ཏེ། ། ནད་དང་བྲལ་ནས་ཅི་འདོད་པའི། ། ཡོན་ཏན་རྩ་བརྒྱད་འདི་ཡིས་ཐོབ། ། ཞེས་བཀའ་བསྩལ་ནས། དེ་ནས་ཡང་བཅོམ་ལྡན་འདས་རིགས་ལྔ་བདེ་བར་གཤེགས་པས་བཀའ་སྩལ་ཏོ། ། བཅོམ་ལྡན་འདས་ ཀྱིས་ལུང་འདི་ལས། ། དབང་བསྐུར་གནང་བ་གང་ཡིན་པ། ། འཁོར་རྣམས་ཀུན་གྱིས་ཐོབ་པར་ཤོག ། ཞེས་བཀའ་སྩལ་ཏོ། །
BOཡང་འཁོར་ཉེ་བའི་སྲས་མཆོག་དམ་པ་འཇམ་དཔལ་ལ་སོགས་པས་དབང་མནོས་ནས། ཡང་རིགས་ལྔ་དང་རིགས་རྒྱ་མཚོའི་གཙོ་བོ་ ལ་ལུང་གི་དོན་ཞུས་པ། རྟོག་པ་དང་མི་རྟོག་པའི་དོན་ཇི་ལྟར་བལྟ། དོན་གྱི་འབྲས་བུ་གང་ལགས་ཞེས་གསོལ་པ་ལས། ཀུན་དུ་བཟང་པོ་དང་རིགས་ལྔ་བདེ་བར་གཤེགས་པས་བཀའ་སྩལ་པ། ཚངས་དང་དྲང་སྲོང་གཙང་མ་ཟ། ། དེ་དག་གྲོལ་བར་ངས་མ་ བཤད། ། ཀླུ་དང་བྲམ་ཟེ་གཙང་མ་ཟ། ། དེ་དག་གྲོལ་བར་ངས་མ་བཤད། ། བྱོལ་སོང་རྩྭ་མཆོག་ཟ་བ་ཡང་། ། ཇི་སྲིད་འཚོ་བའི་བར་དུ་ཟ། ། དེ་དག་གྲོལ་བར་ངས་མ་བཤད། ། ཡང་དག་དོན་གྱི་ལུང་འདི་ཉོན། ། རྣལ་འབྱོར་ཐབས་དང་ལྡན་པས་ནི། ། ཆོས་སྐུ་གཅིག་ ལས་ཐ་དད་པའི། ། རིགས་ལྔའི་ཁ་དོག་འདི་བཤད་དོ། ། འདི་ལྟར་རྟོགས་ན་གྲོལ་ཞེས་བཤད། ། རང་བཞིན་ཡེ་ནས་དག་པའི་རྫས། ། མཉམ་པའི་དབྱིངས་སུ་རབ་རྟོགས་ན། ། གཉིས་མེད་དོན་གྱིས་ཟིན་པ་ཡིན། ། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། ། དངོས་དང་དངོས་ མེད་རྟོག་པའི་མཚན། ། གཙང་དང་མི་གཙང་རྟོག་པའི་མཚན། ། མཁས་པས་དབུས་ལ་གནས་མི་འགྱུར། ། ཡེ་ཤེས་སྐུ་ལྔ་བསྟན་པའི་ཕྱིར། ། བྱང་ཆུབ་སེམས་ནི་དཀར་བས་ན། ། དྲི་མེད་དཀར་བས་ཡེ་ཤེས་སྐུའོ། །
BOརཀྟ་ཆགས་མེད་དམར་བས་ན། ། ཆགས་མེད་ རྣམ་དག་ཆོས་ཀྱི་སྐུའོ། ། མཾ་ས་ཡིད་བཞིན་རིན་ཆེན་སྔོ། ། སྣ་ཚོགས་འབྱུང་གནས་མཉམ་ཉིད་སྐུའོ། ། རིན་ཆེན་གསེར་མདོག་སྣང་མཛད་དེ། ། མངོན་འབྱུང་སྤྲུལ་པ་ཆོས་ཀྱི་སྐུའོ། ། དྲི་ཆུ་དག་བྱེད་ལྗང་གུའི་མདོག ། ཀུན་དུ་དོན་གྲུབ་ལས་རབ་སྐུའོ། ། སྐུ་ལྔ་ལྷུན་ གྲུབ་བདུད་རྩི་འདི། ། སོ་སོའི་ལུས་ལ་གནས་པ་ཡིན། ། དྲི་ཆེན་དྲི་ཆུ་རཀྟ་དང་། ། མཾ་ས་སེམས་ཆུ་འདི་རྣམས་ཀུན། ། སེམས་ཅན་རྟོག་པ་བཟློག་པའི་ཕྱིར། ། གཙོ་རུ་དང་དུ་བླང་བར་བྱའོ། ། གཙང་སྨེ་མེད་པར་ཀུན་གྱིས་སྤྱོད། ། འདི་དག་གྲོལ་བར་ངས་ བཤད་དོ། ། ཐེ་ཚོམ་མེད་པས་དངོས་གྲུབ་ཐོབ། ། སྤྱོད་པའི་སྐྱེས་བུ་རྣལ་འབྱོར་པས། ། ཚེ་འདི་ཉིད་ལ་གྲུབ་པར་འགྱུར། ། ཅེས་བཅོམ་ལྡན་འདས་རིགས་ལྔ་བདེ་བར་གཤེགས་པས་བཀའ་སྩལ་ཏོ། ། འདི་ཡན་ཆད་མ་ཧཱ་ཡོ་གའི་དོན་གྱི་ལུང་དང་སྒྲུབ་ཐབས་ བདུད་རྩི་ཆེན་པོ་འབུམ་སྔེ་ལས་བཏུས་པའི། བམ་པོ་ཆེན་པོ་ལྔ་པ། ། ། ། {D841-6}རྒྱ་གར་སྐད་དུ། ཨ་མྲྀ་ཏ་ཀུཎྜ་ལི་ན་མཿ། བོད་སྐད་དུ། བདུད་རྩི་འཁྱིལ་པ་ལ་ཕྱག་འཚལ་ལོ། ། བདུད་རྩི་རྒྱལ་ལ་ཕྱག་འཚལ་ནས། །
BOབདུད་རྩི་སྦྱོར་བའི་ཐབས་བསྟན་ཏེ། དེ་བཞིན་གཤེགས་པ་ཀུན་གྱིས་བདུད་རྩི་ བསྒྲུབ་པའི་དགོངས་པ་ལ་ཞུགས་ཏེ། དེ་བཞིན་གཤེགས་པ་ཀུན་གྱིས་བདུད་རྩི་བསྒྲུབ་པའི་དགོངས་པ་ལ་ཞུགས་ཏེ། དེ་ནས་བདུད་རྩི་རྒྱལ་པོ་ཡིས། བདུད་རྩི་སྦྱོར་བའི་ཐབས་འདི་བསྟན་ཏེ་བཀའ་སྩལ་ཏོ། ། དང་པོར་ཕུན་སུམ་ཚོགས་པའི་ཡུལ། ། དགའ་ཞིང་ བར་ཆད་མེད་པའི་གནས། ། བཙལ་ནས་ཉིད་ཀྱི་དབང་དུ་བྱའོ། ། དེ་ནས་རང་ལུས་བསྲུང་བའི་ཕྱིར། ། ལག་ཆ་ཕུན་སུམ་ཚོགས་པ་ཡིས། ། བར་ཆད་བྱེད་པའི་དགྲ་བགེགས་བཟློག ། དེ་ནས་བསྒྲུབ་པའི་ཡོ་བྱད་རྣམས། ། འཚོ་བ་ཟས་ཀྱི་ཡོ་བྱད་དང་། ། བསྒྲུབ་པ་དམ་རྫས་ཡོ་བྱད་དང་། ། རྐྱེན་ཟློག་སྨན་གྱི་ཡོ་བྱད་དང་། ། དེ་ལྟར་ཕུན་སུམ་ཚོགས་ལྡན་ནས། ། ཇི་བཞིན་བདེ་བར་འདུག་ནས་ནི། ། ས་གཞི་རབ་ཏུ་སྦྱང་བྱས་ཏེ། ། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། ། སྔ་དྲོའི་དུས་ནས་དཀྱིལ་འཁོར་ བྱ། ། མཎྜལ་འདོམ་གང་བ་ལྔ་བྲི། ། བསྒྲུབ་པ་ཆེན་པོ་བྱ་བའི་ཕྱིར། ། དྲི་ཆེན་དྲི་ཆུའི་སྐྱོང་ནུལ་བྱའོ། ། དུར་ཁྲོད་ཐོད་པ་ལྔ་ནང་དུ། ། ཚིལ་ཆེན་མེ་མར་རེ་རེ་ཡང་། ། མེ་མར་སྡོང་བུ་ལྔ་བརྒྱ་བྱའོ། ། མེ་མར་ལྔ་བརྒྱ་གཏམས་ནས་ནི། །
BOདེ་ནས་བསྒྲུབ་པ་བརྩམ་ བྱ་ཞིང་། ། རྫོགས་པའི་ལས་ནི་རྣམ་བཞི་བྱ། ། ཞི་བའི་ཚེ་ན་བྱང་དུ་བལྟའོ། ། གཱ་ནའི་ཚེ་ན་ནུབ་ཏུ་བལྟའོ། ། སྟ་ན་ཆེན་པོ་ལྷོ་རུ་བལྟའོ། ། རྒྱས་པའི་ཆེ་ན་ཤར་དུ་བལྟའོ། ། ཡང་ན་ཕྲིན་ལས་རྣམ་པ་བཞི། ། སོ་སོའི་ཕྱོགས་ཕྱོགས་དག་ནས་བལྟའོ། ། དེ་ལྟར་ འདུག་སྟངས་བསྟན་ནས་ནི། ། ཤར་གྱི་དཀྱིལ་འཁོར་སྟེང་དུ་ནི། ། བསྒྲུབ་རྫས་ཐམས་ཅད་གཞག་པར་བྱའོ། ། ལྷོ་ཡི་དཀྱིལ་འཁོར་སྟེང་དུ་ནི། ། མེ་མར་ལྔ་བརྒྱ་སྨོས་པ་བཞག ། ནུབ་ཀྱི་དཀྱིལ་འཁོར་སྟེང་དུ་ནི། ། སྒྲུབ་པ་ཡབ་ཡུམ་གནས་པར་ བྱ། ། བྱང་གི་དཀྱིལ་འཁོར་སྟེང་དུ་ནི། ། རྒྱུ་མཆོག་ཆེན་པོ་གཞག་པར་བྱ། ། དབུས་ཀྱི་དཀྱིལ་འཁོར་སྟེང་དུ་ནི། ། བྲམ་ཟེ་བཀྲ་ཤིས་གཙང་མའི་རིགས། ། བཀྲ་ཤིས་ཐོད་པ་གཞག་པར་བྱའོ། ། ཡང་ན་བྷནྡྷ་དཔལ་ལྡན་རྫོགས། ། ཟླུམ་ཞིང་འཁྱིལ་པ་པདྨ་ འདྲ། ། དབུས་ན་བུ་ག་གཅིག་ཡོད་པ། ། དེ་ཡི་ནང་དུ་ཧྲཱི་ཞེས་བྲིའོ། ། དེའི་ནང་དུ་བླུགས་པ་ནི། ། སྙིང་པོ་ཚིམ་བྱེད་བཅུད་ཀྱི་མཆོག ། གཙོ་བོ་ལྔ་དང་འབྲས་བུ་ལྔ། ། དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན། ། འདི་དག་རབ་ཏུ་བསྐྱབ་པའི་ཕྱིར། ། མང་པོ་ འདུས་པ་མཐུ་བྱིན་ཚེ། །
BOཡང་ན་རྩ་བ་བརྒྱད་དང་སྦྱར། ། གོ་ཙི་ཧྭ་དང་ལེང་ལེང་ཧྭ། ། གིའུ་ཝང་ཙིའུ་ཏང་ར་ས་ཡན། ། ག་པུར་མུ་ཏིག་ལན་ཚྭ་རྣམས། ། འདི་རྣམས་རྩ་བ་བརྒྱད་དང་སྦྱར། ། ཡང་ན་གཙོ་བོ་ལྔར་སྦྱར་བ། ། ཨ་འབྲས་རྒུན་འབྲུམ་པ་ན་ སེ། ། གེར་རྒྱ་ཨ་རུ་ར་དང་ལྔ། ། འདི་ནི་ནང་གི་འབྲས་བུ་ལྔའོ། ། ཤ་ལྔ་དག་དང་སྦྱར་བ་ཡང་། ། དབང་བོ་ལྔ་ཡི་གཟུགས་དང་སྦྱར། ། དེ་ཡི་ཕྲད་དུ་དགོས་པ་ཡང་། ། མིག་དང་རྣ་བ་སྣ་དང་ལྕེ། ། གཙོ་བོ་ཙིཏྟ་ཉིད་དང་ལྔའོ། ། ཤིང་ཏོག་རྒུན་འབྲུམ་ཀ་ཀོ་ལ། ། ཨ་འབྲས་པ་ན་ བུམ་ཤ་ལྔའོ། ། དྲི་ནི་ཆེན་པོ་སྣ་ལྔ་དང་། ། ཆ་ཡི་གྲངས་དང་མཉམ་སྟེ་སྦྱར། ། ནཱ་ག་གེ་སར་ཤིང་ཚ་དང་། ། སུག་སྨེལ་གནྡྷ་པ་ཏྲ་དང་། ། ཀུན་དུ་རུ་དང་དྲི་སྣ་ལྔའོ། ། ཡང་ན་དྲི་ཡི་རྒྱལ་པོ་ལྔ། ། རྒྱ་སྤོས་ཛཱ་ཏི་ཕ་ལ་དང་། ། ག་པུར་ཙནྡན་ལི་ཤི་ལྔའོ། ། དེ་བཞིན་ སྤོས་ལྔའི་དམ་པ་ཡང་། ། ཨ་ཀ་རུ་དང་དུ་རུ་སྐ། ། པོག་དང་སྦྲང་རྩི་ལྕེ་པོག་དང་། ། གསེར་དངུལ་ཟངས་ལྕགས་གཡུ་དང་ལྔ། ། བདར་རམ་ཞིབ་ཏུ་བཏགས་ཏེ་བླུགས། ། འདི་དག་རབ་ཏུ་མཉམ་ཞིང་བསོག ། འདི་དག་སྦྱར་ཞིང་བཏག་པའི་སྔགས། ། ཨོཾ་ཨ་ མྲྀ་ཏ་མུ་ས་ལ། ། གྲ་ཧེ་ཧ་ན་ཧ་ན་ཧཱུྃ་ཕཊ།
BOའདི་རྣམས་སྦྱར་བའི་བདུད་རྩི་མཆོག ། དངོས་གྲུབ་འབྲས་བུ་ངེས་ཐོབ་བོ། ། འབྲས་བུ་རྣམ་ལྔ་བསྒྲལ་བའི་ཕྱིར། ། བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་དུ། ། མེ་ལྕེ་གླ་གླི་སྙིང་ལ་སོགས། ། གསང་བའི་བརྡ་ཚིག་དག་གིས་ནི། ། དེ་དག་རབ་ཏུ་ སྦ་ཞིང་བསྒྲུབ། ། ཕྱོགས་བཞི་དབུས་དང་ལྔ་རུ་གཞག ། རྒྱུ་མཆོག་ཆེན་པོ་ཁྲུས་བྱས་ནས། ། མངོན་སྤྱོད་མངོན་སྤྱོད་ཡ་མཚན་གྱི། ། འཇིག་བྱེད་འཇིགས་བྱེད་ཆེན་པོ་ཡི། ། ཨེ་ཡི་དཀྱིལ་འཁོར་སུམ་བརྩེགས་ཀྱི། ། སྟེང་དུ་བཞག་ནས་དབང་བསྐུར་རོ། ། དེ་ནས་ དཔལ་ཆེན་ཧེ་རུ་ཀ། ། དུར་ཁྲོད་བདག་པོ་ཆེན་པོ་ནི། ། ཆེ་མཆོག་ཤིན་ཏུ་མི་བཟད་པ། ། དབུ་མང་ཕྱག་ཆ་རྩུབ་པ་བསྣམས། ། སྨུག་ནག་སྐུ་ནི་འབར་བ་ཅན། ། ཞལ་ནི་ཉི་ཤུ་རྩ་གཅིག་སྟེ། ། ཕྱག་ཀྱང་བཞི་བཅུ་རྩ་གཉིས་སོ། ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ། ། རཾ་ཛྭ་ལ་ ཧཱུྃ། གསང་བའི་ཡུམ་ཡང་ཡབ་དང་མཐུན། ། མ་ཧཱ་ཀྲོ་ངྷཱི་ཤྭ་རི། ཨོཾ་སརྦ་ཏ་ཐཱ་ག་ཏ་མུ་དྲཱ་ཨ་བྷི་ཤིཉྩ་ཧཱུྃ། ཞེས་ཡུམ་དབང་བསྐུར་ནས། གཞན་ཡང་རིགས་དང་མཐུན་པ་རུ། ། ཕྱོགས་བཞི་དག་ཏུ་དགོད་པར་བྱའོ། ། དེ་ཡང་ཚུལ་བཞིན་བྱིན་གྱིས་ བརླབ། ། ཨེ་ཧྱེ་ཧི་མ་ཧཱ་རུ་ཏྲ་ཧཱུྃ་ཕཊ།
BOསརྦེ་ད་ཨ་ཨ་ཞེས་བརྗོད་པས ཙིཏྟ་དྲང་ངོ་། ། ཡང་ནས་ཡང་དུ་སྤར་བྱས་ཏེ། ། དུག་གསུམ་རྩ་བ་དེར་གཅད་དོ། ། རྒྱུ་འབྲས་མཐུན་ཞིང་སྦྱར་བ་ཡང་། ། ཡངས་ཤིང་རྒྱུད་ལ་གོམས་པ་དང་། ། ཆོས་སྐུ་ ཞི་བའི་ཏིང་འཛིན་ཡོད། ། ཡོན་ཏན་བརྒྱད་དང་ལྡན་པ་ལ། ། ངེས་པའི་དོན་དབང་ཐོས་པར་བྱའོ། ། འབྱུང་བ་བཞི་ལས་སྐྱེད་པའི་ཡུམ། ། ཚུལ་བཞི་དག་དང་ལྡན་པའམ། ། ཡང་ན་མཚན་བཟང་སུམ་ཅུ་ནི། ། ལུས་ལ་རྫོགས་པར་ཡོད་པ་ལ། ། ཟླ་གསང་ དཀར་དམར་རླུང་དཀར་ལྕི། ། དེ་བཞིན་སྲིང་མོ་རྣལ་འབྱོར་མ། ། བཙལ་ནས་བསྒྲུབ་པ་ཆེན་པོ་བྱའོ། ། འོ་མ་སྤོས་ཆུས་མགོ་ལུས་བཀྲུ། ། དཀྱིལ་འཁོར་ནང་དུ་གཞག་པར་བྱ། ། འཛག་པའི་དུས་སུ་སྦྱར་བ་ཡི། ། ཁྲག་ཆེན་པོ་ནི་སེམས་དང་བཅས། ། ར་ས་ ཡ་ནའི་གཙོ་བོར་བྱའོ། ། བདུད་རྩི་དམ་པའི་སྣོད་བསྟན་པ། ། ཀུན་བྱེད་ཐམས་ཅད་ཟ་བ་ཡི། ། སློབ་མ་དཔའ་བརྟུལ་གཙང་སྦྲ་ཅན། ། སྐྱོན་དྲུག་རྣམ་པར་སྤངས་པ་ཡི། ། མི་ཕྱེད་པ་ནི་དགུ་དང་ལྡན། ། དམ་ཚིག་ཐམས་ཅད་མ་ཉམས་ཤིང་། ། སྲོག་ལུས་བུ་ དང་ཆུང་མ་དང་། ། རིན་ཆེན་སྣ་ཚོགས་འབུལ་བྱེད་པ། ། སྲིང་མོ་ཤིན་ཏུ་བརྒྱན་པ་ཡང་། ། སློབ་དཔོན་བླ་མ་དེ་ལ་དབུལ། །
BOདེ་ལྟར་འབུལ་བའི་སློབ་མའི་མཆོག ། ཡུད་ཡང་པཉྩ་ཡན་ཆད་ཀྱིས། ། རབ་ཏུ་འབྲུ་ནི་གདམས་པས་བྱའོ། ། ཐུགས་ཀྱི་དངོས་གྲུབ་དམ་པ་ འདི། ། རང་བྱུང་ང་ཡིས་བསྟན་པའི་ཕྱིར། ། རེ་བ་མེད་པས་བླང་བར་བྱ། ། མ་དག་པ་ནི་མཚམས་གཅད་དོ། ། ལས་ཀྱི་གཙོར་ནི་བསྐང་བ་དང་། ། སྦྱང་དང་མཚམས་དང་གསལ་བར་བྱའོ། ། ཉི་ཟླ་པདྨ་ཡང་དག་གནས། ། བདག་ཉིད་དཔའ་བོ་འབྲུ་ལྔ་ཡིས། ། གནས་ལྔ་དག་ཏུ་བསམ་པར་བྱའོ། ། དངོས་གྲུབ་རབ་འབྲིང་ཐ་མ་གསུམ། ། མ་ཐོབ་བར་དུ་མི་གཏང་ཞིང་། ། གཏང་ན་བར་ཆད་ཆེན་པོ་འགྱུར། ། གསང་སྔགས་བདུད་རྩི་ཡོན་ཏན་འདི། ། སད་པའི་ཕྱིར་ཡང་བསྒྲུབ་དགོས་ན། ། མཁས་པས་བདེན་ པའི་དོན་ཤེས་ནས། ། དོན་ལ་ཐེ་ཚོམ་ཅི་སྟེ་ཟ། ། ཞེས་ཐེ་ཚོམ་བཅད་ལ། དངོས་གྲུབ་བླང་བའི་སྔགས་འདིའོ། ། ཨ་ཧོཿསུ་ཁ་དྷརྨ་གཱ་ཡ་ནི། ཨ་མྲྀ་ཏ་སིདྷི་ཧྲཱིཿ། ཞེས་དངོས་གྲུབ་བླང་ངོ་། ། གནས་ལྔ་དག་ཏུ་བསམ་པ་ཡང་། ། སྤྱི་གཙུག་དབུས་སུ་ཟླ་བ་སྟེ། ། དེར་ ནི་ཨོཾ་དཀར་འོད་ལྡན་པ། ། འོད་ཟེར་ལྔ་ནི་འཕྲོས་པ་ལས། ། སླར་འདུས་སྣང་མཛད་གཙོ་བོ་སྟེ། ། རྟག་པའི་ཕྱག་རྒྱ་བཅིངས་པའོ། ། ལྕེ་ལ་ཧྲི་དམར་འོད་འཕྲོས་པས། ། སླར་འདུས་མཐའ་ཡས་ཆོས་ཀྱི་གསུང་།
BO། མཉམ་པའི་ཕྱག་རྒྱར་གནས་པའོ། ། སྙིང་གར་ ཡི་གེ་ཧཱུྃ་མཐིང་ག། ། འོད་ཟེར་ལྔ་ནི་འཕྲོ་བའོ། ། སླར་འདུས་མི་འཁྲུགས་སེམས་དཔའ་སྟེ། ། ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། ། ཡང་ན་བདུད་འདུལ་ས་གནོན་ནོ། ། ལྟེ་བར་ཡི་གེ་སྭཱ་སེར་པོ། ། འོད་ཟེར་ལྔ་ནི་འཕྲོ་བ་ལས། ། སླར་འདུས་རིན་ཆེན་དམ་པའི་གཙོ། ། ཕྱག་ རྒྱ་ཡིད་བཞིན་སྦྱིན་པའོ། ། གསང་བར་ཡི་གེ་ཧ་ལྗང་གུ། ། འོད་ཟེར་སྣ་ལྔ་འཕྲོ་བ་ལས། ། སླར་འདུས་དོན་ཡོད་གྲུབ་པ་སྟེ། ། ཞི་བའི་ཕྱག་རྒྱར་མཉམ་རྫོགས་པའོ། ། རིགས་ལྔ་གཏོགས་པ་འདི་ཀུན་ཡང་། ། རང་འབྱུང་གི་ནི་དཀྱིལ་འཁོར་ཡིན། ། དེ་ ལྟར་འོད་ཟེར་ལྔ་ལྔ་ཡིས། ། ཉི་ཤུ་རྩ་ལྔའི་འཕྲོ་འདུ་ལས། ། ཁམས་གསུམ་འགྲོ་བའི་དོན་བྱས་ནས། ། སླར་འདུས་སྨན་ལྔ་ཉིད་ལ་བསྡུ། ། སྨན་ཉིད་ཕྱག་རྒྱར་གསལ་འབར་ནས། ། འོད་ཟེར་སྣ་ལྔ་སླར་འདུས་ནས། ། ཕྱག་མཚན་སོ་སོར་གསལ་ འགྱུར་ཏེ། ། གསེར་གྱི་འཁོར་ལོ་ཟུར་བརྒྱད་ལས། ། དྲི་ཆེན་བདུད་རྩི་ཞུ་བའོ། ། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། ། འབར་ནས་བྱང་ཆུབ་སེམས་སུ་ཞུ། ། སྭཱ་ལས་རིན་ཆེན་འོད་འབར་ཏེ། ། མ་ཧཱ་མཾ་ས་བདུད་རྩིར་ཞུའོ། ། ཧྲིཿལས་འོད་ཟེར་སྣ་ཚོགས་པའོ། །
BOཔདྨ་ རཀྟ་ཐིག་ལེར་ཞུའོ། ། ཧ་ལྗང་འོད་འཕྲོ་སྣ་ཚོགས་པས། ། དག་པའི་དྲི་ཆུ་བདུད་རྩིར་ཞུའོ། ། དེ་ལྟར་འཕྲོ་འདུ་བྱ་བ་ཡང་། ། གོམས་པས་ཡང་ནས་ཡང་དུ་བྱའོ། ། དེ་ནས་བདུད་རྩི་རྣམ་ལྔ་ལ། ། བསམ་པའི་ཡི་གེ་དམ་པ་ལྔ། ། ཨོཾ་ཧཱུྃ་སྭཱ་ཧྲཱི་ཨཱ། རྩ་བའི་ ཡི་གེ་ལྔ་པོ་ཡང་། ། འོད་ཟེར་འཕྲོ་བ་སྔ་མ་བཞིན། ། དེ་ནས་འཛབ་བསྒོམ་བཟླས་པའི་སྔགས། ། དགུ་པ་འདི་ནི་འཛབ་དུ་དྲང་། ། ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ་ཐ། དེ་ལ་བདུད་རྩིའི་ཕྱག་རྒྱ་ནི། ། ལག་པ་གཡོན་པའི་དཔུང་བ་བརྐྱང་། ། མཐེ་བོང་སྲིན་ལག་མཐིལ་དུ་ དགུག ། རྡོ་རྗེ་མཚོན་གང་བཅས་པ་དང་། ། མཛུབ་མོ་གུང་མོ་མཐེའུ་ཆུང་བརྐྱང་། ། སྦྱར་ཏེ་ལག་པའི་མཐིལ་གྱིས་ནི། ། བདུད་རྩི་སྣོད་ཀྱི་སྟེང་དུ་གནོན། ། དེ་ནས་བདུད་རྩི་བྱིན་གྱིས་བརླབ། ། ཏིང་འཛིན་མེ་དང་འདྲ་བ་ལས། ། བཟླས་བརྗོད་རླུང་དང་འདྲ་བ་ཡིས། ། གླལ་དང་ལུད་པས་ བར་མི་གཅད། ། དེ་ནས་བདུད་རྩི་བྱིན་གྱིས་བརླབ། ། བཛྲ་ཨ་མྲྀ་ཏ་ཨོྃ་ཨཱཿཧཱུྃ་ཧྲི་ཐཱ། ། འདི་ནི་རྩ་བའི་དཀྱིལ་འཁོར་ལྔའོ། ། ཛཿཧཱུྃ་པྃ་ཧོཿ། མ་ཧཱ་ཨ་མྲྀ་ཏ་ཨཱ་བེ་ཤ་ཧོཿ། ཞེས་བཅོམ་ལྡན་འདས་བདུད་རྩི་རྒྱལ་པོས་བཀའ་སྩལ་ཏོ། །
BOབདུད་རྩི་དམ་པ་མཆོག་གི་ལུང་ ལས་འབྲས་བུ་ཆེན་པོ་ལྔ་བསྒྲལ་བའི་ལུང་ངེས་པ་དང་། དེ་བསྒྲལ་ནས་དེ་སྨན་དུ་སྦྱར་བའི་ཐབས་བསྟན་པའི་བདུད་རྩི་ཆེན་པོ་ས་མ་ཡ་འབུམ་སྡེ་ལས། བམ་པོ་ཆེན་པོ་དྲུག་པ། ། ། ། {D841-7}རྒྱ་གར་སྐད་དུ། ཨ་མྲྀ་ཏ་ཀ་ལ་ཤི་སིདྡྷི། བོད་སྐད་དུ། བདུད་རྩི་བུམ་པའི་ལུང་། དཔལ་བདུད་རྩི་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། ། ཕན་བྱེད་མགོན་ལ་ཕྱག་འཚལ་ནས། ། བསྒྲུབ་པའི་ཡུལ་དང་གནས་བསྟན་ཏེ། ། ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་རི། ། དྲང་སྲོང་ཆེན་པོའི་བསྒྲུབ་ལུགས་དང་། ། ཕྲ་མེན་ མ་ཡི་སྦྱར་ལུགས་དང་། ། རྩི་སྨན་འཁྲུངས་པའི་ཡུལ་ཁམས་དང་། ། ཤིང་དང་ནགས་ཀྱི་ལྷ་མོའི་གནས། ། རི་བོར་སྨན་ལྗོངས་ཙནྡན་གནས། ། བཞུགས་པའི་གནས་སུ་བསྒྲུབ་པར་བྱའོ། ། དུག་རྣམས་བདུད་རྩིར་སྦྱར་བའི་ཐབས། ། རྩ་བ་དང་ནི་ཡན་ལག་ བཅས། ། ར་ས་ཡ་ན་ལ་སོགས་རྫས། ། ཚང་བར་བསོགས་ནས་བསྒྲུབ་པར་བྱའོ། ། རི་བོར་ནགས་འདབ་ཆུ་ངོགས་སམ། ། བྲག་ཕུག་སྟོང་པ་ཐིབས་པོའམ། ། བསྒྲུབ་པའི་གནས་མཆོག་དེར་བྱའི་ཕྱིར། ། ས་གཞི་རབ་ཏུ་བརྟག་པར་བྱ། ། མཉམ་ཞིང་སྣུམ་ པའི་ས་སྣག་ཅན། ། ཟུག་རྡོ་སྲིན་བྲག་མེད་པ་དང་། །
BOཚྭ་སྒོ་ས་དང་བ་ཚ་མེད། ། མ་གྲུགས་མ་གས་མཉམ་པོ་ལ། ། བསྒྲུབ་པའི་གནས་མཆོག་དེར་བྱའོ། ། རང་འབྱུང་ཁྲོ་བོ་ཆེན་པོ་བཅུས། ། ཕྱོགས་མཚམས་ཕུར་པས་བཏབ་ནས་ནི། ། གནས་དང་ས་གཞི་དག་པར་སྦྱང་། ། ཨོཾ་བཛྲ་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཧུྃ་ཧུྃ་ཕཊ་ཕཊ། གརྫ་གརྫ་ཧུྃ་ཕཊ། ཧ་ན་ཧ་ན་ཧུྃ་ཕཊ། ད་ཧ་ད་ཧ་ཧུྃ་ཕཊ། པ་ཙ་པ་ཙ་ཧུྃ་ཕཊ། བྷནྡྷ་བྷནྡྷ་ཧུྃ་ཕཊ། ཧུ་ལུ་ཧུ་ལུ་ཧུྃ་ཕཊ། ཏིཥྛ་ཏིཥྛ་ཧུྃ་ཕཊ། ཚིནྡྷ་ཚིནྡྷ་ཧུྃ་ཕཊ། བྷིནྡྷ་བྷིནྡྷ་ཧུྃ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ་ཧ་ཕཊ། ཕྱོགས་ བཅུ་དག་ཏུ་མཚམས་གཅད་དོ། ། ས་གཞི་རབ་ཏུ་སྦྱངས་ནས་ནི། ། དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། ། དྲི་སྣ་ལྔ་དང་རཀྟ་ཡིས། ། བྱུགས་པའི་མཎྜལ་བཟང་དུ་བྱའོ། ། བ་སུ་ཏ་ཡི་རྒྱུ་ཕྲེང་གིས། ། ཐིག་ནི་བཅུ་དྲུག་ཆར་ཡང་གདབ། ། དེ་ལ་ཐིག་ ལེ་བཅུ་དྲུག་གམ། ། ཡང་ན་ཕྱག་མཚན་བཅུ་དྲུག་དགོད། ། དེའི་དབུས་སུ་བཞག་པའི་སྣོད་ནི། ཐོད་པ་མ་གས་མ་ཆག་པ། ། ཡང་ན་རུས་སྦལ་མགོ་ཡང་རུང་། ། དཀྱིལ་འཁོར་དེ་ཡི་དབུས་སུ་གཞག ། བདུད་རྩི་སྣ་གྲངས་བརྒྱ་རྩ་བརྒྱ་ད། ། བཏགས་ཏེ་ ཐོད་པའི་ནང་དུ་དགང་། ། འཁོར་ལོ་ལྟེ་བའི་དབུས་སུ་གཞག ། ཕྱོགས་བཞི་མཚམས་བརྒྱད་རྣམས་སུ་ཡང་། །
BOསྣོད་ནི་བཞི་འམ་བརྒྱད་བཞག་ལ། ། རིགས་དང་ཁ་དོག་མཐུན་པའི་དར། ། བྷནྡྷ་ལྔ་ཡི་ཁ་ནས་དགབ། ། ཡང་ན་བུམ་པའི་མགུལ་ཆིངས་བྱའོ། ། ར་ས་ཡ་ན་ལ་སོགས་རྫས། ། ཇི་སྙེད་འབྱོར་པས་མ་ལུས་ཀུན། ། དཀྱིལ་འཁོར་དེ་ལ་བསྐོར་ཏེ་གཞག ། དེ་བཞིན་དར་དཀར་མཐིང་ཡོལ་གྱིས། ། དཀྱིལ་འཁོར་འཁོར་བར་རབ་བསྐོར་ནས། ། དཀྱིལ་འཁོར་གྲྭ་བཞིར་མདའ་བཞི་གཟུགས། ། མེ་ལོང་བཞི་ དང་རཏྣ་བཞི། ། རལ་གྲི་བཞི་དང་ཕུར་པ་བརྒྱད། ། དཀྱིལ་འཁོར་འཁོར་བར་བསྐོར་ཏེ་གཞག ། ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། ། རྒྱུ་ཡི་ཏིང་འཛིན་འབྲས་བུ་ལས། ། དེ་ཉིད་བྱང་ཆུབ་སེམས་སུ་འགྱུར། ། འབྱུང་ལྔ་ཡུམ་གྱི་དཀྱིལ་འཁོར་དག ། བྱང་ཆུབ་སེམས་ལས་རིམ་བཞིན་སྐྱེད། ། རཾ་ཡི་ཁཾ་སུ་བྲུྃ། ནམ་མཁའི་དབྱིངས་དང་མཉམ་པ་ཡི། ། གཞལ་ཡས་གསལ་བར་གྱུར་པར་བསྒོམ། ། དབུས་སུ་བྱང་ཆུབ་སེམས་ཆེན་པོ། ། ཤར་དུ་རྡོ་རྗེ་དྲི་ཆེན་ཆེ། ། ལྷོ་རུ་མཾ་ས་ཤ་སྣ་ཚོགས། ། ནུབ་ཏུ་པདྨ་ རཀྟའི་ཚོགས། ། བྱང་དུ་དྲི་ཆུ་སྣ་ཚོགས་ཏེ། ། འདི་རྣམས་རིམ་བཞིན་བཀོད་པ་ལ། ། གཙོ་བོས་སྦྱོར་བ་ཚུལ་བཞིན་བགྱིས་ནས། མེ་ལོང་ཡུ་བ་ཅན་གྱི་སྟེང་དུ། བྱང་ཆུབ་ཀྱི་སེམས་བླངས་ཏེ།
BOདབུས་ཀྱི་སྣོད་བླངས་ལ། ཁ་ཤར་ཕྱོགས་སུ་བལྟས་ཏེ། བྱང་ ཆུབ་སེམས་ཀྱིས་གཡབ་ཅིང་དབྱངས་འདི་བརྗོད་དོ། ། བྱང་ཆུབ་སེམས་འདིའི་ཡེ་ཤེས་རང་བཞིན་ཏེ། ། དྲི་མེད་རྣམ་དག་ཆར་བཞིན་བབ་པ་ལས། ། འགྲོ་བ་ཀུན་སྐྱེད་ཡིད་བཞིན་ནོར་བུའི་ཚུལ། ། གདོད་ནས་དག་པས་བདུད་རྩིའི་རང་བཞིན་ལ། ། གཉིས་མེད་སྦྱོར་ བས་རྡོ་རྗེའི་རིགས་ཆེན་འགྲུབ། ། མེ་ལོང་ཡེ་ཤེས་དེ་ཉིད་ཡིན་པར་བཤད་ཅེས་བརྗོད་དེ། དབུས་ཀྱི་བྷནྡྷའི་ནང་དུ། ཤེལ་ཕོར་བཞག་ལ། བྱང་ཆུབ་སེམས་ཐམས་ཅད་དང་། གདུང་དང་གོ་རོ་ཙ་ན་ལ་སོགས་པ་ཀུན་བསྡུས་ལ་བླུགས་སོ། ། འགུ་ཡ་ ལག་གི་ཕྱག་རྒྱ་ཡིས། ། དེ་ཡི་སྟེང་དུ་བཞག་ནས་ནི། ། སྒྲུབ་པ་པོ་ཀུན་ཁ་ཤར་ཕྱོགས་སུ་བལྟས་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་གཡབ་ཅིང་། སྔགས་འདི་བརྒྱད་རྩ་བརྒྱད་བཟླས་སོ། ། ཨོཾ་ཨཱཿཧཱུྃ་བཛྲ་ས་ཏྭ་ཧཱུྃ། སརྦ་ཨེ་ཤུདྡྷེ། ཨ་མྲྀ་ཏ་སུ་ཁ་མ་ཧཱ་ཡོ་ག་ཧུྃ། ཙིཏྟ་ཧུྃ་ཨོཾ་ཨཱཿཧུྃ། ཨཀྵོ་བྷྱཿདྷེ་ཥ་ར་ཏི་ས་མ་ཡ་སྟྭཾ་ཞེས་བརྗོད་ནས། དབུས་སུ་བླུགས་ལ་གཞག་གོ། ། ལྷོ་ཕྱོགས་སུ་ཁ་བལྟས་ཏེ། མ་ཧཱ་མཾ་སའི་སྣོད་བླངས་ལ་འདི་སྐད་བརྗོད་དོ། ། སེམས་ཅན་རྣམས་ནི་གནས་ལ་ཆགས། །
BOནོར་བས་བདག་ཉིད་ གཙང་མར་འཛིན། ། དོན་གྱིས་སུན་ནི་མ་ཕྱུང་ན། ། བསོད་ནམས་ཐམས་ཅད་དང་བྲལ་བའི། ། {ཡི་དགས་,ཡི་དྭགས་}སྐམ་ཐག་ཆད་པ་ཡང་། ། བདག་ལུས་གཏོང་བར་མི་ཕོད་ན། ། ལྷ་ལ་སོགས་པའི་བསོད་ནམས་ཀྱིས། ། ལུས་ཅན་རྣམས་ལ་སྨོས་ཅི་དགོས། ། དེ་བས་འདི་ཀུན་ སུན་དབྱུང་ཞིང་། ། རང་འབྱུང་བདུད་རྩི་བསྟན་པའི་ཕྱིར། ། ལྷས་ཀྱང་ལྷ་ཡི་བདག་ཉིད་བཟའ། ། མི་ལ་སོགས་པ་དེ་བཞིན་དུ། ། རྣལ་འབྱོར་པས་ཀྱང་སྤྱད་ཅིང་བཟའ། ། འདི་ལྟར་བདག་གཞན་མི་འབྱེད་པས། ། བླང་དོར་མེད་པར་གྲོལ་བ་ཡིས། ། མཉམ་པ་ཉིད་ཀྱི་དོན་མཐོང་ན། ། ཐམས་ཅད་མཉམ་ཉིད་ཡེ་ཤེས་སྐུ། ། བདེར་གཤེགས་རིན་ཆེན་རིགས་མཆོག་འགྲུབ། ། ཨོཾ་ཨཱཿཧཱུྃ་མ་ཧཱ་མཾ་ས། ས་མ་ཡ་ར་ཧོ་ཧྃ། རཏྣ་ར་ཏི་སམ་ཡ་སྟྭཾ་ཞེས་བརྗོད་དེ། རིན་པོ་ཆེའི་རིགས་ཡབ་ཡུམ་སྤྱན་དྲང་ཞིང་བརྒྱ་རྩ་བརྒྱད་བརྗོད་དེ། མ་ཧཱ་མཾ་ས་ དང་། ཤ་སྣ་ཚོགས་བསྟབས་ཤིང་ལྷོར་གཞག་གོ། ། ཁ་ནུབ་ཕྱོགས་སུ་བལྟས་ཏེ། རཀྟ་སྣ་ཚོགས་ཀྱི་སྣོད་བླངས་ལ་འདི་སྐད་བརྗོད་དོ། ། རཱ་ག་རཀྟ་པདྨ་འབྱུང་། ། སྨད་པ་མི་གཙང་རྫས་འདི་དག ། ཆགས་ཡུལ་བདེ་བའི་གནས་ཡིན་ཏེ། ། པདྨ་རིགས་ ཀྱི་དམ་ཚིག་འགྲུབ། །
BOསོ་སོར་རྟོགས་པའི་ཡེ་ཤེས་ཡིན་ཞེས་བརྗོད་ཅིང་། ནུབ་ཕྱོགས་ཀྱི་སྣོད་ཀྱི་ནང་དུ་བླུགས་ལ་བཞག ། ཨོཾ་ཨཱཿཧཱུྃ་མ་ཧཱ་པདྨ་རཀྟ་མུ་ལ། ཨ་མྲྀ་ཏཱ་བྷ་རཱ་ག་ར་ཏི། ས་མ་ཡ་ཧུྃ་སུ་བ་ཧྲིཿཞེས་བརྗོད་དེ་ནུབ་ཕྱོགས་སུ་གཞག་གོ། ། ཁ་བྱང་ཕྱོགས་སུ་བལྟས་ཏེ་དྲི་ཆུའི་སྣོད་བླངས་ནས་འདི་སྐད་བརྗོད་དོ། ། ཀུན་འབྱུང་ཟག་པ་གུར་གུམ་ཆུ། ། རྡོ་རྗེ་དྲི་ཡི་ཆུ་ཡིན་ཏེ། ། ཆུ་ལས་མ་བྱུང་གང་ཡང་མེད། ། ལས་ཀྱི་རིགས་ཀྱི་དམ་ཚིག་དང་། ། ནན་ཏན་ཡེ་ཤེས་མཆོག་ཀྱང་འགྲུབ། ། ཨོཾ་ཨཱཿཧཱུྃ་ཨ་མོ་གྷ་སིདྡྷི། བཛྲ་ར་ཏི་ས་མ་ཡ་སྟྭྃ་ཞེས་བརྗོད་དེ་བྱང་ཕྱོགས་སུ་གཞག་གོ། ། ཤར་གྱི་སྣོད་དང་དྲི་ཆེན་བླངས་ཏེ་འདི་སྐད་བརྗོད་དོ། ། སྨད་པ་མི་གཙང་སྙིགས་མ་འདི། ། རྟོག་པ་དེ་ཉིད་སྙིགས་མ་ཡིན། ། ཚེ་མཆོག་འཛིན་པའི་ བདུད་རྩི་སྟེ། ། གདོད་ནས་དག་པའི་རང་བཞིན་པས། ། བདེ་གཤེགས་ཀུན་གྱི་ཐུགས་དམ་ཉིད། ། གཉིས་མེད་སྐུ་རུ་སྦྱོར་བས་ན། ། ཆོས་དབྱིངས་ཡེ་ཤེས་དམ་ཚིག་འགྲུབ། ། ཨོཾ་བཻ་རོ་ཙ་ན་མོ་ཧ་ར་ཏི་ས་མ་ཡ་སྟྭྃ། མ་ཧཱ་ཡོ་ག་ཨ་ཏི་སྥཱ་ར་ཎ་བ་ལིནྟེ། ཨ་མྲྀ་ཏ་ཨུ་ཙི་ཐ་ཨ་དྷི་ཏིཥྛ་ཨོཾ་ཞེས་བརྗོད་དོ། །
BOདེ་ནས་སྒྲུབ་པ་པོ་ཀུན་གྱིས་ཐལ་མོ་སྦྱར་ཏེ། དབུས་ཀྱི་སྣོད་ཡུམ་གྱིས་བླངས་ཏེ་འདི་སྐད་བརྗོད་དོ། ། ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། ། སངས་རྒྱས་ཀུན་གྱི་ཆོས་ཉིད་འདི། ། སྙིང་པོ་ཆོས་ཀྱི་ དོན་ལས་འབྱུང་། ། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། ། སྨད་པར་བྱ་བའི་རྫས་ལྔ་པོ། ། གཅིག་ལ་ཡོན་ཏན་ལྔ་ལྔའམ། ། གཅིག་ལའང་ཡོན་ཏན་གསུམ་དུ་དབྱེ། ། དམ་ཚིག་རྩ་བ་{བཅྭ་,བཅོ་}ལྔ་ཡིན། ། ཡན་ལག་ཉི་ཤུ་རྩ་བརྒྱད་དོ། ། སྣོད་བཅུད་དབུས་ སུ་འདུས་ནས་ནི། ། བཅུ་དྲུག་པོར་ཡང་བསྟན་པར་བྱའོ། ། ཐབས་དང་ཤེས་རབ་ལྡན་པ་ལས། ། སེམས་དཔའ་སེམས་མའི་ཚོགས་སུ་བལྟའོ། ། རྩ་བ་བརྒྱད་དང་ཡན་ལག་བརྒྱད། ། རྫས་ནི་སེམས་དཔའ་བཅུ་དྲུག་སྟེ། ། སྣོད་དབྱིངས་སེམས་མ་ བཅུ་དྲུག་ཡིན། ། འཁོར་ལོ་རྩིབས་ནི་བཅུ་དྲུག་ཀྱང་། ། རང་བཞིན་མི་གཉིས་དབྱིངས་གཅིག་པས། ། ཕྱག་རྒྱ་ཐིག་ལེ་ལྡན་པར་བསྒོམ། ། སུམ་ཅུ་རྩ་གཉིས་མཚན་ལྡན་པ། ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ རྫོགས། ། རྒྱུ་ཡང་གསང་ལ་འབྲས་བུའང་གསང་། ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། ། མཛོད་ལྡན་དཔལ་གྱི་ཕྱག་རྒྱ་དང་། །
BOཁ་འབྱེད་རྡོ་རྗེའི་ཕྱག་རྒྱ་ནི། ། འཁོར་ལོ་རྩིབས་ཀྱི་དབུས་སུ་གཞག ། བདུད་རྩི་ལྔ་དང་རྩ་བ་བརྒྱད། ། མིག་དང་རྣ་བ་སྣ་ དང་ལྕེ། ། མཚན་དང་རྣམ་ཤེས་ཡུལ་དང་བཅས། ། འདུས་ལ་མ་བྱས་རྡོ་རྗེ་སྟེ། ། དགོངས་པ་འདུས་པས་རྡོ་རྗེར་བཤད། ། རྡོ་རྗེ་སེམས་དཔར་རབ་སྦྱར་ནས། ། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་སཏྭ་ཧཱུྃ་ཞེས་ བརྗོད་དེ། བདུད་རྩི་རྣམ་ལྔ་བྱིན་གྱིས་བརླབ་ཅིང་བསྐུལ་ལོ། ། དེ་ནས་ཡང་རྩ་བ་བརྒྱད་དང་ཡན་ལག་སྟོང་དུ་འདུས་ཤིང་སྦྱར་བ་དང་བསྐུལ་བའི་ཚིག་འདི་བརྗོད་དོ། ། དེ་ནས་ཡང་སྣོད་སྟོང་པར་རྒུན་ཆང་དང་། སྦྲང་ཆང་དང་། རྒྱ་ཆང་དང་། བུ་རམ་ཆང་ དང་། འབྲས་ཆང་དང་། ཆང་སྣ་ཚོགས་སྦྲེང་ཞིང་འདི་སྐད་བརྗོད་དོ། ། འབྲུ་རྣམས་ལ་ཡང་ཆང་མེད་དེ། ། ཆུ་ལ་ཆང་གི་རང་བཞིན་མེད། ། མཁས་པས་འབྲུ་དང་ཆུར་སྦྱར་ན། ། མཉམ་པ་ཉིད་ཀྱི་ཆང་དུ་འགྱུར། ། ཆང་བྱིན་གྱིས་བརླབ་པའི་སྔགས། ཨོཾ་ཨ་མྲྀ་ཏ་ཛ་གད་ པྲ་བ་སྭཱ་ཧཱ། ཨོཾ་ཛི་བ་སྭཱ་ཧཱ། སྨན་ཆང་དུ་བླུགས་ལ། དཀྲུགས་པའི་སྔགས། མུ་ས་ལ་མུ་ས་ལ། རོ་མཆོག་གོ་འཕང་ཐོབ་པར་འགྱུར། ། མི་གཙང་བ་ལའང་གཙང་བ་མེད། །
BOམན་ངག་ཅན་གྱི་གྲུབ་པ་བོས། ། མཁས་པས་གཉིས་མེད་སྦྱར་བས་ན། ། མཉམ་པ་ ཉིད་ཀྱི་དོན་ཐོབ་འགྱུར། ། ཀྲོ་ངྷཱི་ཤྭ་རི་ཤོ་དྷ་ཡ་སྃ་ཤོ་དྷ་ཡ། ཡང་འོ་མ་སྣ་ཚོགས་སྦྲེང་ཞིང་འདི་སྐད་བརྗོད་དོ། ། རྟ་དང་མི་ལ་སོགས་པ་ཡི། ། ཇི་ལྟར་འོ་མར་གྱུར་པ་ལ། ། མཁས་ལྡན་ཆེན་པོས་རབ་སྦྱར་ན། ། ཡོན་ཏན་ཞོ་དང་མར་ལྟར་སྣང་། ། དེ་བཞིན་རྫས་ རྣམས་བསྒྱུར་བས་ན། ། མཉམ་ཉིད་ཡོན་ཏན་མར་ལྟར་འགྲུབ། ། ཞེས་བརྗོད་དེ། བྱང་ཆུབ་སེམས་ཀྱི་སྣོད་དུ་སྦྲེང་ངོ་། ། དེ་ནས་རིན་པོ་ཆེ་སྣ་ཚོགས་བདར་ཞིང་འདི་སྐད་བརྗོད་དོ། ། དཔེར་ན་གསེར་དང་རིན་ཆེན་ལྟར། ། གཅིག་ཏུ་བསྲེས་དང་སོ་སོར་གནས། ། སོ་སོར་གནས་ཀྱང་རང་རང་གི། ། ཁ་དོག་མཚན་ཉིད་སོ་སོར་གསལ། ། རིན་ཆེན་ཡོན་ཏན་དེ་འདྲ་ཡང་། ། བསྡུས་ནས་ཡོན་ཏན་རྨད་དུ་འགྱུར། ། དེ་བས་གཉིས་སྤྲས་མཛེས་པར་སྣང་། ། དེ་བཞིན་རྫས་ཀྱི་ཡོན་ཏན་ཡང་། ། རང་གི་ཡོན་ཏན་རིན་ཆེན་སྣང་། ། གཉིས་ མེད་མཉམ་པར་སྦྱར་བས་ན། ། བླ་མེད་ཡོན་ཏན་རྨད་དུ་འགྱུར། ། ཐམས་ཅད་གཅིག་ཏུ་བསྡུ་བའོ། ། དེ་ནས་བདུད་རྩི་ར་ས་ཡ་ན་སྣ་ཚོགས་བསྡུས་ཏེ། སྣོད་སྟོང་བར་ཆུ་སྣ་ཚོགས་སྦྲེང་ཞིང་འདི་བརྗོད་དོ། །
BOཆུ་རྣམས་སྣ་ཚོགས་ཐ་དད་པ། ། རྒྱ་མཚོར་ཕྱིན་ན་ལན་ཚྭའི་ རོ། ། དེ་དག་ཐམས་ཅད་བསྡུས་པའི་དཔལ། ། རྒྱ་མཚོ་ཙམ་དུ་རླབས་ཆེ་ལ། ། ཆོས་ཀྱི་དབྱིངས་སུ་རོ་གཅིག་གོ། ། འབྱུང་བ་ལྔ་ཡི་ཐུགས་རྗེ་ལས། ། སྨན་དང་བདུད་རྩི་རྣམ་ལྔ་པོ། ། འགྲོ་བ་ཡོངས་ཀྱི་གསོས་མཛད་པ། ། ཐུགས་རྗེས་བྱིན་གྱིས་བརླབས་པའོ། ། དངོས་པོ་མེད་ལས་དངོས་གྲུབ་བླང་། ། བྱང་ཆུབ་སེམས་ཀྱི་སྤྲིན་ཡིན་པས། ། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་པར་འགྱུར་དེ་སྐད་ཅེས་བརྗོད་དེ། སྨན་ལག་ཏུ་བླངས་ནས། ངོས་ངོས་ནས་སྨན་ཆེ་བའི་ཡོན་ཏན་བརྗོད་དོ། ། རང་འབྱུང་གདོད་ནས་དག་པ་ཡི། ། རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། ། ར་ས་ཡ་ན་ལ་སོགས་རྫས། ། རྩ་བ་འབུམ་ཕྲག་ཡངས་པའི་བཅུད། ། གཉིས་མེད་བདེ་ཆེན་ལས་འབྱུང་བའི། ། བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། ། ཤ་ཆེན་མཆོད་པ་རིན་པོ་ཆེ། ། ཟས་མཆོག་ཚེ་ཡི་དྲི་ཆེན་པོ། ། པདྨ་མེ་ཏོག་ ཡང་དག་ལྡན། ། རྡོ་རྗེ་ཆུ་སྟེ་བདུད་རྩི་མཆོག ། ག་པུར་ཤེལ་གྱི་སྤོས་ཕོར་བྲི། ། རིན་ཆེན་མེ་ལྟར་འབར་བའི་ཚོགས། ། ཡོན་ཏན་འབུམ་ཕྲག་ཡངས་པའི་བཅུད། ། རིགས་ལྔ་དམ་ཚིག་ལྔ་ཡི་དངོས། ། ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །
BOརྒྱུད་ལྔ་ སེམས་ཅན་ཀུན་སྒྲོལ་བའི། ། དུག་ལྔ་སེལ་བའི་ཐབས་མཆོག་སྟེ། ། ཐམས་ཅད་རྣལ་འབྱོར་བདུད་རྩི་ཆེ། ། མ་ལུས་འདུས་པའི་ཐིག་ལེ་སྟེ། ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཕྱིར། ། གཅིག་ཏུ་དཔའ་བོ་རོ་རྣམས་དང་། ། གཉིས་སུ་མེད་པར་མཉམ་སྦྱར་ ནས། ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། ། རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད། ། ཞེས་བརྗོད་དོ། ། དེ་ནས་ཤེས་རབ་ཡུམ་རྣམས་ཀྱིས། སྨན་ལག་ཏུ་བཞག་ལ། ཡང་བཀྲ་ཤིས་པ། དོན་ལ་དམ་པ་འདི་བརྗོད་དོ། ། ངོ་མཚར་རྨད་དུ་བྱུང་བའི་ཆོས། ། ནམ་མཁའ་དང་ནི་མཉམ་པའི་གནས། ། རྣམ་པར་མི་རྟོག་སྣང་བ་ལས། ། ཀུན་རྫོབ་ཙམ་དུ་བསྟན་པ་མཚར། ། ཞེས་བརྗོད་དོ། ། སྨན་སྣོད་བཅུད་ཆས་པར་ལག་ཏུ་བླངས་ལ་ཡུམ་གྱི་གཙོ་བོ་ལ་བདུད་རྩི་ཕུལ་ཏེ། གཙོ་བོས་བླངས་ཏེ་ཕྱག་རྒྱ་ཆེན་པོར་བསྒྱུར་ ཞིང་བསྒོམ་མོ། ། དེ་ནས་བསྒྲུབ་པ་པོའི་གཙོ་བོས་དཔའ་ཆས་སུ་ཞུགས་ཏེ། བ་ཡང་ཉོ་བ་ཏི་དང་། བ་ཡང་ཤང་གི་ར་དང་། ན་ར་སི་ར་དང་། ཐལ་ཆེན་གྱི་ཐིག་ལེས་བརྒྱན་ཏེ། སྲོ་ཙ་ཨྃ་ཛ་ན་དང་། དགུག་ཅིང་གཡབ་པའི་དམ་རྫས། མཆོག་གི་ཧ་སྟ་དང་། བརྟ་ ཤ་རིལ་དང་། ཤུན་ཆེན་གྱི་འབྲེང་བ། འདྲེ་བརྡབ་པའི་ལྕག་དང་།
BOརྐང་གི་གླིང་བུ་བུད་ཅིང་ཀུ་ཤའི་གླུ་བླང་། མཆོག་གི་ཚར་མ་དང་། ཤུན་ཆེན་གྱི་གཡང་གཞི་བཏིང་ལ། གུ་གུལ་གྱི་མགོ་མ་ཡེང་གིས་བཀུས་ལ། རཀྟའི་ཐིག་ལེ་དགུ་བྱས་ཏེ། མཚོན་རེ་རེའི་སྟེང་དུ་ཏ་ཀྲིད་བརྒྱད་ གཞག་གོ། ། བྱཱ་གྷྲ་ཚར་མའི་གཡང་གཞི་ཏ་ཀིས་གྱོན་ལ། མདུད་ལ་བ་དན་ཕྱར་ནས་ཐོགས་ཏེ། དཀྱིལ་འཁོར་ཡང་འཁོར་ལོ་རྩིབས་བརྒྱ་ད། དབུས་སུ་ཟླ་གམ་དམར་པོ་གཅིག་བྲིས་ནས། དེའི་སྟེང་དུ་སྨན་སྤུངས་ལ། སྒྲུབ་པ་པོ་ཡབ་ཡུམ་ཡང་སྦྱོར་བ་ཚུལ་བཞིན་དུ་བགྱི། ལྷ་མོ་བཅུ་དྲུག་གི་བསྙེན་པ་བརྒྱ་རྩ་བརྒྱད་ཡན་ཆད་གདོན་ནོ། ། དེ་ནས་བྱིན་དབབ་ཅིང་། དབབ་པའི་ཕྱག་རྒྱ་ཡང་བྱའོ། ། གཡབ་མོའི་བརྡ་ལ་སོགས་ཏེ་བརྡ་སྣ་ཚོགས་དང་། ཐབས་ཀྱི་རྡོ་རྗེ་བཛྲ་ཤ་རཱི་རཾ་ལ་སོགས་པ་དང་། ཡང་ན་མཆོག་གི་ལག་པ་གཡོན་གྱིས། སྨན་དགུག་ཅིང་ གཡབ་ཅིང་། འཁར་གཞོང་གི་ནང་དུ་བསྲེས་ཏེ་བཙགས་ལ་སྨན་བྷནྡྷའི་ནང་དུ་བླུགས་ལ། རྡོ་རྗེས་དཀྲུག་ཅིང་གླུ་དང་གར་དང་རྔ་དང་། དམ་པའི་ཚིག་གིས་བསྟོད་དོ། ། སྤོས་ཀྱིས་བདུག་ཅིང་གར་གྱི་བྲོ་ཐགས་དང་། རྡོ་རྗེ་འགྲོས་ཀྱིས་དཀྱིལ་འཁོར་དུ། བདུད་རྩི་དབུས་སུ་ བཞག་ལ་བསྐོར་རོ། །
BOདེ་ནས་ངོས་ངོས་ནས་ཀྱང་ཆེ་བའི་ཡོན་ཏན་བརྗོད་དོ། ། ཡང་ཞི་བའི་ལྷའི་དཀྱིལ་འཁོར་ཡང་། ། རིགས་སོ་སོའི་ཡིག་འབྲུ་ཀུན་སྨན་ལ་བསྟིམ་ཞིང་འདི་བརྗོད་དོ། ། ཨོྃ་ཨ་མྲྀ་ཏ་སརྦ་མ་ཧཱ་ཡོ་ག་ཧཱུྃ། ཨོྃ་བཛྲ་སརྦ་ས་མ་ཡ་ཧཱུྃ། ཨོྃ་མ་ཧཱ་ སརྦ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧྲཱིཿ། ཨོྃ་སརྦ་ཨེ་ཤུདྷེ། ཀྲོ་ངྷཱི་ཤྭ་རི། སརྦ་ཤོདྷ་ཡ། ཨོྃ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧུྃ་ཧྲཱིཿཐ་ཞེས་རབ་ཏུ་ཡང་བཟླས་སོ། ། དེ་ནས་ཧོམ་དང་སྦྱིན་སྲེག་དང་། མེའི་ཕུད་ཀྱང་ནང་དུ་བླུགས་སོ། ། དེ་ནས་སེམས་སྦྱང་བའི་སྨན། ལེང་ལེང་ཧྭ་དང་། ཤེལ་ག་པུར་དང་། སྙིང་ཞོ་ཤ་དང་། མཁལ་མ་ཞོ་ཤ་དང་། གླ་གོར་ཞོ་ཤ་དང་། ཤུ་དག་ཀུ་བེ་ར་དང་། ཤུ་དག་པྲ་མེ་དང་། ཤུ་དག་ནབ་སེ་དང་། ར་ས་ཡ་ན་དང་། ར་ས་ཡ་ན་ཏ་ན་ཛ་ཡ་དང་། ཁྲུས་མཁན་ཨུཏྤ་ལའི་ཐིག་ལེས་བརྒྱན་ལ། གདོད་སྨན་བསྲེ་ཞིང་སྦྱར་ ནས། དཀྲུགས་ལ་བྷན་དྷ་ར་སྩལ་ཏེ། བྷན་དྷ་གཉིས་ཁ་སྦྱར་ལ། དར་གྱིས་བཅིངས་ལ། མཚམས་སུ་རྒྱས་བཏབ་ལ། གཟོད་དཀྱིལ་འཁོར་ཟླ་གམ་གྱི་དབུས་སུ་གཞག་གོ། ། སྔགས་དགུ་པ་འཛབ་དུ་དྲང་ངོ་། ། འདི་མགོ་མཇུག་ཏུ་ཚོགས་ཀྱི་མཆོད་ པ་བར་མི་བཅད། མཛད་པ་བཅུ་གཉིས་ཀྱི་འཕྲོ་འདུ་ཡང་བྱ།
BOསྨན་བསྒྲུབ་པའི་དོན་དང་། སྦྱར་ཐབས་བསྟན་པའི་ལུང་དང་། ལས་ཀྱི་རིམ་པའི་སྐུལ་ཚིག་དང་། ཡོ་བྱད་དུ་བྱས་པའི་རྣམས་བདུད་རྩི་ཆེན་པོ་མཆོག་གི་ལུང་ལས་བདུད་རྩི་བུམ་པའི་ལུང་གི་བམ་པོ་ བདུད་རྩི་འབུམ་སྡེ་ལས་འབྱུང་བའི་དོན། བམ་པོ་ཆེན་པོ་བདུན་པ། ། ། ། {D841-8}རྒྱ་གར་སྐད་དུ། བྷ་ག་བཱན་མཉྫ་ཤྲཱི་ཏཱིཀྵྞཱ་ན་མཿསིདྡྷྃ། བོད་སྐད་དུ། བཅོམ་ལྡན་འདས་འཇམ་དཔལ་རྣོན་པོ་ལ་ཕྱག་འཚལ་ ལོ། ། དེ་ནས་བཅོམ་ལྡན་འདས་དཔལ་ཉིད་སྐུ་རྡོ་རྗེ་ལྟ་བུ་བྱང་ཆུབ་ཀྱི་དགོངས་པ་ཉིད་ལ་བཞུགས་པ་ལ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་དུ་བཟང་པོ་ནི། དུས་གསུམ་འདུ་འབྲལ་མེད་པའི། ཡུམ་གྱི་ཚལ་ཆེན་པོ་ན་དགོངས་པ་ཆོས་ཀྱི་དབྱིངས་ ཞི་བ་ཆེན་པོ་ལ་བཞུགས་སོ། ། རིགས་ལྔ་བདེ་བར་གཤེགས་པ་རྣམས་ཀྱང་། གསང་བའི་ཡུམ་བཞི་དང་། འཁོར་བྱང་ཆུབ་སེམས་དཔའི་ཚོགས་དང་། སེམས་མའི་ཚོགས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ན། སྲས་མཆོག་དམ་པ་ཉེ་བའི་འཁོར། རིགས་ཀྱི་རྒྱལ་པོ་ མ་ལུས་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། དྲང་སྲོང་ཆེན་པོ་དང་། ལྷ་དང་ཀླུ་དང་།
BOལི་ཙྪ་བཱི་ལ་སོགས་པའི་མི་རྣམས་ཀུན་ལ་དཔལ་ཀུན་དུ་བཟང་པོས་བཀའ་སྩལ་པ། ནན་ཏན་གྱིས་ནི་བརྩོན་འགྲུས་བསྐྱེད། ། ཐེ་ཚོམ་མེད་ན་ངེས་པར་འགྲུབ། ། བདུད་རྩི་ཆེན་པོ་རྣམ་ལྔ་འདི། ། སྤྱད་ཅིང་བཅངས་པའི་ཡོན་ཏན་དང་། ། རང་བཞིན་དང་ནི་ངོ་བོ་དང་། ། མཐུ་དང་བྱིན་གྱིས་བརླབས་ཀྱིས་འགྲུབ། ། མི་བརྗེད་རྒྱུན་གྱི་ཏིང་ངེ་འཛིན། ། ངེས་པར་བསྒྲུབ་པའི་ཡོན་ཏན་ནི། ། ངེས་པའི་མན་ངག་གསུམ་དུ་བསྟན་ཞེས་བཀའ་སྩལ་ནས། སྡུད་པ་པོ་ཆོས་ཀྱི་དོན། འཇམ་དཔལ་ རྣོན་པོ་ལ་གཏད་དོ། ། དེ་ནས་འཕགས་པ་འཇམ་དཔལ་གྱིས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་འཁོར་ཚོགས་རྒྱ་མཚོ་དང་བཅས་པ་རྣམས་ལ་འདི་སྐད་བརྗོད་དོ། ། ཨེ་མ་ཧོཿསངས་རྒྱས་ཀུན་དུ་བཟང་། ། གསང་ཆེན་ཐིག་ལེ་ཉིད་ལ་རྫོགས། ། མ་རིག་མུན་སེལ་ཡེ་ཤེས་སྒྲོན། ། དཔའ་ བོ་ཁྱོད་ལ་སྐྱབས་སུ་མཆིའོ། ། རང་འབྱུང་དྲི་མེད་བདུད་རྩི་འདི། ། སངས་རྒྱས་ཀུན་གྱིས་བསྔགས་པའི་མཆོག ། མི་ཤེས་དྲི་མ་ཀུན་བཅོམ་ནས། ། ངེས་པའི་དབྱིངས་ལ་འགོད་མཛད་པ། ། གཉིས་མེད་གུས་པས་ཕྱག་འཚལ་ལོ། ། སྣང་མཛད་རྡོ་རྗེ་རྒྱལ་སྤྱན་དང་། ། མི་བསྐྱོད་ཉི་མ་སྣང་ མཐའ་ཡས། །
BOདོན་ཡོད་བདུད་རྩི་འཁྱིལ་པ་ལ། ། དགྱེས་ཤིང་གུས་པས་ཕྱག་འཚལ་ལོ། ། དབྱིངས་ཕྱུག་ཡུམ་གྱི་ཚོགས་རྣམས་ལ། ། དགའ་བའི་ཡིད་ཀྱིས་འདུད་ཕྱག་འཚལ། ། ལག་ན་རྡོ་རྗེ་རྒྱལ་པོ་དང་། ། ཀུན་བཟང་བློ་གྲོས་ཆེན་པོ་དང་། ། དོན་རབ་ས་སྙིང་ལ་སོགས་ལ། ། རབ་ ཏུ་གུས་པས་ཕྱག་འཚལ་ལོ། ། ནམ་མཁའི་འཇིག་རྟེན་དབང་པོ་དང་། ། འགྲོ་བ་འཛིན་མཆོག་དམ་པ་ལ། ། གཉིས་མེད་གུས་པས་ཕྱག་འཚལ་ལོ། ། དག་ལ་རང་བཞིན་དྲི་མེད་སྐུ། ། ཚུལ་བཞིན་ཕྲེང་བ་དབྱངས་དང་གར། ། སྤྱོད་མཆོག་དགའ་སྡུག་ཕྱག་འཚལ་ལོ། ། བདུག་པ་མེ་ཏོག་ མར་མེ་ཧོ། ། གཟུགས་མཆོག་མཉེས་མཛད་ལྷ་མོ་ལ། ། མོས་པས་འདུད་ཅིང་ཕྱག་འཚལ་ལོ། ། རིག་བྱེད་ཚོགས་ཀྱི་བདག་པོ་མཆོག ། རྡོ་རྗེ་སྲིན་པོ་འདུལ་མཛད་པ། ། ཁྲོ་རྒྱལ་ཡབ་ཡུམ་འཁོར་བཅས་ལ། ། གུས་པས་བསྟོད་དེ་ཕྱག་འཚལ་ལོ། ། དེ་ནས་འཁོར་རྒྱལ་བ་རྒྱ་མཚོ་དང་ བཅས་པ་རྣམས་ཀྱིས་ལེགས་སོ་ལེགས་སོ། ། ཨ་ལ་ལ་ཧོཿཞེས་བརྗོད་ནས་གནང་ངོ་། ། དེ་ནས་དབང་བྱིན་ཏེ། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས། ཐམས་ཅད་བདུད་རྩིའི་རང་བཞིན་ལ། མཁྱེན་རབ་དང་པོས་ཀུན་གྱི་མཆོད་པ་ཆེན་པོ་མཛད་དོ། །
BOདེ་ ཡང་ཉིད་ཀྱིས་ཉིད་ལ་མཆོད་དེ། འདི་མན་ཆད་ཡེ་ཤེས་ཀྱི་ལྷ་རྣམས་ཀྱིས་ཏིང་ངེ་འཛིན་བྱང་ཆུབ་ཀྱི་སེམས་བདུད་རྩི་ཆེན་པོར་ཐིམ་ནས། མཉམ་པ་ཉིད་ཀྱི་དབྱིངས་ལ་མི་སྣང་བར་བྱས་ནས། མ་ཧཱ་སུ་ཁ་ལ་སྦས་ཏེ་བཞུགས་པ་ལས། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ དུ་བཟང་པོ་དང་། རིགས་ལྔ་བདེ་བར་གཤེགས་པ་རྣམས་ཀྱིས་འཕགས་པ་འཇམ་དཔལ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའི་མཁྱེན་རབ་ཀྱི་དང་པོ་ཁྱོད་ལ། ད་ངེད་ཀྱི་ཆོས་འདི་བསྡུས་ཏེ་བཤད་དོ། ། འཇམ་དཔལ་རྡོ་རྗེ་ཆོས་འདི་ལྟ་སྟེ། ཨེ་མ་ཧོཿགསང་བ་ལས་ བྱུང་བའི། ། མ་རིག་མུན་སེལ་སྒྲོན་མའི་མཆོག ། དཔའ་བོ་ཁྱོད་ལ་སྐྱབས་སུ་མཆིའོ། ། ནན་ཏན་གྱིས་ནི་བརྩོན་འགྲུས་བྱོས། ། ཞེས་པ་དང་། འཇམ་དཔལ་བདུད་རྩི་འདིའི་ཆོས་ཀྱི་དོན་ནི། དཔེར་ན་མེ་དང་འདྲ་སྟེ། ཆུང་སྟེ་རྡུལ་ཙམ་ནས་ཆེ་སྟེ་སྲིད་པའི་རི་བོ་ཡང་སྲེག་གོ། ། དེ་བཞིན་ དུ་བདུད་རྩི་འདི་ནི་དཔེར་ན་ཉི་མ་དང་འདྲ་སྟེ། ཉི་མའི་འོད་ཟེར་ཆེན་པོ་ནི་འཛམ་བུ་གླིང་དུ་ཐོག་མ་ཉིད་དུ་རིའི་རྒྱལ་པོ་ཆེན་པོ་བརྒྱད་ལ་སྣང་བར་བྱེད་དོ། ། དེའི་འོག་ཏུ་ཁོ་ར་ཁོར་ཡུག་ཏུ་སྣང་བར་བྱེད་དོ། །
BOདེའི་འོག་ཏུ་རི་བོ་ཆེ་རྣམས་ལ་སྣང་བར་བྱེད་དོ། ། དེའི་འོག་ཏུ་རི་ནག་པོ་ རྣམས་ལ་སྣང་བར་བྱེད་དོ། ། དེའི་འོག་ཏུ་གངས་རི་མཐོན་པོ་རྣམས་ལ་སྣང་བར་བྱེད་དོ། ། དེའི་འོག་ཏུ་འཛམ་བུ་གླིང་འདིར་ས་ཕྱོགས་དམའ་བ་རྣམས་ལ་སྣང་བར་བྱེད་དོ། ། ཉི་མའི་འོད་ཟེར་ཆེན་པོ་དེ་ལ། བླང་དོར་མེད་དེ་མི་རྟོག་མི་སེམས་སོ། ། རྣམ་པར་ཡང་མི་རྟོག་མི་ སེམས་སོ། ། རྡོ་རྗེ་ཆོས་དང་འཇམ་དཔལ་ཉི་མའི་འོད་རྣམས་ནི། དབྲི་བསྐོལ་མེད་དོ། ། དེ་བཞིན་དུ་སེམས་ཅན་གྱི་རྣམ་པར་ཤེས་པ་ལ་ཡང་། དེ་དང་འདྲ་སྟེ་དབྲི་བསྐོལ་མེད་དོ། ། ཕྱེ་བ་དང་བསྐྱེད་པ་དང་། བསྐྱུངས་པ་ཡང་མེད་དོ། ། དེ་བཞིན་དུ་ཆོས་བདུད་རྩི་འདི་ཡང་བསམ་ གྱིས་མི་ཁྱབ་པའི་དབྱིངས་སུ་བསྟན་པ་ཡིན་པའི་ཕྱིར། བདུད་རྩི་ཆེན་པོ་འདི་དབུ་ལས་བསམ་གྱིས་མི་ཁྱབ་པ་བསྟན་ཞེས་སྨོས་པ་ཡིན་ནོ། ། དེ་བཞིན་དུ་ཆོས་བདུད་རྩི་ཆེན་པོའི་ལུང་འདི་ཡང་མ་སྐྱེས་མི་འགག་མི་རྟོག་པས། མཚན་དང་མཚན་མ་མེད་པ་དང་། མི་གནས་པ་ ལ་རྣམ་པར་ཁྱབ་སྟེ་གནས་སོ། ། དེ་བཞིན་དུ་ཆོས་བདུད་རྩི་ཆེན་པོ་འདི་ཡང་ཉི་མའི་འོད་ཟེར་དང་འདྲ་བར་ཀུན་ལ་ཁྱབ་པར་གནས་ཏེ།
BOསྐལ་ལྡན་རིགས་ལྔས་འབྱུང་བ་ལྔ་ལ་ཁྱབ་ཅིང་། འབྱུང་བ་ལྔ་ཉིད་རིགས་ཀྱི་ཡུམ་ལྔའི་ཚལ་ཆེན་པོ་སྟེ། ཡུམ་ལྔ་དང་ཡབ་ལྔ་ ཡང་གདོད་ནས་དག་སྟེ། ཉི་མའི་འོད་བཞིན་དུ་ཤར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྒྱལ་བ་རྒྱ་མཚོ་རྣམས་ལ་བཤད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྒྱལ་བ་རྒྱ་མཚོ་རྣམས་ལ་ཁྱབ་བོ། ། དེ་ནས་སྲིད་པའི་འཇིག་རྟེན་དུ་མི་མཇེད་ཀྱི་བདག་པོ་ཚངས་ པའི་ལྷ་རྣམས་དང་ཀླུ་རྣམས་ལ་ཁྱབ་བོ། ། དེ་ནས་མིའི་བྱང་ཆུབ་སེམས་དཔའ་རྣམས་དང་རིམ་པས་ནམ་མཁའི་ཉི་མ་བཞིན་ཁྱབ་ཅིང་ཤར་བ་སྟེ། ཐུགས་རྗེའི་བདུད་རྩི་འདི་ཡང་སྲིད་པ་གསུམ་དུ་ཉི་མ་བཞིན་དུ་ཤར་བར་བྱ་སྟེ། འཇམ་དཔལ་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་ཀྱི་ཞིང་ཕྲ་རབ་སྙེད་ལ་བསམ་གྱིས་མི་ཁྱབ་པའི་ལུས་ཕུལ་བས་ནི། བདུད་རྩི་ཆེན་པོ་འདི་ལུས་ལ་བཅངས་པ་བསོད་ནམས་ཆེའོ། ། འཇམ་དཔལ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་བས་ ནི། བདུད་རྩི་འདི་ལུས་ཀྱི་མགུལ་དུ་བཏགས་པ་འབུམ་གྱི་ཆར་ཡང་མི་ཕོད་དོ། །
BOའཇམ་དཔལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ལ་སྤྱི་བོས་བཀུར་ཞིང་ཕྱག་བྱ་བའི་དོན་ནི། བདུད་རྩི་ཆེན་པོ་འདི་སྤྱི་བོ་ལ་བཀུར་བའི་ཡོན་ཏན་ནི། སངས་ རྒྱས་ཐམས་ཅད་བཀུར་བ་ཡིན་ནོ། ། འཇམ་དཔལ་བསྐལ་པ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱ་བ་བས་ནི། བདུད་རྩི་ཆེན་པོ་འདིས་ལན་ཅིག་གིས་འགྲོ་བའི་དོན་བྱས་པས། དམྱལ་ཁམས་བརྒྱད་ཀྱི་འཇིག་རྟེན་ཡང་ཐར་པའི་ལམ་དུ་འདྲེན་པ་ཡིན་ནོ་ ཞེས་གསུངས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བདུད་རྩི་ཆེན་པོའི་རང་བཞིན་ནི། ། ཁ་དོག་དབྱིབས་དང་མཚན་མ་མེད། ། འགོག་པ་མེད་ཅིང་དབྱེ་བའང་མེད། ། རྩ་བ་མེད་ཅིང་རྟེན་པའང་མེད། ། བདུད་རྩི་ཆེ་ལ་བརྗོད་པ་འང་ མེད། ། ཉོན་མོངས་དུག་དང་བདུད་བཞི་བཅོམ། ། དྲི་མེད་དག་པའི་བྱང་ཆུབ་སེམས། ། ངེས་དོན་དེ་ལ་འདུད་པར་བྱོས། ། དེ་ནས་བཅོམ་ལྡན་འདས་དང་དམ་པའི་ཆོས་བདུད་རྩིའི་ལུང་འདི་ལ་འཕགས་པ་འཇམ་དཔལ་གྱིས་སླར་ལ་ལན་གསུམ་དུ་བསྟོད་པ། ནམ་མཁའི་ མཚན་ཉིད་སངས་རྒྱས་ཏེ། མཚན་ཉིད་མེད་པས་ནམ་མཁའ་འདྲའོ། ། བྱ་བ་མེད་པས་གྲོལ་བ་སྟེ། ། བདུད་རྩི་མཆོག་ལ་ཕྱག་འཚལ་ལོ། །
BOཆུ་ཟླ་བཞིན་དུ་དྲི་བྲལ་བས། ། ཐམས་ཅད་རྟོག་པ་ཡོངས་སུ་སྤངས། ། བདག་ཏུ་འཛིན་མེད་རྣམ་པར་དག ། བདུད་རྩི་རྒྱལ་ལ་ཕྱག་ འཚལ་ལོ། ། དུས་གསུམ་ཆོས་ཀྱི་དབྱིངས་དང་མཉམ། ། བདུད་དང་ངན་སོང་གསུམ་ལས་ཐར། ། ལེན་པ་མེད་ཅིང་གཏོང་བའང་མེད། ། དྲི་མེད་དག་པའི་བྱང་ཆུབ་སེམས། ། བདུད་རྩི་མཆོག་ལ་ཕྱག་འཚལ་ལོ། ། དུས་གསུམ་སངས་རྒྱས་བསྐྱེད་པའི་རྒྱུ། ། ཁམས་གསུམ་སེམས་ ཅན་འདྲེན་པའི་དཔལ། ། འགྲོ་བ་དྲུག་གི་སྒྲིབ་སྦྱོང་བ། ། བདུད་རྩི་རྒྱལ་ལ་ཕྱག་འཚལ་ལོ། ། དེ་སྐད་ཅེས་གསོལ་ནས། ཕྱི་ནང་གི་སྣོད་བཅུད་རིལ་སྨན་རས་ཡ་ན་དང་། བདུད་རྩིར་གནས་སོ་ཞེས་ལུང་དང་མན་ངག་དག་ཏུ་བསྡུས་ཏེ་བཀའ་སྩལ་པའོ། ། ། ། བདུད་རྩི་ཆེན་པོ་ མཆོག་གི་ལུང་། ལུང་གི་རྒྱལ་པོ་ཆེན་པོ་རྟོག་པའི་མཆོག་ལས་འཁོར་ལོ་བསྐོར་བའི་ནང་ནས་ལུང་གི་བམ་པོ་ཆེན་པོ་བརྒྱད་པའི་འགྲེལ་བ་ཆེན་པོའི་དོན། བམ་པོ་ཆེན་པོ་བརྒྱད་པ་རྫོགས་{སྷོ,སོ}། ། ། ། སྤྱིར་བདུད་རྩི་འབུམ་སྡེ་ལས་མྱུར་ཤས་ཙམ་ཅིག་བི་མ་ལ་མི་ཏྲས་བཤད་ཅིང་། ལོཙྪ་བ་ཛྙཱ་ན་ཀུ་མ་རས་བསྒྱུར་བའོ། ། རྡོ་རྗེ་ཡང་དབང་གཏེར་གྱི་ལགས་རྫོགས་{སྷོ,སོ}། ། ། །