BO༄༅། ། རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུར་ད་ར་ཀ་ས་མཱ་དྷི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཁྱེའུ་བཞིའི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ཉིད་ཀྱི་དུས་ཀྱི་ཚེ་ཀུ་ཤའི་གྲོང་ཁྱེར་ན་གྱད་རྣམས་དང་ཉེ་བ་ན་ཡོད་པ་ཤིང་སཱ་ལ་ཟུང་གི་ཚལ་ན་ཤིང་སཱ་ལ་ཟུང་གི་བར་ན་བཞུགས་ སོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་རྟོག་ཅིང་འདུག་གོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། གོའུ་ཏ་མའི་བུ་ ཁྱོད་ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་མིག་མི་འཛུམས་པར་རྟོག་པར་བྱེད། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །
BOབཅོམ་ལྡན་འདས་མདང་བདག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་གཡར་ལམ་འཇིགས་ པ་ཆེན་པོ་འཇིགས་སུ་རུང་བ་སྤུ་ཟིང་ཞེས་བགྱིད་པ་ཞིག་རྨིས་ལགས་ཏེ། བཅོམ་ལྡན་འདས་བདག་གཡར་ལམ་དེ་རྨིས་ནས་བཅོམ་ལྡན་འདས་ཤིན་ཏུ་མྱུར་བར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལགས་གྲང་སྙམ་ནས་དེའི་སླད་དུ་སྡུག་བསྔལ་ཞིང་ཡིད་མི་བདེ་བ་དང་། མྱ་ངན་གྱི་ཟུག་རྔུས་གཟིར་ བར་གྱུར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོའུ་ཏ་མའི་བུ་ཁྱོད་ཀྱི་རྨི་ལམ་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་འཇིགས་པ་ཇི་ལྟ་བུ་ཞིག་རྨིས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་བཀའ་ སྩལ་པ། སཱ་ལའི་ཚལ་ཁྲོད་འདི་ཉིད་དུ། ། འཇིག་རྟེན་མགོན་པོའི་ལྟས་སུ་ནི། ། ཁྱོད་ཀྱིས་རྨི་ལམ་ཅི་རྨིས་པ། ། དྲིས་པ་དེ་ནི་ང་ལ་སྨྲོས། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ་བཅད་དེ་གསོལ་པ། མདང་སུམ་བདག་གི་གཡར་ལམ་ན། ། འཇིགས་སུ་རུང་ཞིང་དངངས་བགྱིད་ལ། ། སྤུ་ཟིང་བགྱིད་པ་རྨིས་གྱུར་པ། ། དེ་ནི་མི་མཆོག་གསན་དུ་གསོལ། །
BOའཇིག་རྟེན་ཁམས་འདིར་ལྗོན་པའི་ཤིང་། ། རྟག་ཏུ་མེ་ཏོག་འབྲས་བུ་དག ། རྣམ་པ་ཀུན་གྱི་མཆོག་ལྡན་པ། ། ཡིད་ནི་དགའ་བར་བགྱིད་པ་འཁྲུངས། ། འཇིག་རྟེན་ཁམས་སུ་ ལྗོན་མཆོག་དེ། ། གྲིབ་མ་བསིལ་བས་སེམས་ཅན་རྣམས། ། རབ་ཏུ་དགའ་བགྱིད་བྲོ་ནད་དང་། ། མྱ་ངན་དག་ཀྱང་སེལ་བར་བགྱིད། ། ཡོན་ཏན་མཐའ་ཡས་ཕུན་ཚོགས་ཤིང་། ། སྲིད་རྩེའི་བར་དུ་མཐོ་བར་འཕགས། ། དེ་མཐོང་བས་ནི་མིག་དག་ཅིང་། ། ཐོས་པས་རྣ་བ་རྣམ་དག་ འགྱུར། ། དེ་ལས་རབ་འཇམ་དོན་ལྡན་ཞིང་། ། ཤིན་ཏུ་རིགས་ཤིང་ཆོས་ལྡན་ལ། ། སེམས་ཅན་ཀུན་ལ་བདེ་སྐྱིད་པའི། ། སྒྲ་སྐད་དག་ཀྱང་ངེས་པར་འབྱུང་། ། དེ་ལས་གང་གཱའི་བྱེ་སྙེད་ཀྱི། ། འོད་ཟེར་དག་ནི་འབྱུང་འགྱུར་ཞིང་། ། དེ་དག་སྙེད་ཀྱི་ཞིང་རྣམས་ཀྱང་། ། ལྗོན་ཤིང་ ཆེན་པོས་བསལ་བར་བགྱིད། ། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་མི། ། མཐའ་ཡས་དཔག་ཏུ་མ་མཆིས་པ། ། གང་དག་འོད་ཀྱིས་རེག་གྱུར་པ། ། སེམས་ཅན་རྣམས་ཀྱི་དོན་ཀྱང་བགྱིད། ། ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་ནི། ། དེ་ལས་དྲི་ངད་འབྱུང་བར་འགྱུར། ། གང་དག་དེ་ཡི་དྲི་སྣོམ་པ། ། དེ་དག་ངན་འགྲོར་མཆི་མི་འགྱུར། ། དེ་དག་དམྱལ་བར་མི་མཆི་ཞིང་། །
BOདུད་འགྲོའི་སྐྱེ་གནས་སྡིག་ཅན་དང་། ། {ཡི་དགས་,ཡི་དྭགས་}ལྷ་མིན་རིས་མི་མཆི། ། དེ་དག་བཟང་འགྲོར་མཆི་བར་འགྱུར། ། སེམས་ཅན་ཀུན་ལ་བདེ་སྐྱེད་པ། ། དེ་འདྲའི་ལྗོན་ཤིང་ཆེན་པོ་དེ། ། གྱད་ཀྱི་དོག་སར་ཆག་ནས་ནི། ། སཱ་ལའི་ཚལ་གྱི་གསེབ་ཏུ་སྒྱེལ། ། ལྗོན་མཆོག་ཆག་པ་མཐོང་གྱུར་ནས། ། དེ་ནས་སྲོག་ཆགས་སྟོང་ཕྲག་ནི། ། བསམ་ཡས་དཔག་ཏུ་མ་མཆིས་པ། ། ཆོ་ངེས་འདེབས་ཤིང་སྨྲེ་སྔགས་འདོན། ། དེ་ཚེ་སྒྲ་དེ་མི་གྲག་ཅིང་། ། དྲི་ཡང་བདའ་བར་མ་གྱུར་ པ། ། གདེག་པའི་རྔོ་ཡང་མ་ཐོགས་ནས། ། དེ་མ་ཐག་ཏུ་བདག་ཀྱང་བརྒྱ་ལ། ། དེ་ལྟར་འཇིགས་སུ་རུང་བ་དང་། ། སྤུ་ཡང་ཟིང་ཞེས་བགྱིད་པ་ཡི། ། གཡར་ལམ་མདང་སུམ་རྨིས་པ་དེ། ། སྤྱན་དང་ལྡན་པ་བདག་ལ་གསུངས། ། དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། བདུད་ཀྱི་བུ་དེད་དཔོན་དང་། ལྷའི་དབང་པོ་བརྒྱ་བྱིན་དང་།
BOརྒྱལ་པོ་ཆེན་པོ་བཞི་པོ་དག་སོ་སོ་ན་གནས་པས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་མཐོང་ནས་རང་རང་གི་འཁོར་ལྷའི་བུ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་ བརྒྱད་ཅུ་ལྷག་ཙམ་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྒྲ་སྐད་འཐུན་པར་ཉམ་ཐག་པའི་ང་རོས་ངུ་ཞིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་བཞིན་དུ་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་ བོ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། ཀྱེ་མའོ་སྡུག་བསྔལ་མི་བཟད་ཆེ། ། སཱ་ལའི་ཚལ་ཁྲོད་དགའ་བར་ནི། ། དེ་རིང་མགོན་པོ་མྱ་ངན་འདའ། ། ཀུན་དགའ་ཁྱོད་ཀྱིས་མི་ཤེས་སམ། ། གང་ཞིག་སྣང་མེད་རྣམས་ཀྱི་སྒྲོན། ། སྐྱབས་དང་དཔུང་གཉེན་གང་ཡིན་པ། ། དེ་ནི་ཞི་བ་ ལེན་མེད་པར། ། དེ་རིང་མྱ་ངན་འདའ་བར་འགྱུར། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཐམས་ཅད་དང་ལྡན་པའི་ལྷའི་འཁོར་དེ་དག་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཇི་ལྟར་མཐོང་བ་གཞན་མིན་ཏེ། ། དེ་རིང་སཱ་ལའི་ཚལ་ཁྲོད་དུ། ། ང་ནི་མྱ་ངན་འདའ་ འགྱུར་གྱིས། ། མྱ་ངན་མ་བྱེད་བརྟན་པར་གྱིས། །
BOཁ་དོག་ལྡན་ཞིང་བསམ་ཡས་ལ། ། འོད་དང་དྲི་བསུང་ཕུན་ཚོགས་པའི། ། ལྗོན་ཤིང་ལྗོན་པ་ཆེན་པོ་དེ། ། སཱ་ལའི་ཚལ་ཁྲོད་ཆག་གྱུར་པ། ། ལྗོན་ཤིང་ཅི་འདྲར་སྟོན་པ་ནི། ། དེ་རིང་སཱ་ལའི་ཚལ་ཁྲོད་དུ། ། ཇི་ལྟར་མེ་ལ་ཆུས་བཏབ་ བཞིན། ། ལེན་མེད་མྱ་ངན་འདའ་བར་འགྱུར། ། ཤེས་རབ་རྫུ་འཕྲུལ་མཐར་ཕྱིན་པ། ། ཉེ་རྒྱལ་པང་ནས་སྐྱེས་དག་བཞིན། ། མི་མཆོག་ང་ཡང་འདའ་འགྱུར་བར། ། ཀུན་དགའ་ཁྱོད་ཀྱིས་མི་ཤེས་སམ། ། འདུས་བྱས་ཐམས་ཅད་མི་རྟག་སྟེ། ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། ། སྟོན་པས་དེ་དག་རབ་མཁྱེན་ནས། ། དགེ་སློང་རྣམས་ལ་དེ་ཡང་བཤད། ། ཀུན་དགའ་ཚུར་ཤོག་ཁྱོད་སོང་ལ། ། ང་ཡི་ཉན་ཐོས་རྣམས་ལ་སྨྲོས། ། ལྷ་ཡི་མིག་གི་མཐར་ཕྱིན་པ། ། གནས་བརྟན་ཆེན་པོ་མ་འགགས་དང་། ། གནས་བརྟན་ཆེན་པོ་ཀ་ཏྱའི་བུ། ། གནས་ བརྟན་གང་པོ་རབ་འབྱོར་དང་། ། གསུས་པོ་ཆེ་ནི་ཆེན་པོ་དང་། ། བ་ལང་བདག་དང་དགའ་བྱེད་དང་། ། གྲོ་ཞིན་དོན་ཡོད་རྒྱལ་པོ་དང་། ། ཆོས་གོས་ངན་པ་འཆང་བ་དང་། ། དགའ་བོ་དང་ནི་སྒྲ་གཅན་བཟང་། ། ང་ཡི་ཉན་ཐོས་གཞན་རྣམས་དང་། ། སློབ་དང་མི་སློབ་གནས་བརྟན་ དང་། ། གཞན་ཡང་སོ་སོའི་སྐྱེ་བོ་དག །
BOང་ནི་མྱ་ངན་འདའ་འགྱུར་གྱིས། ། ཐམས་ཅད་ཤིན་ཏུ་མྱུར་བར་སྦྲོན། ། སློབ་དང་སོ་སོའི་སྐྱེ་བོ་ཡིས། ། མ་མཐོང་སྡུག་བསྔལ་སྐྱེ་འགྱུར་བས། ། མྱ་ངན་འདས་པའི་འོག་ཏུ་ནི། ། མྱ་ངན་ཟུག་རྔུས་གཟིར་མི་བྱ། ། མྱ་ངན་མ་བྱེད་འདུ་བྱེད་ རྣམས། ། མི་རྟག་རྨི་ལམ་ལྟ་བུ་ཞེས། ། ཇི་ལྟར་ཆོས་ཀྱི་ཆོས་ཉིད་ཀྱིས། ། དེ་དག་རྣམས་ནི་དབུགས་དབྱུང་བྱ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་སླར་ཚིགས་སུ་བཅད་དེ་གསོལ་པ། མགོན་པོ་སངས་རྒྱས་མྱ་ངན་ལས། ། འདའ་ བར་འགྱུར་བར་ཐོས་ནས་བདག ། ཕྱོགས་སླད་བདག་ནི་ལུས་རྨ་ཞིང་། ། བདག་ནི་གཡར་ངན་ཤིན་ཏུ་ཆེ། ། ལུས་ཉམས་བདེ་བ་མ་མཆིས་ཤིང་། ། སེམས་ཉམས་བདེ་བའང་མ་མཆིས་ལ། ། ཆགས་བྲལ་ཉམས་བདེའང་མ་མཆིས་ན། ། སྤྱན་ལྡན་བདག་ནི་ཇི་ལྟར་མཆི། ། བདག་ གི་སྐྱབས་དང་དཔུང་གཉེན་དང་། ། འཇིག་རྟེན་རྣམ་འདྲེན་གང་ལགས་པ། ། དེང་མཐོང་སླད་ཀྱིས་མི་མཐོང་ཞེས། ། གནས་བརྟན་རྣམས་ལ་ཇི་སྐད་བགྱི། ། མྱ་ངན་གྱུར་ཅིང་སྡུག་བསྔལ་བས། ། ཇི་ལྟར་མྱ་ངན་བརྗོད་པར་བགྱི། ། བདག་ཅག་རྣམས་ཀྱི་འཇིགས་ཆེན་འདི། ། གནས་བརྟན་དེ་དག་ཇི་ལྟར་ཉན། །
BOགང་དག་སློབ་དང་སྐྱེ་བོ་ཡི། ། དགེ་སློང་མྱ་ངན་ཟུག་རྔུ་ཡིས། ། ཀུན་ནས་ཟུག་པ་ཇི་ལྟར་གནས། ། མི་མཆོག་བསྐལ་པར་བཞུགས་སུ་གསོལ། ། འཁོར་བཞིའི་ནང་དུ་མཆིས་ནས་ནི། ། སྟོན་པ་མྱ་ངན་འདའ་འགྱུར་ཞེས། ། ཇི་ལྟར་བརྗོད་བགྱི་མི་ཡི་མཆོག ། ཐུབ་ ཆེན་བསྐལ་པར་བཞུགས་སུ་གསོལ། ། སྒྲོན་མ་ཆེན་པོའི་འཇིག་རྟེན་དུ། ། ཤིན་ཏུ་མྱུར་བར་ནུབ་འགྱུར་ཏེ། ། འཇིག་རྟེན་འདི་དག་རབ་མྱུར་བར། ། ལྡོངས་པ་ཉིད་དུ་འགྱུར་ལགས་སོ། ། མི་མཆོག་བདག་ནི་གཡར་ངན་འདི། ། དགེ་སློང་རྣམས་ལ་སྨྲར་མི་སྤྲོ། ། གང་ལ་གཡར་ངན་མ་མཆིས་པ། ། གཞན་ཞིག་མངག་པར་བཀའ་སྩལ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོའུ་ཏ་མའི་བུ་འདུ་བྱེད་ཐམས་ཅད་མི་རྟག་པ་ཡིན་གྱིས་མྱ་ངན་མ་བྱེད་པར་ཐོང་ཅིག ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། བྱེ་བ་མཐའ་ཡས་ལྷ་རྣམས་ཀྱིས། ། དེ་རིང་སངས་རྒྱས་འདའ་ཐོས་ནས། ། གཞལ་མེད་ཁང་དག་སྤངས་ནས་ནི། ། མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན། ། ང་འདས་ཕྱི་ན་དགེ་སློང་དག ། མ་མཐོང་མྱ་ངན་བྱེད་མ་གཞུག ། འདི་ནི་རིམ་གྲོ་བྱེད་པའི་ལས། །
BOསོང་ལ་དགེ་སློང་རྣམས་ཀྱང་སྦྲོན། ། དེའི་ཚེ་ཚེ་དང་ ལྡན་པ་མ་འགགས་པ་རི་རབ་ཀྱི་སྤོ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་སྟོན་ཅིང་འདུག་གོ། ། ཚེ་དང་ལྡན་པ་མ་འགགས་པས་ལྷའི་མིག་རྣམ་པར་དག་པ་མི་ལས་ཤིན་ཏུ་འདས་པས་ལྷའི་བུ་དབང་ཆེ་བ་དབང་ཆེ་བར་གྲགས་པ་རྣམས་རང་རང་གི་གཞལ་མེད་ཁང་དག་ནས་མི་སྣང་བར་གྱུར་པ་མཐོང་ ཞིང་ལྷ་རྣམས་ཀྱི་སྨྲེ་སྔགས་འདོན་པའི་སྒྲ་ཆེན་པོ་དག་ཀྱང་ཐོས་རང་གི་འཁོར་རྣམས་ཀྱང་སྲབས་པར་མཐོང་ངོ་། ། དེ་ནས་ཚེ་དང་ལྡན་པ་མ་འགགས་པས་དེའི་ཚེ་བསམས་ཏེ་ལྷའི་མིག་གིས་ལྷའི་བུ་འཁོར་དང་བཅས་པ་དེ་དག་ཡི་ཆད་ཅིང་རང་རང་གི་འདོད་པའི་དགའ་བ་དག་སྤངས་ཏེ་རིངས་པ་{རིངས་,རིང་} པར་གང་དུ་དོང་ཞིང་འདོང་བར་བྱེད་ཅེས་འཇིག་རྟེན་ལ་རྣམ་པར་བལྟས་སོ། ། དེ་ནས་ཚེ་དང་ལྡན་པ་མ་འགགས་པས་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་ལས་དཔག་ཚད་བརྒྱ་ཙམ་དག་ཆད་པ་དང་། རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་ལས་དཔག་ཚད་ཉིས་བརྒྱ་ཙམ་དང་། རྩེ་མོ་ལས་དཔག་ཚད་སུམ་བརྒྱ་ཙམ་དང་། རྩེ་མོ་ལས་དཔག་ཚད་བཞི་བརྒྱ་ཙམ་དག་ཆད་པ་དང་།
BOརྩེ་མོ་ལས་དཔག་ཚད་ལྔ་བརྒྱ་ཙམ་དག་ཆད་ཅིང་ཆད་ཅིང་རྒྱ་མཚོ་ཆེན་པོའི་ནང་དུ་ལྷུང་བ་དག་ཀྱང་མཐོང་སྟེ་སེམས་ཅན་འགའ་ཙམ་ལ་ཡང་གནོད་པའམ། རྣམ་པར་འཚེ་བར་མི་བྱེད་ན་སྲོག་གི་བར་ཆད་བྱེད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། འདི་ ལྟར་རི་རབ་ཀྱི་རྩེ་མོ་དེ་དག་ཀྱང་གང་དག་རིའི་རྒྱལ་པོ་རི་རབ་ལ་རྟེན་ཅིང་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ཐོས་ནས་མྱ་ངན་གྱི་ཟུག་ རྔུས་གཟིར་ཅིང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱའི་བདག་པོའི་རྒྱལ་པོ་བསྐལ་པ་བྱེ་བ་གྲངས་མེད་པ་ནས་ཡང་དག་པར་བསྒྲུབས་པ། དགེ་བའི་རྩ་བ་ཤིན་ཏུ་ཡོངས་སུ་དག་པ་དང་ལྡན་པ་དེ་དེ་རིང་གྱད་རྣམས་དང་ཉེ་བ་ན་ཡོད་པ་ཤིང་སཱ་ལ་ཟུང་གི་དྲུང་དུ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་ འདའ་བར་འགྱུར་ཏེ། དེང་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་ཟུམ་པར་འགྱུར་རོ་ཞེས་དེ་དག་ཀུ་ཤའི་གྲོང་ཁྱེར་ལོགས་སུ་མངོན་པར་ཕྱོགས་ཏེ།
BOརིངས་པ་རིངས་པར་བརྟད་ཅིང་དོང་བ་དག་གིས་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་དེ་དག་ཀུན་ཏུ་རབ་ཏུ་བསྒུལ་ཅིང་ཀུན་དུ་རབ་ཏུ་བསྐྱོད་དེ་རིངས་པ་རིངས་པར་བརྟད་ པ་དེ་དག་གིས་རིའི་རྒྱལ་པོ་རི་རབ་དང་། རྒྱ་མཚོ་ཆེན་པོ་ཡང་གཡོས་ཤིང་འཁྲུགས་པར་གྱུར་ཏེ་དེའི་ཕྱིར་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་དེ་དག་རྒྱ་མཚོ་ཆེན་པོའི་ནང་དུ་ལྷུང་བར་གྱུར་ཏོ། ། དེ་ནས་ཚེ་དང་ལྡན་པ་མ་འགགས་པ་རི་རབ་ཀྱི་སྤོ་ལ་འདུག་པས་དེའི་ཚེ་སྒྲ་སྐད་ཆེན་པོ་ཕྱུང་སྟེ་ཚིགས་སུ་བཅད་པ་འདི་དག་སྨྲས་ སོ། ། འཇིག་རྟེན་རྣམས་ཀྱི་དེད་དཔོན་གང་ཡིན་པ། ། གང་གིས་འཇིག་རྟེན་བདེ་བ་སྩོལ་མཛད་ཅིང་། ། སེམས་ཅན་རྣམས་ཀྱི་སྦྱིན་གནས་གང་ཡིན་པ། ། ཐུབ་པ་དེ་ནི་དེ་རིང་མྱ་ངན་འདའ། ། ཡེ་ཤེས་འབྱུང་གནས་རབ་རིབ་མུན་བཅོམ་ཞིང་། ། འཇིག་རྟེན་སྲོག་ཆགས་རྣམས་ཀྱི་ཕ་དང་མ། ། དེ་བཞིན་སྐྱབས་དང་དཔུང་གཉེན་གང་ཡིན་པ། ། ཐུབ་པ་དེ་ནི་དེ་རིང་མྱ་ངན་འདའ། ། ཟུག་རྔུ་འབྱིན་མཛད་སྡིག་མེད་ཉོན་མོངས་མེད། ། གསོ་མཛད་དམ་པ་སྨན་པ་ཆེན་པོ་སྟེ། ། མི་དགེའི་ཟུག་རྔུ་འབྱིན་མཆོག་གང་ཡིན་པ། ། ཐུབ་པ་དེ་ནི་དེ་རིང་མྱ་ངན་འདའ། །
BOགང་ཞིག་སེམས་ཅན་ཆགས་དང་སྡང་ བས་བཅོམ། ། རྨོངས་པས་ཟིལ་ནོན་རྒ་དང་འཆི་ལ་ཆགས། ། འགགས་འགལ་ལམ་ལོག་ཞུགས་པ་གཟིགས་ནས་ནི། ། འཇིག་རྟེན་ཐུགས་རྗེ་བསྐྱེད་ནས་ཆོས་སྟོན་ཅིང་། ། གང་ཞིག་བདུད་སྡེ་རབ་གཏུམ་དྲག་པོའི་གཟུགས། ། སྣ་ཚོགས་གཟུགས་ཅན་མཚོན་སྲ་རྡོ་རྗེ་ཐོགས། ། ཁ་ཅིག་འཇིགས་པ་ དུ་མ་རྣམ་སྟོན་ཅིང་། ། གཞན་དག་སྣ་ཚོགས་བྲག་ཐོགས་འཁོད་གྱུར་པ། ། དེ་འདྲར་རྣམ་མང་དྲག་པོའི་གཟུགས་ཅན་གྱི། ། སྡེ་དག་གཟིགས་ཀྱང་མི་གཡོ་མི་འགུལ་བ། ། བདུད་ཀྱི་སྡེ་བཅོམ་འཇིག་རྟེན་མགོན་པོ་དེ། ། སཱ་ལའི་ཚལ་དུ་དེ་རིང་མྱ་ངན་འདའ། ། གང་གིས་ཕྱག་གཡས་རབ་ཏུ་བརྐྱང་ མཛད་དེ། ། རི་རབ་རྩེ་འདི་གྲོང་བཅས་གཡོ་མཛད་ཅིང་། ། ཆོས་ཀུན་མངའ་བརྙེས་རྣམ་འདྲེན་དྲང་སྲོང་དེ། ། སཱ་ལའི་ཚལ་དུ་མྱ་ངན་འདའ་བར་འགྱུར། ། གང་གིས་བརྡབས་པ་ཕྱོགས་བཅུར་བསམ་ཡས་པའི། ། སྒྲ་བསྒྲགས་མཁྱེན་པའི་ཕ་རོལ་བྱོན་གྱུར་པ། ། སྟོན་པ་སེམས་ཅན་རྣམས་ཀྱི་སྙིང་པོ་དེ། ། སཱ་ལའི་ཚལ་དུ་དེ་རིང་མྱ་ངན་འདའ། ། གང་གིས་སྟོབས་ལྡན་སྡེར་བཅས་སྐྲག་མཛད་ཅིང་། ། མི་གཡོ་མྱ་ངན་མེད་པ་འདུས་མ་བྱས་པ་བརྙེས། །
BOསྲོག་ཆགས་རྣམས་ལ་ཕན་ཕྱིར་འཁོར་ལོ་བསྐོར་མཛད་ཅིང་། ། ཐུབ་པས་བདེན་པ་བཞི་དག་རབ་ཏུ་བསྟན། ། གང་ཞིག་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་ སྟེ། ། སྐྲ་རྩེའི་ཁྱོན་ལ་ཞིང་རྣམས་བཀོད་མཛད་ཅིང་། ། སྐུ་ལ་སྐུ་ཡི་འདུ་ཤེས་མི་མངའ་བ། ། མགོན་པོ་དེ་ནི་དེ་རིང་མྱ་ངན་འདའ། ། སྟོན་པ་གྱད་ཀྱི་ཡུལ་དུ་གཤེགས་ནས་ནི། ། ཉེ་ན་ཡོད་པའི་ཚལ་ཁྲོད་ཞུགས་གྱུར་ཏེ། ། བསམ་གཏན་ཞི་ལ་བདག་ཉིད་མཉམ་བཞག་ནས། ། ཤིང་ཟད་མེ་ལྟར་མྱ་ངན་ འདའ་བར་འགྱུར། ། ཚེ་དང་ལྡན་པ་མ་འགགས་པས་ཚིགས་སུ་བཅད་པ་དེ་དག་སྨྲས་མ་ཐག་ཏུ་དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་འཛམ་བུའི་གླིང་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཇི་སྙེད་པ་རྣམས་ལས་གནས་བརྟན་འོད་སྲུང་ཆེན་པོ་འཁོར་དང་བཅས་པ་མ་གཏོགས་ པ་དང་། གཞན་ཡང་དགེ་སློང་ཉིས་བརྒྱ་རྩ་བཞི་མ་གཏོགས་པ་དེ་ལས་གཞན་པའི་འཁོར་བཞི་པོ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བ་རྣམས་བཅོམ་ལྡན་འདས་ལ་བལྟ་བའི་ཐ་མར་གྱུར་པ་ནི་འདི་ཡིན་ནོ་ཞེས་གྱད་རྣམས་ཀྱི་ཉེ་བ་ན་ཡོད་པ་ཤིང་སཱ་ལ་ཟུང་གི་ཚལ་ག་ལ་བ་དེར་དོང་ངོ་། །
BOཚེ་ དང་ལྡན་པ་མ་འགགས་པས་ཚིགས་སུ་བཅད་པ་དེ་དག་སྨྲས་མ་ཐག་ཏུ་དེ་ནས་དེའི་ཚེ་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་མངོན་པར་ཤེས་པ་མངོན་པར་ཤེས་པའི་ལྷ་དང་། ལྷའི་བུ་མོ་དང་། ཀླུ་དང་། ཀླུ་རྒན་ཕོ་དང་། ཀླུའི་བུ་མོ་དང་། གནོད་སྦྱིན་དང་། གནོད་སྦྱིན་གཞོན་ ནུ་དང་། གནོད་སྦྱིན་གྱི་བུ་མོ་དང་། ཤ་ཟ་དང་། ཤ་ཟ་རྒན་པོ་དང་། ཤ་ཟ་གཞོན་ནུ་དང་། ཤ་ཟ་གཞོན་ནུ་མ་ཇི་སྙེད་པ་རྣམས་དང་། འགྲོ་བ་རྣམས་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། སྐར་ མ་ཇི་སྙེད་པ་དེ་དག་ཐམས་ཅད་མིག་མཆི་མས་གང་སྟེ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་ལ་ངུད་མོས་འདེབས་ཤིང་ཡང་དང་ཡང་དུ་སྨྲེ་སྟེ། སྡུག་བསྔལ་ཞིང་ཡིད་མི་བདེ་ལ་མྱ་ངན་གྱི་ཟུག་རྔུས་གཟིར་བས་ལག་པ་གནམ་དུ་བསྒྲེང་སྟེ། ངུད་མོས་འདེབས་པར་བྱེད་དོ། ། ཡང་ཁ་ཅིག་ ནི་ལག་པ་སྦྲེལ་ཅིང་ངུའོ། ། ཁ་ཅིག་ནི་ཕན་ཚུན་མགོ་སྤྲད་དེ་གཅིག་གི་གདོང་དུ་གཅིག་ལྟ་ཞིང་ངུའོ། །
BOཁ་ཅིག་ནི་ཁ་གདངས་ཏེ་ཉམ་ཐག་པའི་ང་རོ་འབྱིན་ཅིང་སྨྲེ་སྔགས་འདོན་ལ་དབང་པོ་ཉམས་ཤིང་བཞིན་གྱི་དཀྱིལ་འཁོར་མོག་མོག་པོར་གྱུར་ཏེ་རྐང་ལག་སྒྱུར་ཞིང་ངུའོ། ། ཡང་དེ་ན་ཁ་ཅིག་ནི་ གཅིག་ལ་གཅིག་ལྟ་ཞིང་ངུའོ། ། ཁ་ཅིག་ནི་ཀླད་པ་རྡེབས་པར་བྱེད་དོ། ། ཁ་ཅིག་ནི་ལག་པ་གཉིས་ཀྱིས་མགོ་ལ་རྡེབས་ཤིང་ལུས་རབ་ཏུ་སྙོན་སྨོངས་པར་བྱེད་དོ། ། ཁ་ཅིག་ནི་མིག་སྒྱུར་ཞིང་ངུད་མོས་འདེབས་ལ་རྐང་མཐིལ་བསྲེགས་པ་བཞིན་དུ་སྒྱིད་པ་འདར་ལ་ཆོ་ངེས་འདེབས་ཤིང་སྨྲེ་ སྔགས་འདོན་ཏོ། ། ཁ་ཅིག་ནི་ཨེ་མའོ་སངས་རྒྱས། ཨེ་མའོ་སངས་རྒྱས་ཞེས་སྨྲེ་སྔགས་འདོན་ཅིང་གདོང་མཆི་མས་གང་ལ་སྡུག་བསྔལ་ཞིང་ཉམ་ཐག་སྟེ། ལག་མཐིལ་གྱིས་མིག་ཉེད་ཅིང་ཆོ་ངེས་འདེབས་ལ་མྱ་ངན་བྱེད་ཅིང་མྱ་ངན་གྱི་ཟུག་རྔུས་གཟིར་བས་བཞིན་གྱི་དཀྱིལ་འཁོར་ ལ་འདྲད་ཅིང་མྱ་ངན་བྱེད་སྨྲེ་སྔགས་འདོན་ཏོ། ། སྲོག་ཆགས་བྱེ་བ་ཕྲག་མང་པོ་གཞན་དག་ནི་མཆི་མས་བརྣངས་བཞིན་དུ་མཆི་མ་ཀློག་ཅིང་སྒྲ་ཆེན་པོ་འབྱིན་ཏོ། ། ཁ་ཅིག་ནི་ཐལ་མོ་སྦྱར་ཏེ་མཆི་མ་ཀློག་ཅིང་སྨྲེ་སྔགས་འདོན་ཏོ། །
BOཁ་ཅིག་ནི་མྱ་ངན་གྱི་མེས་གདུངས་ནས་ལག་པ་གཡས་ པས་མགོ་བོ་ལ་འཛིན་ཅིང་སྨྲེ་སྔགས་འདོན་ཏོ། ། དེ་བཞིན་དུ་གཞན་དག་ཀྱང་ལུས་ཡོངས་སུ་རྨྱ་ནས་ལག་པ་གཡོན་པས་མགོ་བོ་ལ་འཛིན་ཅིང་སྨྲེ་སྔགས་འདོན་ཏོ། ། ཁ་ཅིག་ནི་ལག་པ་རྡེབས་ལ་བཞིན་གྱི་དཀྱིལ་འཁོར་གྱི་མདོག་ཉམས་ཤིང་སྔོན་པོར་གྱུར་ལ། མྱ་ངན་གྱིས་ཉམ་ཐག་ཅིང་ སྨྲེ་སྔགས་འདོན་ཏོ། ། དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འཁོར་དང་བཅས་པ་དེ་དག་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་བཞིན་དུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ ཀྱི་སྤྱན་སྔར་ཤིང་བཅད་དེ་འགྱེལ་བ་བཞིན་དུ་ས་ལ་སྒྱེལ་ནས་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་འདུད་དོ། ། ཁ་ཅིག་ནི་གདུང་བའི་སྒྲ་ཆེན་པོ་འབྱིན་ཏོ། ། ཁ་ཅིག་ནི་གདུང་བའི་སྒྲ་འབྱིན་ཅིང་ས་ལ་འགྲེའོ། ། ཁ་ཅིག་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས་ལག་པ་གནམ་ དུ་བསྒྲེངས་ཏེ། ཨེ་མའོ་སངས་རྒྱས། ཨེ་མའོ་སངས་རྒྱས། ཨེ་མའོ་མགོན་པོ། ཨེ་མའོ་ཐུགས་རྗེ་ཅན་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་ཞིང་སྐྱོབ་པར་མཛད་པ།
BOཨེ་མའོ་འཇིག་རྟེན་གསུམ་གྱི་སྐྱབས་དང་དཔུང་གཉེན་སེམས་ཅན་ཐམས་ཅད་ལ་མིག་སྩོལ་བར་མཛད་པ། ཨེ་མའོ་རྟེན་ མེད་པ་རྣམས་ཀྱི་རྟེན་མཛད་པ། འཇིག་རྟེན་སྟོངས་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་ལྡོངས་པར་འགྱུར་རོ། ། སངས་རྒྱས་དཀོན་མཆོག་མེད་པར་འགྱུར་རོ། ། ཞེས་སྨྲེ་སྔགས་འདོན་ཅིང་དེ་དག་ཕན་ཚུན་ལག་པ་སྦྲེལ་ཏེ་སྙིང་རྗེ་རྗེ་སྐད་དུ་མ་ཤི་བའི་སྨྲེ་སྔགས་ལྟ་བུས་སྨྲེ་སྔགས་འདོན་ ཏོ། ། ཕ་ཤི་བ་དང་། ཕུ་ནུ་ཤི་བ་དང་། བུ་ཤི་བའི་སྨྲེ་སྔགས་ལྟ་བུས་སྨྲེ་སྔགས་འདོན་ཅིང་། ཨེ་མའོ་མགོན་པོ། ཨེ་མའོ་དགེ་བའི་བཤེས་གཉེན། ཨེ་མའོ་སྙན་ཅིང་འཇམ་པ་གསུང་བ། ཨེ་མའོ་སེང་གེ་དང་། གླང་པོ་ཆེ་དང་། ཁྱུ་མཆོག་གི་སྟོབས་ཅན། ཨེ་མའོ་བདུད་རྩིའི་ གོ་འཕང་སྟོན་པ་ཞེས་རྣམ་པ་སྣ་ཚོགས་མང་པོར་སྨྲེ་སྔགས་འདོན་ཏོ། ། ཁ་ཅིག་ནི་བར་སྣང་ལ་སོང་སྟེ་བདག་ཉིད་བརྡབས་ནས་དེ་དག་ས་ལ་ལྷུང་བ་དང་། ས་ལ་འགྲེ་ལྡོག་ཅིང་སྙིང་ཐག་པ་ནས་སྙིང་རྗེ་བར་སྨྲེ་ཞིང་སྨྲེ་སྔགས་འདོན་ཏོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བརྒྱལ་ནས་ཤིང་བཅད་དེ་ འགྱེལ་བ་བཞིན་དུ་ས་ལ་འགྱེལ་ཏོ། །
BOདེས་ཡང་འདུ་ཤེས་ཕྱིར་རྙེད་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལག་པ་གཉིས་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ་ཞིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། སེམས་ཅན་ཤིན་ཏུ་སྡུག་བསྔལ་ལ། ། ངུ་ཞིང་སྨྲེ་སྔགས་འདོན་བགྱིད་ ལ། ། མྱ་ངན་ཟུག་རྔུས་གཟིར་མཐོང་ནས། ། བདག་གི་གཡར་ངན་སླར་ཞིང་སྐྱེ། ། ཇི་ལྟར་དགོན་པའི་ཤུལ་ཞིག་ཏུ། ། འདྲོན་པ་ཆོམ་པོས་བཅོམ་གྱུར་ཅིང་། ། ཞུགས་ཀྱི་ཕུང་པོ་ཆེན་པོ་ཡང་། ། མདུན་ན་མཆིས་པ་མཐོང་བ་ན། ། ཀུན་ནས་ཞུགས་པར་མཐོང་ནས་ནི། ། དེ་ དག་འཇིགས་པ་ལྷར་སྐྱེས་ཤིང་། ། ཕྱོགས་རྒྱུག་དེ་དག་སྐྱབས་མ་མཆིས། ། ཀུན་ནས་དཔུང་གཉེན་མ་མཆིས་ལྟར། ། དེ་བཞིན་སེམས་ཅན་མང་པོ་རྣམས། ། སངས་རྒྱས་མྱ་ངན་འདའ་ཐོས་ནས། ། སྐྱབས་མ་མཆིས་ཤིང་སྡུག་བསྔལ་ལ། ། མྱ་ངན་ཟུག་རྔུས་གཟིར་བར་མཐོང་། ། གང་ དག་གཙོ་བོ་འདས་གྱུར་ན། ། ཇི་ལྟར་སངས་རྒྱས་བལྟ་བར་བགྱི། ། གཞན་དག་མྱ་ངན་འདའ་འགྱུར་ལ། ། བཅོམ་ལྡན་བསྐལ་པར་བཞུགས་སུ་གསོལ། ། ཞུགས་འབར་མེ་ལྕེ་ལྡན་གྱུར་པ། ། རྒྱུ་ཟད་རབ་ཏུ་ཞི་བ་ལྟར། ། གྱད་ཀྱི་ཡུལ་དུ་རྫོགས་སངས་རྒྱས། ། མྱ་ངན་འདའ་བ་ཇི་ལྟར་ བལྟ། །
BOསངས་རྒྱས་འོད་མའི་ཚལ་ཁྲོད་དུ། ། དེ་རིང་སླན་ཆད་མི་མཐོང་ཞིང་། ། འདྲེན་པ་རྒྱལ་བྱེད་ཚལ་དུ་ནི། ། ཆོས་སྟོན་པ་ཡང་མི་མཐོང་ངོ་། ། མི་མཆོག་དེ་ནི་འདས་གྱུར་ཅེས། ། ལིད་ཙ་བཱི་ཡི་གྲོང་ཁྱེར་མཆོག ། ཡངས་པ་ཅན་དུ་ཞུགས་ནས་ནི། ། ལིད་ཙ་བཱི་ལ་ཇི་ལྟར་བརྗོད། ། གང་ ཟག་གཙོ་བོ་འདས་གྱུར་ཅེས། ཤཱཀྱ་རྣམས་ཀྱི་གྲོང་ཁྱེར་མཆོག ། སེར་སྐྱའི་གནས་སུ་མཆིས་ནས་ནི། ། ཀུན་མི་དགའ་བ་ཇི་ལྟར་བརྗོད། ། ཐུབ་ཆེན་དེ་ནི་རབ་ཞི་ཞེས། ། མ་ག་དྷཱ་བ་རྣམས་དང་ནི། ། མ་སྐྱེས་དགྲ་ཡི་གྲོང་མཆོག་ཏུ། ། ཇི་ལྟར་ཚིག་ཏུ་བརྗོད་པར་བགྱི། ། ཤཱཀྱ་ སེང་གེ་འདས་གྱུར་ཅེས། ། སྲོག་ཆགས་སྟོང་ཕྲག་མང་པོ་དག ། ཆོ་ངེས་ཡང་དང་ཡང་འདེབས་ན། ། བདག་གིས་ཇི་ལྟར་ལན་ཡང་གདབ། ། ཤཱཀྱ་སེང་གེ་འདས་གྱུར་ན། ། དགེ་སློང་དགེ་སློང་མ་དག་དང་། ། ཁྱིམ་པ་རྣམས་ཀྱང་བདག་གིས་ནི། ། ཇི་ལྟར་དགའ་བགྱི་ མི་ཡི་མཆོག ། སྐྱེས་མཆོག་བདག་ལ་གནས་བརྟན་རྣམས། ། ཀུན་དགའ་མི་མཆོག་སྦྱིན་པའི་གནས། ། རྫོགས་པའི་སངས་རྒྱས་གར་གཤེགས་ཞེས། ། འདྲི་ན་ཇི་སྐད་བརྗོད་པར་བགྱི། ། ཐུབ་པ་ལྷ་ཀླུས་དྲིས་པ་ན། ། བསམ་གཏན་ཆེན་པོ་སྙོམས་ཞུགས་སམ། །
BOའོན་ཏེ་ འཆག་ཏུ་གཤེགས་སོ་ཞེས། ། མི་འཇིགས་པར་ནི་ཇི་ལྟར་བརྗོད། ། བདག་གིས་ཡང་དང་ཡང་དུ་ནི། ། སུ་ཡི་སེང་གེའི་གཟིམས་ཁྲི་བཤམས། ། དཔའ་བོ་བདག་གིས་སླན་ཆད་ནི། ། སུ་ཡི་སེང་གེའི་ཁྲི་ཡང་བཤམས། ། འཁོར་རྣམས་ལ་ནི་སེང་གེ་ལྟར། ། བསྙེངས་པ་མི་ མངའ་སྒྲོགས་མཛད་པ། ། གོ་འཕང་ཟབ་མོ་བལྟ་དཀའི་ཆོས། ། བདག་གིས་སུ་ལ་མཉན་པར་བགྱི། ། གང་ཟག་གཙོ་བོ་འདས་གྱུར་ན། ། སུ་ཡི་ཞབས་ལ་ཆབ་འབུལ་ཞིང་། ། གང་གི་ན་བཟའ་ཆོས་གོས་གཟུང་། ། སུ་ཡི་ལྷུང་བཟེད་གཟུང་བར་བགྱི། ། མི་མཆོག་དགེ་འདུན་ དབུས་སུ་ནི། ། སུ་ཞིག་བདག་གི་བསྔགས་པ་བརྗོད། ། ཀུན་དགའ་ཐོས་པ་རྒྱ་མཚོ་ཞེས། ། སླན་ཆད་བདག་ལ་སུ་ཞིག་མཆི། ། མཁྱེན་པ་སྤོབས་པ་མཐའ་ཡས་པ། ། གསུང་འཇམ་ཡིད་དགའ་མཛད་པ་དང་། མཆོག་ཏུ་དགའ་བསྐྱེད་མཛད་པ། ། སུ་ལ་མངོན་སུམ་མཉན་པར་ བགྱི། ། རྒྱལ་སྲས་ཐོས་པ་འཛིན་པ་ཡིས། ། དེ་ལྟར་སྨྲེ་སྔགས་ཀུན་བཏོན་ནས། ། ཐུབ་པ་ཆེན་པོའི་ཞབས་དྲུང་དུ། ། བརྒྱ་ལ་ནས་ས་ལ་སྒྱེལ་བར་གྱུར། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།
BOགོའུ་ཏ་མའི་བུ་ངས་དང་པོ་ཉིད་ནས་ཁྱོད་ལ་ཀུན་ དགའ་བོ་སྡུག་པ་དང་ཡིད་དུ་འོང་བ་ཐམས་ཅད་ལ་རྟག་པ་དང་ལྡན་པ་མེད་དོ་ཞེས་དོན་དེ་མ་བསྟན་ཏམ། གོའུ་ཏ་མའི་བུ་འདུ་བྱེད་ཐམས་ཅད་ནི་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། ཟིལ་བའི་ཐིགས་པ་ལྟ་བུ་དང་། སླུ་བར་བྱེད་པ་ཡིན་ཏེ། འདུ་བྱེད་ཐམས་ཅད་མི་རྟག་ པ་ཡིན་གྱིས་གོའུ་ཏ་མའི་བུ་ཅི་རུང་མྱ་ངན་མ་བྱེད་ཅིག་སྨྲེ་སྔགས་མ་འདོན་ཅིག ། གོའུ་ཏ་མའི་བུ་དེ་བཞིན་གཤེགས་པ་དོ་མོད་ནམ་གྱི་ཐུན་ཐ་མ་ལ་མཐའ་ལས་འདས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། བཏགས་པ་ཡང་དག་པར་འཇོམས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མི་ མཉམ་པ་དང་མཉམ་པའི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། གོའུ་ཏ་མའི་བུ་ཁྱོད་སོང་ལ་ཤིང་སཱ་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པའི་སེང་གེའི་གཟིམས་ཁྲི་དབུ་ནི་ཤར་ཕྱོགས། ཞལ་ནི་བྱང་ཕྱོགས། རྒྱབ་ནི་ལྷོ་ཕྱོགས་སུ་བསྟན་ལ། གློ་ གཡས་ཕྱོགས་ཀྱིས་དབབ་ཏུ་རུང་བ་ཤོམས་ཤིག །
BOདེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་ཚེ་ངུ་ཞིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཅིང་མཆི་མས་བརྣངས་ལ་ངུ་ཞིང་གདོང་ལ་མཆི་མ་འཛག་བཞིན་དུ་ཤིང་སཱ་ལ་ཟུང་གི་བར་དུ་བཅོམ་ལྡན་འདས་ཀྱི་སེང་གེའི་གཟིམས་ཁྲི་ བཤམས་སོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་སེང་གེའི་གཟིམས་ཁྲི་བཤམས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། ཐུབ་ཆེན་སེང་གེའི་གཟིམས་ཁྲི་ནི། ། བཤམས་པའི་ཐ་མ་དེང་ལགས་ཏེ། ། མི་མཆོག་སེང་གེའི་གཟིམས་ཁྲི་ནི། ། སླན་ཆད་བཤམ་དུ་མ་མཆིས་སོ། ། མི་མཆོག་མྱ་ངན་འདས་གྱུར་ཅིང་། ། འཇིག་རྟེན་མགོན་པོ་འདས་པ་ན། ། སཱ་ལ་མཛེས་ཚལ་སྟོང་པ་ཡི། ། ཁྲོད་འདིར་བདག་གིས་ཇི་ལྟར་བལྟ། ། གང་ཞིག་སཱ་ལའི་ལྗོན་ཚལ་ན། ། ཡུན་རིང་གཉུག་མར་གནས་པའི་ལྷ། ། དེས་ནི་རྣམ་འདྲེན་ མ་མཐོང་ན། ། སླན་ཆད་ཇི་ལྟར་གནས་པར་འགྱུར། ། ཀྱེ་མའོ་འདུ་བྱེད་མི་རྟག་སྟེ། ། སྒྱུ་མ་རྨི་ལམ་ལྟ་བུ་ལགས། ། འདི་འདྲའི་སྟོན་པ་དཔའ་བོ་ཡང་། ། འདི་ཉིད་དུ་ནི་འདའ་བར་འགྱུར། ། དེ་ནས་ཚེ་དང་ལྡན་པ་མ་འགགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་སྨྲས་ པ། འདུས་བྱས་ཐམས་ཅད་མི་རྟག་ཅེས། །
BOསངས་རྒྱས་ཀྱིས་ནི་སྔོན་ཡང་གསུངས། ། གང་ལ་རང་དབང་ཡོད་མིན་པ། ། དེ་ལ་སྨྲེ་སྔགས་བཏོན་མི་ཕན། ། སྨྲེ་སྔགས་ཡང་དང་ཡང་བཏོན་ཅིང་། ། ངུད་མོས་བཏབ་པ་ཙམ་གྱིས་ནི། ། དོན་འདི་ཐོབ་པར་མི་སླ་ཡིས། ། མཁས་ པ་མྱ་ངན་མ་བྱེད་ཅིག ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་མ་འགགས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། མི་མཆོག་མྱ་ངན་འདའ་འགྱུར་བ། ། ཁྱོད་ལའང་མྱ་ངན་ཡོད་ཡིན་ན། ། མ་འགགས་འཇིགས་པ་མེད་པར་ནི། ། ཅི་ཡི་ཕྱིར་ན་དེ་སྐད་སྨྲ། ། མ་འགགས་པས་སྨྲས་པ། སེམས་ཅན་ཉམ་ཐག་སྡུག་བསྔལ་ཞིང་། ། མྱ་ངན་གདུངས་པ་མཐོང་ནས་ནི། ། བདག་གི་མིག་ཀྱང་ཆུས་གང་ཞིང་། ། མཆི་མ་འཁྲུག་ཅེས་བྱེད་པའང་ཡོད། ། སེམས་ཅན་ཇི་སྙེད་ངུ་བ་རྣམས། ། ལྷ་ཡི་མིག་གིས་མཐོང་བ་ན། ། བདག་ཀྱང་དེ་དག་དོན་ གྱི་ཕྱིར། ། ཤིན་ཏུ་ངུ་ཡང་བྲོ་མོད་ཀྱི། ། འོན་ཀྱང་སྨྲེ་སྔགས་བཏོན་པས་ནི། ། ཕན་པ་འགའ་ཡང་མི་རྙེད་པས། ། དེ་ཕྱིར་ཁྱོད་ལ་ཀུན་དགའ་བོ། ། ཆོས་སོམས་མྱ་ངན་མ་བྱེད་ཟེར། ། དེ་ནས་བཅོམ་ལྡན་འདས་གདན་ལས་བཞེངས་ཏེ་ལྷ་དང་། མི་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་།
BOལྷ་མ་ཡིན་དང་། ནམ་མཁའ་ལྡིང་བྱེ་བ་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། ཤིང་སཱ་ལ་ཟུང་གི་བར་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་སེང་གེའི་གཟིམས་ཁྲི་ལ་སྐུའི་གློ་གཡས་པ་ཕབ་སྟེ་གཟིམས་སོ། ། བཅོམ་ལྡན་ འདས་སེང་གེའི་གཟིམས་ཁྲི་ལ་གཟིམས་མ་ཐག་ཏུ་ལྷ་རྣམས་ཀྱིས་བར་སྣང་ལས་ལྷའི་མེ་ཏོག་སྣ་ཚོགས་ཀྱི་ཆར་དག་མངོན་པར་རབ་ཏུ་ཕབ་ཅིང་། ལྷའི་ཕྱེ་མ་མང་པོ་དག་གིས་ཀྱང་གཏོར། ལྷའི་སིལ་སྙན་བརྒྱ་སྟོང་དག་ཀྱང་རབ་ཏུ་གསིལ་ཏོ། ། མི་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་ལ་བལྟ་བའི་ཐ་མར་གྱུར་པ་ནི་འདི་ཡིན་ནོ་ཞེས་མི་ཡུལ་གྱི་མེ་ཏོག་དང་། ཕྱེ་མ་དང་། སྤོས་དང་། བྱུག་པ་དང་། རོལ་མོའི་སྒྲ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་སོ། །
BOབཅོམ་ལྡན་འདས་ཤིང་སཱ་ལ་ཟུང་གི་བར་དུ་སེང་གེའི་གཟིམས་ཁྲི་ལ་སྐུའི་གློ་གཡས་ པས་ཕབ་སྟེ་གཟིམས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་དང་ཐང་ཅིག་དེ་དང་ཡུད་ཙམ་དེ་ལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་འབུམ་ཕྲག་བཅུ་འདས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྒྲའི་དབང་ཕྱུག་ཅེས་བྱ་བའི་སངས་རྒྱས་ཀྱི་ཞིང་འཇིག་ རྟེན་གྱི་ཁམས་རིན་ཆེན་དབྱངས་ཅན་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ལེགས་པར་སེམས་པ་ཞེས་བྱ་བ་ཤི་འཕོས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་པང་པར་བུ་ཉིད་དུ་རྫུས་ཏེ་སྐྱེས་སོ། ། དེ་སྐྱེས་ མ་ཐག་ཏུ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། སེང་གེ་སྒྲ་ཡི་སྤྱན་སྔ་ནས། ། གང་གི་དོན་ཕྱིར་བདག་འོངས་པ། ། ཤཱཀྱ་སེང་གེ་མི་ཡི་མཆོག ། རྫོགས་སངས་རྒྱས་པ་བཞུགས་སམ་ཅི། ། དེ་ནས་ལྷ་ཞིག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ལེགས་པར་སེམས་ པ་ལ་ཚིགས་སུ་བཅད་དེ་སྨྲས་པ། གསུང་བར་མཛད་པ་མི་དབང་པོ། ། སྐྱོབ་པ་ཤཱཀྱ་སེང་གེ་དེ། ། དེ་རིང་སཱ་ལའི་བར་དུ་ནི། །
BOལན་མེད་མྱ་ངན་འདའ་བར་འགྱུར། ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ལེགས་པར་སེམས་ པས་ལྷ་དེ་ལ་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། ཤཱཀྱ་སེང་གེ་དེ་ཡི་ཆོས། ། མཆོག་ཏུ་མཐོང་དཀའ་མཉན་པའི་ཕྱིར། ། བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཡི། ། སངས་རྒྱས་ཞིང་ནས་བདག་འདིར་འོངས། ། དེ་ནི་སཱ་ལའི་བར་དུ་དེང་། ། མྱ་ངན་འདའ་བར་འགྱུར་ན་གོ། ། ཁོ་བོ་སངས་རྒྱས་ཞིང་ འདིར་ནི། ། འོངས་པ་འབྲས་བུ་མེད་པར་འགྱུར། ། ཁོ་བོ་དེ་རིང་འདིར་འོངས་ནས། ། ཐུབ་པ་དེ་ཡང་འདའ་འགྱུར་བས། ། ལྷ་དང་བཅས་པའི་འཇིག་རྟེན་གྱིས། ། མྱ་ངན་བྱ་བར་ཁོ་བོས་བྱས། ། ཁོ་བོ་འོངས་པས་སངས་རྒྱས་ནི། ། མི་མཐོང་དོན་མེད་འགྱུར་མི་བྱ། ། སེམས་བསྐྱེད་ཙམ་ཡང་ མི་བསྡད་ཅིང་། ། སངས་རྒྱས་སྤྱན་སྔར་འགྲོ་བར་བྱ། ། དེས་ནི་འཇམ་ཞིང་དེས་པ་དང་། ། དགའ་བ་བརྗོད་པའི་ཚིག་གིས་ནི། ། དེ་ཉིད་དུ་ནི་མ་ག་དྷཱའི། ། བདག་པོ་རྒྱལ་ལ་འདི་སྐད་སྨྲས། ། རྒྱལ་པོ་ཁྱོད་ནི་བདག་ལ་གསོན། ། སྐྱེས་བུ་དམ་པ་དཀོན་པས་ན། ། བག་མ་མཆིས་པ་མ་ མཛད་པར། ། དེ་བཞིན་གཤེགས་པའི་སྤྱན་སྔར་བཞུད། ། བསྐལ་པ་སྟོང་ཕྲག་བྱེ་བ་ལ། །
BOརྒྱལ་བ་ལན་འགའ་འབྱུང་འགྱུར་ཞིང་། ། ཚོགས་པ་འདི་ནི་རྙེད་པ་ལ། ། མཁས་པ་སྐྱོ་བར་མ་མཛད་ཅིག ། འདི་ནི་མི་མཁས་བྱིས་པ་སྙམ། ། གང་ཕྱིར་རྒྱལ་ཆེན་ཁྱོད་དགོངས་པ། ། རྒྱལ་ཆེན་ བྱིས་པ་བདག་མ་ལགས། ། མི་དབང་ཁྱོད་ནི་བྱིས་པ་ལགས། ། འདོད་པའི་དབང་དུ་སོང་ནས་ནི། ། གང་གིས་ངན་འགྲོར་འགྲོ་བ་ཡི། ། མཚམས་མེད་པ་ནི་ཁྱོད་ཀྱིས་མཛད། ། དེ་ནི་བྱིས་པའི་བྱིས་པ་ཉིད། ། ཁྱོད་ཀྱིས་སྡིག་པའི་ལས་མཛད་པ། ། མཚམས་མེད་འཇིགས་པ་ཆེན་པོ་ ལགས། ། དེ་ཡིས་ཁྱོད་ནི་མནར་མེད་པ། ། མི་བཟད་འཇིགས་པ་ཆེན་པོར་ལྟུང་། ། སངས་རྒྱས་ལ་ནི་སེམས་དད་མཛོད། ། དེས་ནི་ཐར་པ་འཐོབ་འགྱུར་ཞིང་། ། མི་དབང་དེ་ནས་རྐྱེན་རྣམས་ཀྱིས། ། ཁྱོད་ཀྱིས་རྫོགས་པའི་བྱང་ཆུབ་འཐོབ། ། ཁྱོད་ཀྱིས་སྡིག་པའི་གྲོགས་བསྟེན་པ། ། ལྷ་ སྦྱིན་གནོད་བྱེད་ཆེན་པོ་ལགས། ། དེ་ཡི་རྗེས་སུ་ཕྱོགས་ནས་ནི། ། ཁྱོད་ཀྱིས་ཡབ་ནི་བཀྲོངས་པར་གྱུར། ། ཁྱོད་ཀྱི་ཡབ་ནི་ཆོས་སྤྱོད་པ། ། སངས་རྒྱས་ཐུགས་ལས་སྐྱེས་པའི་སྲས། ། ཁྱོད་ཀྱིས་ང་རྒྱལ་དེ་ཡིས་ནི། ། མཁས་པ་པོ་ནི་བསད་པར་གྱུར། ། རྫོགས་ སངས་མྱ་ངན་མ་འདས་པར། ། ཁྱོད་ཀྱིས་གཟིགས་པར་མི་བགྱི་འམ། །
BOདེ་ཡི་སྐུ་གདུང་རྣམས་ལ་ཡང་། ། མཆོད་པ་རྒྱ་ཆེན་དག་ཀྱང་མཛོད། ། བདག་ནི་ཞིང་འདིར་མཆིས་པ་ཡང་། ། འདོད་པའི་ཡོན་ཏན་ཕྱིར་མ་ལགས། ། བདག་ནི་སངས་རྒྱས་བལྟར་མཆིས་ཀྱིས། ། རྒྱལ་ པོ་ཆེན་པོ་བཟོད་པར་མཛོད། ། ཤཱཀྱ་སེང་གེ་དྲང་སྲོང་ཆེ། ། དེ་ནི་དེ་རིང་འདའ་འགྱུར་ཞེས། ། སངས་རྒྱས་སེང་གེའི་སྒྲ་དེ་ཡི། ། སྤྱན་སྔ་ནས་ནི་བདག་གིས་ཐོས། ། དེ་ལ་བལྟ་བའི་ཆེད་དུ་བདག ། ཞིང་འདིར་མཆིས་པར་གྱུར་པ་ལགས། ། རྒྱལ་རིགས་ཉེ་དུའི་ཚོགས་ཀུན་དང་། ། ལྷན་ཅིག་འགྲོགས་ཏེ་མཆི་བར་བགྱི། ། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཁྱེའུ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། འདི་ནས་གྱད་ཡུལ་ལམ་རིང་མ་སྨད་པ། ། རྐང་པས་བགྲོད་པར་མི་ནུས་ཤིང་རྟས་སོང་། ། ཁྱེའུ་ཁྱོད་དོ་མོད་སྡོད་པར་གྱིས་ཤིག་དང་། ། དཔུང་ཆེན་རྣམས་ཀྱིས་བདེ་བར་འདོང་ བར་བྱ། ། དེ་ནས་ཁྱེའུ་དེས་རྒྱལ་པོ་མ་སྐྱེས་དགྲ་ལ་ཚིགས་སུ་བཅད་དེ་སྨྲས་པ། མི་དབང་ཁྱོད་ལྟར་བདག་ལ་ལེ་ལོ་མེད། ། བསམ་ཡས་རྫུ་འཕྲུལ་སྟོབས་ནི་བདག་ལ་ཡོད། ། བདག་ནི་འདོད་ན་ཤར་ཕྱོགས་ཞིང་རྣམས་ནི། ། དུ་བ་མ་དག་ཏུའང་ཐོགས་མེད་འགྲོ་འགྱུར་ཞིང་། ། བདག་ནི་ གང་ནས་འོངས་པའི་འཇིག་རྟེན་ཁམས། །
BOདེ་ཡི་བར་ན་སངས་རྒྱས་ཞིང་མང་གང་། ། དེ་ཡང་མཐའ་ཡས་མང་པོ་ཚད་མེད་པས། ། གྱད་ཡུལ་ལྟ་ཞིག་ཇི་ལྟར་གྱུར་ཀྱང་རུང་། ། དེ་ནས་ཁྱེའུ་དེ་རྒྱལ་པོ་མ་སྐྱེས་དགྲའི་པང་པ་ནས་བབས་ནས་རྐང་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་སྟེ་ཚིགས་སུ་བཅད་ པ་འདི་དག་སྨྲས་སོ། ། གང་ཞིག་སྡིག་མེད་ཉོན་མོངས་ཡོད་མིན་ཞིང་། ། སྟོབས་ཆེན་གསུང་མཆོག་མི་དབང་ལྟ་འདོད་པ། ། དེ་ནི་ཁོ་བོའི་ཕྱི་བཞིན་དེང་ཤོག་དང་། ། ཤཱཀ་ཐུབ་མྱ་ངན་མ་འདས་དེ་མཐོང་འགྱུར། ། ཁྱེའུ་དེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་དང་ ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་ལྷ་དང་མིར་བཅས་པའི་སྐྱེ་དགུ་ལས་སྲོག་ཆགས་བདུན་ཁྲི་ཉིས་སྟོང་འདུས་པར་གྱུར་ནས། ཁྱེའུ་དེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་བཅོམ་ལྡན་ འདས་ག་ལ་བ་དེར་སོང་ངོ་། ། བཅོམ་ལྡན་འདས་སེང་གེའི་གཟིམས་ཁྲི་ལ་སྐུའི་གློ་གཡས་པས་ཕབ་སྟེ་གཟིམས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་ལྷོ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་འབུམ་ཕྲག་ལྔ་འདས་པ་ན།
BOདེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་མཛེས་རིན་ཆེན་བརྩེགས་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བཀོད་པ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་ཞི་བར་འཇུག་ཅེས་བྱ་བ་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་ འདིའི་འཛམ་བུའི་གླིང་འདི་ཉིད་དུ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་ཚོང་དཔོན་སེང་གེ་ལྟ་བུ་ཞེས་བྱ་བའི་ཁྱིམ་དུ་སྐྱེས་སོ། ། དེ་སྐྱེས་མ་ཐག་ཏུ་ཆེད་དུ་བརྗོད་པ་འདི་སྐད་ཆེད་དུ་བརྗོད་དོ། ། གང་ཕྱིར་བསྐལ་པ་བྱེ་སྙེད་དུ། ། གང་གིས་ཕྱག་ཀྱང་ཡང་ཡང་གཏུབས། ། སྤྱན་དང་རང་གི་ཤ་དག་ དང་། ། དེ་བཞིན་དབུ་ཡང་བཏང་མཛད་ཅིང་། ། སངས་རྒྱས་ཉིད་ནི་བཞེད་པ་ཡིས། ། བསྐལ་པ་སྟོང་ཕྲག་བྱེ་བར་ཡང་། ། བཙུན་མོ་སྲས་དང་སྲས་མོ་དང་། ། བདོག་པ་ཐམས་ཅད་ཡང་ཡང་བཏང་། ། སེམས་ཅན་རྣམས་ནི་དགྲོལ་བའི་ཕྱིར། ། བསྐལ་པ་བྱེ་བ་བརྒྱ་མང་དུ། ། སྦྱིན་པ་ རྒྱ་ཆེན་བཏང་གྱུར་པའི། ། སྤྱན་དང་ལྡན་པ་བཞུགས་སམ་ཅི། ། དེ་ནས་ཚོང་དཔོན་སེང་གེ་ལྟ་བུས་ཁྱེའུ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། གང་ཕྱིར་སྐྱེས་མ་ཐག་ཏུ་ཡང་། ། ཚིག་མཆོག་རྗོད་པར་བྱེད་པ་ཁྱོད། །
BOལྷ་འམ་འོན་ཏེ་ཀླུ་ཞིག་གམ། ། གནོད་སྦྱིན་ཡིན་ནམ་སྲིན་པོ་ཡིན། ། ཉེ་དུའི་ཚོགས་ནི་སྐྲག་གྱུར་ཅིང་། ། འཇིགས་པས་ཕྱོགས་སུ་རྣམ་པར་རྒྱུག ། ཁོ་བོ་སངས་རྒྱས་སྒྲ་ཡིས་ནི། ། གཞན་དུ་འབྲོས་པར་མི་བྱེད་ཁྱེའུ། ། དེ་ནས་ཁྱེའུ་དེས་ཚོང་དཔོན་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁོ་བོ་ལྷ་མིན་ཀླུ་ཡང་མིན། ། གནོད་སྦྱིན་མ་ཡིན་སྲིན་པོའང་མིན། ། འཇིག་རྟེན་ཐུན་མོང་ཡིན་པའི་ཕྱིར། ། ཅི་འདྲ་ཚོང་དཔོན་མི་ཤེས་སམ། ། ཁོ་བོ་ལྷ་ཀླུ་གནོད་སྦྱིན་དང་། ། མི་འམ་ཅི་དང་ལྟོ་འཕྱེ་ཆེ། ། ལྷ་ཡི་ལྷ་ཞེས་བརྟན་པ་ནི། ། ཁྱུ་མཆོག་བཞིན་དུ་དམ་ཡང་འཆའ། ། དེ་ནས་ཚོང་དཔོན་སེང་གེ་ལྟ་བུས་ཁྱེའུ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། མཁས་ པ་ཁྱོད་ཀྱིས་བསྒྲགས་པ་ཡི། ། དེ་འདྲའི་ཚིག་ནི་ཐོས་གྱུར་ནས། ། ཐེ་ཚོམ་ལྷག་པར་སྐྱེས་གྱུར་ཅིང་། ། ཁོ་བོ་ལྷག་པར་བསྔགས་སོ་ཁྱེའུ། ། ཇི་ལྟར་ཁྱོད་ནི་ལྷ་དང་ཀླུ། ། ཇི་ལྟར་གནོད་སྦྱིན་མི་འམ་ཅི། ། ཇི་ལྟར་ལྷ་ཡི་ལྷ་ཡིན་པ། ། དེ་ནི་ཁྱེའུ་ཁྱོད་ང་ལ་སྨྲོས། ། དེ་ནས་ཁྱེའུ་དེས་ཚོང་ དཔོན་སེང་གེ་ལྟ་བུ་ལ་ཚིགས་སུ་བཅད་དེ་སྨྲས་པ། ལྷོ་ཡི་ཕྱོགས་ཆ་ལོགས་ན་ནི། །
BOགསུང་བར་མཛད་པའི་བདག་པོ་ནི། ། ལྟ་མཛེས་རིན་ཆེན་བརྩེགས་བཞུགས་པ། ། དེ་ནས་ཁོ་བོ་འདིར་འོངས་ཏེ། ། ཁོ་བོ་ལན་བརྒྱར་བརྒྱ་བྱིན་དང་། ། དབང་སྒྱུར་དུ་ཡང་ཁོ་བོ་གྱུར། ། ཁོ་བོ་ལན་ བརྒྱར་ཚངས་པ་དང་། ། དེ་བཞིན་འཁོར་ལོས་སྒྱུར་བར་གྱུར། ། ཁོ་བོས་ཡུན་རིང་བརྗོད་བྱ་ན། ། བསྐལ་པའམ་བསྐལ་པ་བྱེ་བར་ཡང་། ། ཟད་པར་འགྱུར་བ་ཡོད་མིན་ཏེ། ། མཁས་པ་ཁོ་བོ་འགྲོ་དགོས་སོ། ། ཚོང་དཔོན་འོན་ཀྱང་རེ་ཞིག་རྗེས་སུ་བསྟན་པ་འདི་ལ་ཁྱོད་ཀྱིས་ཀུན་ཏུ་ བསྟེན་པར་བྱ། ངེས་པར་བསྟེན་པར་བྱ། གོམས་པར་བྱ་ཞིང་ལན་མང་དུ་བྱའོ། ། ཚོང་དཔོན་རྗེས་སུ་བསྟན་པ་དེ་ཡང་གང་ཞེ་ན། ཚོང་དཔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་མཛེས་རིན་ཆེན་བརྩེགས་དེས་འདི་སྐད་ཅེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གསུམ་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་པ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སེམས་མཐའ་ཡས་པའི་རྗེས་སུ་འཇུག་པ་དང་།
BOཡེ་ཤེས་ཟབ་མོའི་རྗེས་སུ་འཇུག་པ་དང་། སྙིང་པོ་དང་ལྡན་པའི་ཏིང་ངེ་འཛིན་ལ་རྗེས་སུ་སྒོམ་པ་སྟེ། ཚོང་དཔོན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གསུམ་པོ་དེ་དག་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེ་ནས་ཁྱེའུ་དེས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། ཡེ་ཤེས་ཟབ་མོ་རྟོགས་དཀའ་དེ་ལ་ནི། ། གང་དག་རྒྱུ་དང་རྒྱུ་མེད་ཀུན་མཁྱེན་པའི། ། སངས་རྒྱས་གྲགས་ཆེན་རྣམ་དག་མ་གཏོགས་པ། ། ལྷར་བཅས་སྐྱེ་དགུ་འདི་དག་སོམ་ཉི་བྱེད། ། བྱང་ཆུབ་གནས་མིན་གང་ཡིན་དེ་མེད་དེ། ། ཡང་དག་ཡེ་ཤེས་གང་ལའང་ཆགས་པ་མེད། ། ཆགས་པ་རྣམ་སྤངས་ཟུག་རྔུ་བྲལ་གྱུར་ པའི། ། ཡེ་ཤེས་རྣམ་པར་བསྒོམས་ན་སངས་རྒྱས་འགྱུར། ། མཐའ་ཡས་སེམས་ལ་སེམས་ཡོད་མ་ཡིན་པར། ། སེམས་ལ་འཇུག་པ་རབ་ཏུ་ཞི་བར་གསུངས། ། སེམས་འདི་ཐམས་ཅད་དག་ལས་ལོག་གྱུར་པའི། ། རྗེས་སུ་རབ་ཏུ་འཇུག་པས་སེམས་ཞེས་བྱ། གཅད་ ཅིང་གཅག་རུང་གང་ཡིན་དེ་མི་སྲ། ། བདེ་གཤེགས་གསུངས་པའི་ཆོས་རྣམས་མི་ཕྱེད་ཅིང་། །
BOདངོས་པོ་ཐམས་ཅད་ནམ་མཁའི་དངོས་འདྲ་བའི། ། ཏིང་འཛིན་འདི་ནི་རྡོ་རྗེའི་རང་བཞིན་ཡིན། ། གང་གིས་དེ་འདྲར་རང་བཞིན་སྟོང་ཤེས་ནས། ། དངོས་པོ་ཀུན་ལ་མི་གནས་སྒོམ་བྱེད་ པ། ། དེ་ནི་ཉོན་མོངས་དྲ་བ་ཀུན་སྤངས་ཤིང་། ། སྲིད་པའི་འདོད་ཆགས་བཅོམ་པའི་སངས་རྒྱས་འགྱུར། ། ཐམས་ཅད་ཤེས་ཀྱང་རྣམ་ཤེས་ཡོད་མིན་ཞིང་། ། ཐམས་ཅད་སྒོམ་ཡང་རྣམ་སྒོམ་ཡོད་མིན་ལ། ། ཐམས་ཅད་རྟོགས་ཀྱང་རྟོགས་པ་ཡོད་མིན་ཞིང་། ། ཐམས་ཅད་བརྗོད་ཀྱང་ གང་ལའང་མི་གནས་ལ། ། ཟབ་ཆོས་ཆོས་ཀྱི་འདུ་ཤེས་ཡོད་མིན་ཞིང་། ། སེམས་ཅན་འགྲོལ་ཡང་སེམས་ཅན་འདུ་ཤེས་མེད། ། ཞི་དབེན་ཞི་བའི་འདུ་ཤེས་ཡོད་མིན་ཞིང་། ། བྱང་ཆུབ་རྟོགས་ཀྱང་བྱང་ཆུབ་འདུ་ཤེས་མེད། ། དཔའ་བརྟུལ་ལྟ་བའི་ཟུག་རྔུ་སྤངས་པ་དེ། ། བསྟེན་ དཀའ་འགྲོ་བ་ཀུན་ལས་འདས་གྱུར་ཅིང་། ། སེམས་ཅན་ཀུན་གྱི་འཆི་འཕོ་འགྲོ་དང་ཀུན། ། རབ་ཏུ་ཤེས་ཤིང་རབ་བྱུང་སངས་རྒྱས་འགྱུར། ། ཁྱེའུ་དེས་ཚིགས་སུ་བཅད་པ་དེ་དག་སྨྲས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་དང་ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་ཚོང་དཔོན་སེང་གེ་ལྟ་བུ་རང་གི་ འཁོར་གྱིས་ཡོངས་སུ་བསྐོར་བ་དང་།
BOསྲོག་ཆགས་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སེམས་ཡོངས་སུ་བསྔོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། ལྷ་བྱེ་བ་ཕྲག་བརྒྱད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པར་གྱུར་ཏོ། ། སྲོག་ཆགས་ཁྲག་ཁྲིག་འབུམ་ཕྲག་བཞི་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། ། དེ་ནས་ཁྱེའུ་དེས་དེའི་ ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། ཤཱཀྱ་སེང་གེའི་སྤྱན་སྔ་འདིར། ། ཁོ་བོ་འོངས་པ་དེ་དོན་ཡིན། ། སྲོག་ཆགས་ཁྲག་ཁྲིག་འཁོར་བ་ཡི། ། འཇིགས་པ་ཆེ་ལས་ཐར་གྱུར་ཅིང་། ། སྲོག་ཆགས་བྱེ་བ་མང་པོ་རྣམས། ། བླ་ན་མེད་པའི་བྱང་ཆུབ་ཏུ། ། སེམས་བསྐྱེད་པ་ཡང་ སྐྱེས་གྱུར་ཏེ། ། བཟོད་པ་ལ་ཡང་རབ་ཏུ་བཀོད། ། བདག་གི་ཕ་མ་ཕུ་ནུ་དང་། ། ཉེ་དུ་རྣམས་ཀྱང་བཟོད་ལག་ན་གནས། ། བྱེ་བ་ཕྲག་བརྒྱད་ལྷ་རྣམས་ནི། ། ཐམས་ཅད་བྱང་ཆུབ་རབ་ཏུ་ཞུགས། ། དཔག་མེད་བསམ་གྱིས་མི་ཁྱབ་པའི། ། ནོར་གྱི་ཕུང་པོ་ཆེ་རྙེད་པས། །
BOབདག་ནི་སངས་ རྒྱས་ཆོས་རྣམས་ཀྱིས། ། དབུལ་བ་ཐག་རིང་ཟད་པར་གྱུར། ། དེ་ནས་ཁྱེའུ་རབ་ཏུ་ཞི་བར་གནས་ཀྱིས་ཕ་མ་དང་ཕུ་ནུ་དང་། ཉེ་དུའི་ཚོགས་རྣམས་བོས་ཏེ་ཕ་མ་དང་། ཕུ་ནུ་དང་། ཉེ་དུ་དང་། རྩ་ལག་གི་སྐྱེ་བོ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་སྲོག་ཆགས་ འབུམ་ཕྲག་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་གྱད་རྣམས་དང་ཉེ་བ་ན་ཡོད་པ་ཤིང་སཱ་ལ་ཟུང་གི་ཚལ་ག་ལ་བ་དེར་དོང་ངོ་། ། བཅོམ་ལྡན་འདས་སེང་གེའི་གཟིམས་ཁྲི་ལ་སྐུའི་གློ་གཡས་པས་ཕབ་སྟེ་གཟིམས་མ་ཐག་ ཏུ་དེ་ནས་གཞན་ཡང་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་འབུམ་ཕྲག་བརྒྱད་འདས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དབང་ཕྱུག་ཅེས་བྱ་བའི་སངས་རྒྱས་ཀྱི་ཞིང་ ན་འཇིག་རྟེན་གྱི་ཁམས་དགའ་སྤུ་ཞེས་བྱ་བ་ནས།
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་མེད་ཅེས་བྱ་བ་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་འདིའི་འཛམ་བུའི་གླིང་འདི་ཉིད་དུ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ཆེན་པོར་ཚོང་དཔོན་མེ་ཏོག་བཟང་པོ་ཞེས་བྱ་བའི་ ཁྱིམ་དུ་སྐྱེས་སོ། ། དེ་ནས་ཁྱེའུ་དེ་སྐྱེས་མ་ཐག་ཏུ་དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། བདག་མེད་མི་གཡོའི་ཆོས་སྟོན་པ། ། རྣམ་པར་འདྲེན་པ་སངས་རྒྱས་ནི། ། སཱ་ལའི་ལྗོན་ཤིང་ཚལ་ཁྲོད་དུ། ། དེ་རིང་མྱ་ངན་འདའ་བར་འགྱུར། ། ཆོས་རྣམས་འདི་དག་ དམིགས་མེད་ན། ། མི་མཁས་དམིགས་པར་བྱེད་པ་དག ། དེ་དག་སྡུག་བསྔལ་མི་གྲོལ་ཞིང་། ། དེ་དག་རྣམས་ཀྱི་སྡུག་བསྔལ་འཕེལ། ། ཆོས་རྣམས་ཐམས་ཅད་གནས་མིན་ཏེ། ། དེ་དག་རྣམས་ཀྱི་གནས་ཀྱང་མེད། ། ཟད་པ་དང་ནི་མ་ཟད་པ། ། ཐམས་ཅད་འདི་ལ་ རྙེད་མི་འགྱུར། ། སྟོང་པ་ནམ་ཡང་མི་འཇིག་ཅིང་། ། སྟོང་པ་རྣམ་པར་འཇིག་པའང་མེད། ། དེ་ལ་རྐྱེན་ཀྱང་ཡོད་མིན་ཞིང་། ། རྐྱེན་མེད་པ་ཡང་དེ་ལ་མེད། ། གང་གིས་ཞི་བ་མཐོང་དཀའ་ཞིང་། ། ཟབ་མོའི་ཆོས་འདི་བསྟན་མཛད་པ། ། ཤཱཀྱ་སེང་གེ་མི་ཡི་མཆོག ། རྫོགས་ པའི་སངས་རྒྱས་བཞུགས་སམ་ཅི། ། སེང་གེ་ཆེན་པོ་གླང་པོ་ཆེ། །
BOཚངས་པར་གྱུར་ཅིང་ཟག་པ་མེད། ། མིག་ཏུ་གྱུར་པ་དེ་རིང་ནི། ། སཱ་ལའི་བར་དུ་འདའ་བར་འགྱུར། ། དགེ་སློང་དགེ་འདུན་མདུན་དག་ན། ། ཟླ་བ་ཉ་བ་འདྲ་བར་ནི། ། ཡུན་རིང་ཆོས་རྣམས་སྟོན་མཛད་པ། ། ཕྱིན་ ཆད་མཐོང་བར་མི་འགྱུར་རོ། ། ལྷུན་པོའི་སྒང་ན་ནོར་ལྷ་ལྟར། ། དགེ་སློང་ཚོགས་ལ་རྣམ་མཛེས་པ། ། ལེགས་པར་གསུང་པ་མགོན་པོ་ནི། ། ཕྱིན་ཆད་གྲོང་ཁྱེར་གཤེགས་མི་འགྱུར། ། ལྷ་མིའི་མདུན་ན་སྐྱོབ་པ་ཡི། ། བླ་མེད་ཆོས་ཀྱི་ང་རོ་དང་། ། དགའ་བར་མཛད་པའི་གསུང་དབྱངས་ ཏེ། ། ཕྱིན་ཆད་ཐོས་པར་མི་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་མེད་ཀྱིས་ཚིགས་སུ་བཅད་པ་དེ་དག་སྨྲས་མ་ཐག་ཏུ་དེ་ནས་དེའི་ཚེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ཆེན་པོའི་སྲོག་ཆགས་འབུམ་ཐམ་པས་ཚིག་འདི་སྐད་ཅེས་སྨྲས་སོ། ། གང་གི་ཕྱིར་ཁྱེའུ་འདི་སྐྱེས་མ་ ཐག་ཏུ་དེ་ལྟར་སྔོན་གྱི་གནས་ཀྱི་ཚེ་རབས་དེ་དང་དེ་དག་རྗེས་སུ་དྲན་ཞིང་། འདིའི་ཤེས་པ་དང་མི་འཇིགས་པའི་སྟོབས་བསྐྱེད་པ་དེས་ཚིག་འབྲུ་སྣ་ཚོགས་ཀྱིས་ཚིགས་སུ་བཅད་པ་དེ་ལྟ་བུ་དག་རྗོད་པར་བྱེད་པའི་ཤེས་རབ་ཀྱི་སྤོབས་པ་དང་།
BOཤེས་རབ་ཀྱི་མི་འཇིགས་པ་དང་ཤེས་རབ་ ཀྱི་ཁྱད་པར་ནི་ངོ་མཚར་ཏེ། བདག་ཅག་གིས་ཀྱང་དེ་ལྟ་བུའི་ཤེས་རབ་ཡང་དག་པར་བསྒྲུབ་པའི་ཕྱིར་ངེས་པར་འབད་པར་བྱའོ་ཞེས་སྨྲས་སོ། ། དེ་ནས་ཁྱེའུ་དེས་སྐྱེ་བོ་ཕལ་པོ་ཆེ་དེ་དག་འདི་ལྟ་སྟེ། མཐའ་ཡས་མུ་མེད་པ་དང་། སྣང་བ་མེད་པ་དང་། དམིགས་པ་མེད་པ་དང་། སྐྱེ་བ་ མེད་པ་ལ་བཟོད་པའི་ཕྱིར་མི་ལྡོག་པ་དང་། ཐུན་མོང་མ་ཡིན་པ་དང་། མི་མཉམ་པ་དང་མཉམ་པ་ལ་བཀོད་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། ། བདག་ཅག་ཐམས་ཅད་ཀྱང་ཚོགས་པར་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། ། དེས་ དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱེད་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཟིན་གྱིས་ཁྱེད་ཅག་ཚུར་ཤོག་དང་། ད་བདག་ཅག་ཐམས་ཅད་ཚོགས་པར་བྱས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འགྲོགས་ཏེ་འདོང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་མེད་སྲོག་ཆགས་ཉིས་འབུམ་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས།
BOབཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་ འཚལ་བའི་ཕྱིར་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ནས་བྱུང་སྟེ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། ། བཅོམ་ལྡན་འདས་སེང་གེའི་གཟིམས་ཁྲི་ལ་སྐུའི་གློ་གཡས་པས་ཕབ་སྟེ། གཟིམས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་བྱང་ཕྱོགས་ལོགས་སུ་སངས་ རྒྱས་ཀྱི་ཞིང་བྱེ་བ་འབུམ་ཕྲག་དྲུག་ཅུ་རྩ་བཞི་འདས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཡན་ལག་གནས་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མེ་ཏོག་ཅན་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པ་ཞེས་བྱ་བ་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་འདིའི་འཛམ་བུའི་གླིང་འདི་ཉིད་དུ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་དམག་དཔོན་སེང་གེ་ཞེས་བྱ་བའི་ཁྱིམ་དུ་སྐྱེས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་ མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པ་དེ་སྐྱེས་མ་ཐག་ཏུ་ཆེད་དུ་བརྗོད་པ་འདི་སྐད་དུ་བརྗོད་དོ། ། གང་གིས་སེམས་ཅན་བྱེ་མང་རྣམས། ། ཉོན་མོངས་གྱུར་པ་ཐར་མཛད་ཅིང་། ། ཤཱཀྱའི་རིགས་རྣམས་དགའ་མཛད་པ།
BO། རྫོགས་པའི་སངས་རྒྱས་བཞུགས་སམ་ཅི། ། བརྩོན་པས་ཕ་རོལ་གཤེགས་གྱུར་ཅིང་། ། ཡེ་ཤེས་ འཕྲིན་ལས་མཉམ་བཞག་ལ། ། མཁྱེན་པ་རྒྱ་མཚོ་མཐའ་ཡས་པ། ། རྫོགས་པའི་སངས་རྒྱས་བཞུགས་སམ་ཅི། ། ཞི་བའི་ཐུགས་མངའ་བཟོད་པ་བརྙེས། ། ཟུག་རྔུ་འབྱིན་མཛད་དེ་བཞིན་གཤེགས། ། སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་། ། ཆོས་དེ་རློམ་པར་མི་མཛད་པ། ། རྫོགས་པའི་སངས་རྒྱས་ བཞུགས་སམ་ཅི། ། འཇིག་རྟེན་གསུམ་ན་མི་གནས་ཀྱང་། ། གང་གིས་འདོད་ཁམས་གཟུགས་ཁམས་དང་། ། གཟུགས་མེད་ཁམས་ནི་མ་ལུས་པར། ། མཁྱེན་པས་གཞལ་བར་མཛད་གྱུར་པ། ། སྤྱན་དང་ལྡན་པ་བཞུགས་སམ་ཅི། ། དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་ཡན་ལག་གནས་ཞེས་བྱ་ བས་སྐུ་ལྷའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་ཁྱེའུ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། རྫོགས་པའི་སངས་རྒྱས་བསྐལ་པའམ། ། དེ་བས་ལྷག་པར་བཞུགས་འགྱུར་བས། ། ཕྱིས་ཀྱང་རྫོགས་སངས་མཐོང་འགྱུར་གྱིས། ། འདོད་པས་དགའ་བར་གྱིས་ཤིག་ཁྱེའུ། ། འདི་ནི་རྒྱལ་ཆེན་ཁྱིམ་ཡིན་གྱིས། ། འདོད་པའི་དགའ་མཆོག་སྤྱོད་བྱོས་ལ། ། སད་ནས་པི་ཝང་རྔ་ཆེན་དང་། ། རྫ་རྔ་རྣམས་དང་འཁར་སིལ་རྡོབས། །
BOདེ་ནས་ཁྱེའུ་དེས་དེ་བཞིན་གཤེགས་པ་ཡིན་པ་ཁོ་ནར་ཤེས་མོད་ཀྱི་ལྷ་ཡིན་པར་འདུ་ཤེས་པའི་སེམས་ཅན་གཞན་དག་གི་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་སྨྲས་ པ། སེམས་ཅན་གང་དག་འདོད་དབང་སོང་། ། དེ་དག་བྱིས་པ་རྨོངས་པ་ཡིན། ། དེ་དག་གིས་ནི་རྫོགས་སངས་དང་། ། སངས་རྒྱས་བསྟན་པ་མི་ཤེས་སོ། ། འདོད་རྣམས་སྙིང་པོ་མེད་པས་ན། ། འདོད་པའི་ལོངས་སྤྱོད་བདག་མི་འདོད། ། འདོད་པ་སྤུ་གྲིའི་སོ་འདྲ་བས། ། འདོད་པ་དེ་ལ་སུ་ཡིད་རྟོན། ། ཁྱི་དང་ཕག་དང་ཝ་དག་དང་། ། བ་ལང་བོང་བུ་དྲེའུ་རྟ་དག ། དེ་དག་འདོད་པ་སྟེན་བྱེད་ཀྱི། ། སངས་རྒྱས་མི་མཛད་ཉན་ཐོས་མིན། ། ཞར་བ་ཐེང་བོ་ལོང་བ་དང་། ། གླེན་པ་སྒུར་པོ་མིའུ་ཐུང་རྣམས། ། དེ་དག་འདོད་པ་སྟེན་བྱེད་ཀྱི། ། སངས་རྒྱས་མི་མཛད་ཉན་ཐོས་མིན། ། སྦྲང་བུ་སྦུར་བ་ཕྱེ་ལེབ་དང་། དེ་བཞིན་རྨ་བྱ་ཁུ་བྱུག་རྣམས། ། དེ་དག་འདོད་ལ་སྟེན་བྱེད་པས། ། ཁོ་བོ་ཁྱད་པར་མེད་པར་འགྱུར། ། ཇི་ལྟར་མེ་ཡི་ཀླུབས་ཀྱིས་ནི། ། འཛམ་བུའི་གླིང་འདི་གང་གྱུར་ན། ། ལོང་བ་དེར་ནི་ལྟུང་བ་ལྟར། ། རྒྱལ་བ་འདོད་པར་དེ་བཞིན་ནོ། ། འདོད་པ་མི་རྟག་སྡུག་བསྔལ་བས། །
BOསུ་ཞིག་འདོད་ པ་སྟེན་པར་བྱེད། ། གང་དག་འདོད་པའི་རྗེས་འབྲང་བས། ། དེ་དག་དེ་ཡི་ཆོས་མི་ཤེས། ། ཁོ་བོ་འདོད་པ་མི་གཉེར་བར། ། སངས་རྒྱས་ཀྱིས་ནི་ཁོ་བོ་མཁྱེན། ། ལྷར་གྱུར་བདག་ལ་འདྲི་བ་འདི། ། སངས་རྒྱས་ཡིན་པར་ཁོ་བོས་ཤེས། ། བདག་གིས་སངས་རྒྱས་སྐྱོབ་ པ་ནི། ། ལྷུན་པོའི་རྒྱལ་ལས་འདི་སྐད་ཅེས། ། མཚན་མོའི་ཐུན་གྱི་ཐ་མ་ལ། ། སངས་རྒྱས་འདའ་བར་འགྱུར་ཞེས་ཐོས། ། ཀུན་སྦྱོར་ཟད་པའི་དྲང་སྲོང་ལ། ། གང་དག་ལྟ་བར་འདོད་པ་དག ། ཀྱེ་མ་སྟོན་པ་འདས་གྱུར་གྱིས། ། ཚུར་ཤོག་སངས་རྒྱས་བལྟ་ཕྱིར་འདོང་། ། སྐྱོབ་ པ་ཤཱཀྱ་སེང་གེ་ནི། ། མྱ་ངན་འདའ་བར་འགྱུར་བའི་ཚེ། ། གང་གིས་མཐོང་ཞིང་ཐོས་གྱུར་པས། ། དགེ་བ་མང་པོ་བྱེད་འགྱུར་ལྟར། ། དེས་ནི་བསྐལ་པ་བྱེ་སྟོང་དུ། ། དགེ་བ་བྱས་པ་མ་ཡིན་ཞེས། ། བྱང་ཆུབ་ཡན་ལག་གནས་མཛད་པ། ། བདེ་གཤེགས་མི་མཆོག་དེ་སྐད་ གསུངས། ། གང་དག་སྟོན་ལ་དགའ་བ་ཡི། ། ལྷ་དང་གནོད་སྦྱིན་མི་རྣམས་དག ། གྲགས་ཆེན་རྫོགས་པའི་སངས་རྒྱས་ལ། ། བལྟ་ཕྱིར་མྱུར་དུ་ཚུར་ཤོག་ཅིག ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པ།
BOབཅོམ་ ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་སྲོག་ཆགས་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་། མདུན་དུ་བདར་ཏེ། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། ། ། ། བམ་པོ་གཉིས་པ། བཅོམ་ལྡན་འདས་སེང་གེའི་གཟིམས་ཁྲི་ལ་སྐུའི་གློ་གཡས་པས་ཕབ་སྟེ་གཟིམས་མ་ཐག་ཏུ་དེ་ནས་ཁྱེའུ་བཞི་པོ་མཉམ་ཞིང་མི་མཉམ་པ་མེད་ལ། སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་ལྷག་ཆད་མེད་པའི་ཆོས་དང་ལྡན་པ་དེ་དག་ཕྱོགས་བཞི་ནས་བཅོམ་ལྡན་ འདས་ལ་ཐལ་མོ་སྦྱོར་ཞིང་ཕྱག་འཚལ་བའི་སྐྱེ་བོ་ཕལ་པོ་ཆེས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། ། ཁྱེའུ་བཞི་པོ་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་བའི་ཚེ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་གི་སྲོག་ ཆགས་འབུམ་ཕྲག་མང་པོ་རྣམས་སེམས་རབ་ཏུ་དང་ཞིང་ཡིད་བསྡུས་ནས་ཐལ་མོ་སྦྱར་ཏེ་ཐམས་ཅད་ཀྱིས་ཕྱག་བྱས་སོ། ། དེ་དག་དོང་བའི་ཚེ་ཕྱོགས་བཞིར་དཔག་ཚད་གཅིག་ཙམ་གྱི་ཁོ་ར་ཁོར་ཡུག་ཏུ་མེ་ཏོག་གི་ཆར་དག་མངོན་པར་རབ་ཏུ་བབ་པོ། །
BOདེ་དག་དོང་བའི་ཚེ་ལྷ་རྣམས་ཀྱིས་ལྷའི་སིལ་སྙན་ བརྒྱ་སྟོང་དག་མངོན་པར་རབ་ཏུ་གསིལ་ཅིང་ལྷའི་གླུ་དབྱངས་ཀྱི་སྒྲ་དག་ཀྱང་ཕྱུང་ངོ་། ། དེའི་ཚེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱོགས་བཞིར་སེང་གེའི་གཟིམས་ཁྲི་བཤམས་པ་བཞི་ཡང་བྱུང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་ དགའ་བོས་ཚིགས་སུ་བཅད་དེ་གསོལ་པ། ཐམས་ཅད་མཁྱེན་པའི་ཕྱོགས་བཞི་ན། ། སེང་གེའི་གཟིམས་ཁྲི་འཐུན་པ་དང་། ། རྣམ་པར་མཛེས་པ་འདི་འདྲ་བ། ། གང་གི་རྒྱུ་ལགས་བཅོམ་ལྡན་འདས། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དགའ་བོ་ཁྱོད་ཀྱིས་ཕྱོགས་བཞི་ནས་འོང་བའི་ཁྱེའུ་བཞིན་རས་ཟླ་བའི་དཀྱིལ་འཁོར་འདྲ་ཞིང་ཉི་མའི་འོད་ཟེར་ལས་ཡང་དག་པར་འདས་པའི་འོད་ཀྱིས་གླིང་བཞི་ཟིལ་གྱིས་གནོན་པ། གཟུགས་དང་། གཟི་བརྗིད་ཀྱི་འོད་གསལ་བ། ཤེས་རབ་ཀྱི་སྣང་བ་ཐོབ་པ། བརྩོན་ འགྲུས་ཐོབ་པ། ཡེ་ཤེས་ཟབ་མོ་རྗེས་སུ་རྟོགས་པ། དཔལ་དང་ལྡན་པ། བློ་དང་ལྡན་པ། སྤྱོད་པ་དང་ལྡན་པ། ངོ་ཚ་ཤེས་པ་དང་ལྡན་པ། ཁྲེལ་ཡོད་པ་དང་ལྡན་པ།
BOརྟོགས་པ་དང་ལྡན་པ། བློ་གྲོས་དང་ལྡན་པ། དྲན་པ་དང་ལྡན་པ། བརྟན་པ་དང་ལྡན་པ། ཤེས་རབ་དང་ལྡན་པ། དགེ་བའི་ རྣམ་གྲངས་ཀྱི་ཚིག་སྟོན་པ་ལ་མཁས་པ། སངས་རྒྱས་བརྒྱ་ཕྲག་དུ་མ་ལ་དགེ་བའི་རྩ་བ་དག་བསྐྱེད་པ་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་གི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོ་མོད་ནམ་གྱི་ཐུན་ཐ་མ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་ གྱད་རྣམས་དང་ཉེ་བ་ན་ཡོད་པ་ཤིང་སཱ་ལ་ཟུང་གི་བར་དུ་མཐའ་ལས་འདས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། བསམ་གྱིས་མི་ཁྱབ་པའི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འཇིག་རྟེན་ཐམས་ཅད་དང་མི་འདྲ་བའི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་ པའི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འཇིག་རྟེན་ཐམས་ཅད་ཀྱིས་རྣམ་པར་ཤེས་པར་དཀའ་བའི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་བཏགས་པ་ཡང་དག་པར་འཇོམས་པའི་ཡོངས་ སུ་མྱ་ངན་ལས་འདའ་བས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །
BOཞེས་ང་ཡོངས་སུ་མྱ་ངན་ལས་འདའ་བ་ཐོས་ནས་འཇིག་རྟེན་གྱི་ཁམས་འདིར་སྐྱེས་ཏེ། ཕྱོགས་བཞི་ཀུན་ནས་འདུག་ཅིང་ངའི་ཡོན་ཏན་བསྔགས་པ་ཡོངས་སུ་བརྗོད་པའི་ཆོས་བསྟན་པ་ཉན་པར་འགྱུར་ བ་བཞི་པོ་འདི་དག་མཐོང་ངམ། ཀུན་དགའ་བོ་དེ་ལ་གང་ཤར་ཕྱོགས་ནས་འོངས་པའི་ཁྱེའུ་ཁ་དོག་དང་ལྡན་པ། གཟི་བརྗིད་དང་ལྡན་པ། གཟུགས་དང་ལྡན་པ། འོད་འབར་བས་གསལ་བ། དཔལ་འབར་བ། སྲོག་ཆགས་འབུམ་ཕྲག་མང་པོས་ཡོངས་སུ་བསྐོར་ཅིང་ལྷ་འབུམ་གྱིས་རབ་ ཏུ་མཆོད་ལ། ལྷའི་མེ་ཏོག་གི་ཆར་འབབ་པ་ཉམས་སུ་མྱོང་ཞིང་དེ་བཞིན་གཤེགས་པའི་སྤྱན་སྔར་འོང་བའི་ཁྱེའུ་འདི་ནི་ཀུན་དགའ་བོ་སྔོན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྒྲ་དབང་ཕྱུག་གི་སངས་རྒྱས་ཀྱི་ཞིང་ན་སྟོང་གི་འཇིག་རྟེན་ལ་དབང་སྒྱུར་ཞིང་ལྷ་དང་ མིས་ལེགས་པར་མཆོད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། དེ་རྒྱལ་པོ་བྱེད་པ་ན་འདོད་པ་ན་སྤྱོད་པའི་ལྷ་དང་མི་རྣམས་ལ་ཆོས་སྟོན་ཅིང་ཆོས་ཡང་དག་པར་བགྲོ་བ་ཡང་བྱས་སོ། ། སྲོག་ཆགས་འབུམ་ཕྲག་མང་པོ་དག་ལ་ཆོས་སྟོན་པ་ན་དགེ་བའི་རྩ་བ་དག་ཡོངས་སུ་སྨིན་པར་བྱེད་ཅིང་མངོན་ པར་ཤེས་པ་དག་ལ་མཁས་པ་དང་།
BOཆོས་ཀྱི་ཚུལ་རྟོགས་པར་ཁོང་དུ་ཆུད་ཅིང་འཕགས་པ་མཐའ་ཡས་པ། རྒྱུན་མི་འཆད་པ། སྣ་ཚོགས་པ། འཇིགས་པ་མེད་པ། དོན་དང་ལྡན་པའི་སྤོབས་པ་དང་ལྡན་ལ། ཆོས་ཤེས་པ་ལ་མཁས་ཤིང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་ གྱུར་ནས་ལོ་བྱེ་བ་ཕྲག་{བཅྭ་,བཅོ་}བརྒྱད་དུ་ཆད་པ་མེད་པ་དང་། མཚོན་ཆ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་རྣམ་པར་ཐོ་འཚམ་པ་དོན་དུ་མི་གཉེར་བར་ཆོས་ཀྱི་རྒྱལ་པོ་བྱས་སོ། ། དེ་ཡང་འདོད་པའི་ཕྱིར་མ་ཡིན་ཞིང་རྒྱལ་སྲིད་ལ་གདུ་བའི་ཕྱིར་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་ཕན་གདགས་ པ་དང་ཡོངས་སུ་ཐར་བར་བྱ་བ་དང་། དུལ་བར་བྱ་བ་དང་། གདུལ་བར་བྱ་བ་དང་། དུལ་བ་དང་། གདུལ་བར་བྱ་བའི་ཕྱིར་རྒྱལ་པོ་བྱས་ཏེ། དེས་ལོ་བྱེ་བ་ཕྲག་{བཅྭ་,བཅོ་}བརྒྱད་ཀྱིས་སྲོག་ཆགས་ཁྲག་ཁྲིག་ཕྲག་{བཅྭ་,བཅོ་}བརྒྱད་བྱང་ཆུབ་ལ་རབ་ཏུ་བཀོད་ཅིང་ཕྱིར་མི་ལྡོག་པ་ལ་རབ་ཏུ་བཀོད་དོ། ། བྱང་ཆུབ་ སེམས་དཔའི་ཆོས་རྣམས་དང་ལྡན་པ་དང་། སེམས་དང་པོ་བསྐྱེད་པའི་རིགས་ཀྱི་བུ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལས་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཀོད་དོ། ། དེ་དུས་གཞན་ཞིག་ན་སྐྲ་དང་ཁ་སྤུ་བྲེགས་ཏེ།
BOགོས་ངུར་སྨྲིག་དག་བགོས་ནས་ཁྱིམ་ ནས་ཁྱིམ་མེད་པར་ལེགས་པར་ཁོ་ནར་རབ་ཏུ་བྱུང་ངོ་། ། དེ་ལྟར་རབ་ཏུ་བྱུང་ནས་ཀྱང་ལོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་གཅིག་ཏུ་ཚངས་པར་སྤྱད་པ་སྤྱོད་པ་ན་འདུག་སྟེ་མལ་དུ་ཉལ་བར་ཡང་མི་བྱེད་ན། རྨུགས་པ་དང་གཉིད་ལ་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། དེས་སྔོན་ལོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་གཅིག་ཏུ་ནམ་ཡང་ འདོད་པའི་རྣམ་པར་རྟོག་པའམ། གནོད་སེམས་ཀྱི་རྣམ་པར་རྟོག་པའམ། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་མ་བསྐྱེད་དོ། ། དེའི་བར་དུ་སྔོན་ནམ་ཡང་སྡུག་པར་འདུ་ཤེས་པའམ། མི་སྡུག་པར་འདུ་ཤེས་པའམ། གཙུག་ལག་ཁང་དུ་འདུ་ཤེས་པའམ། གཙུག་ལག་ཁང་མ་ཡིན་པར་འདུ་ཤེས་པ་མེད་ ཅིང་། མི་དགེ་བ་ཡིད་ལ་བྱེད་པའི་འདུ་ཤེས་གཞན་འགའ་ཡང་མ་བསྐྱེད་པར་ཆོས་གཉིས་ལ་གནས་པར་གྱུར་ཏེ། གཉིས་གང་ཞེ་ན། མིག་མངོན་པར་སྒྲུབ་པ་མེད་པའི་ཚུལ་གྱིས་ཤའི་མིག་མངོན་པར་སྒྲུབ་པ་དང་། དེ་ལ་ཡང་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཆོས་ཀྱི་ཕུང་པོའི་དེ་ཁོ་ན་རྗེས་སུ་རྟོགས་པའོ། ། གཞན་ཡང་ལོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་གཅིག་ཏུ་ནམ་ཡང་སར་འདུ་ཤེས་པའམ། ཆུར་འདུ་ཤེས་པའམ། མེར་འདུ་ཤེས་པའམ། རླུང་དུ་འདུ་ཤེས་པའམ།
BOནམ་མཁར་འདུ་ཤེས་པའམ། རྣམ་པར་ཤེས་པར་འདུ་ཤེས་པའམ། བུད་མེད་དུ་འདུ་ཤེས་པའམ། སྐྱེས་པར་འདུ་ཤེས་པའམ། བཀྲེས་པར་འདུ་ཤེས་པའམ། སྐོམ་པར་འདུ་ཤེས་པའམ། གྲོང་དུ་འདུ་ཤེས་པའམ། དགོན་པར་འདུ་ཤེས་པའམ། གྲོང་ཁྱེར་དུ་འདུ་ཤེས་པའམ། གྲོང་རྡལ་དུ་འདུ་ཤེས་པའམ། མི་འཐུན་པར་འདུ་ཤེས་པའམ། མི་འཐུན་པ་མེད་པར་འདུ་ཤེས་པའམ། དབེན་པར་འདུ་ཤེས་པའམ། བསམ་གཏན་དུ་འདུ་ཤེས་པའམ། བདག་ཏུ་འདུ་ཤེས་པའམ། གཞན་དུ་འདུ་ཤེས་པའམ། གཟུགས་སུ་འདུ་ཤེས་པའམ། གཟུགས་མེད་པར་འདུ་ཤེས་པའམ། མཐར་འདུ་ཤེས་པའམ། དབུས་སུ་འདུ་ཤེས་པའམ། སྐྱེ་བར་འདུ་ཤེས་པའམ། འགག་པར་འདུ་ཤེས་པའམ། ཉུང་ངུར་ འདུ་ཤེས་པའམ། མང་པོར་འདུ་ཤེས་པའི་འདུ་ཤེས་གཞན་དག་ཀྱང་མ་བསྐྱེད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མ་གཏོགས་པར་རྣམ་པར་རྟོག་པ་དང་ལྡན་པའི་འདུ་ཤེས་དེ་དག་དང་གཞན་དག་ཀྱང་ཀུན་ཏུ་མི་འབྱུང་བར་གྱུར་ཏོ། །
BOགང་དེའི་བར་དུ་བྱང་ཆུབ་སེམས་དཔའ་དེས་སྲོག་ཆགས་ ཁྲག་ཁྲིག་ཕྲག་བརྒྱད་ཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པ་དེ་དག་ཐམས་ཅད་ནི་སེམས་དང་པོ་བསྐྱེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ན་བཞུགས་པའི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་སྐད་ཅིག་འདི་ཉིད་མ་ཐལ་བར་འཇིག་རྟེན་གྱི་ཁམས་དེ་དང་། སངས་རྒྱས་ཀྱི་ཞིང་དེ་ནས་གཉིས་ལྷན་ཅིག་མི་འགྲོགས་པར་འཕགས་ཏེ་དོང་ངོ་། ། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། དཔེར་ན་ད་ལྟར་དེ་བཞིན་གཤེགས་པ་ང་བཞིན་དུ་ཤཱཀྱ་ཐུབ་པ་ཞེས་བྱ་བར་མཚན་འཐུན་པ་ཤ་སྟག་སྟེ། ཐམས་ཅད་ཀྱང་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་དུ་བྱུང་བ་ཤ་སྟག་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་སྐད་ཅིག་དང་། ཐང་ཅིག་དང་།
BOཡུད་ཙམ་ འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་ལ་མངོན་པར་ཕྱོགས་ཤིང་སེང་གེའི་གཟིམས་ཁྲི་ལ་སྐུའི་གློ་གཡས་པས་ཕབ་སྟེ་གཟིམས་པར་གྱུར་ཏོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་དོ་མོད་ནམ་གྱི་ཐུན་ཐ་མ་ལ་གྱད་རྣམས་དང་ཉེ་བ་ན་ཡོད་པ་ཤིང་སཱ་ལ་ཟུང་གི་བར་ ཤ་སྟག་ཏུ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། ཀུན་དགའ་བོ་ངས་ཤའི་སྤྱན་ཐོགས་པ་མེད་པས་གང་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་རྟོགས་ཤིང་ཡུལ་མ་ཡིན་ལ་གཏིང་མི་རྟོགས་པ་དེ་དག་དང་། གཞན་ཡང་ཚད་མེད་པ་དག་རབ་ཏུ་མཁྱེན་ཏོ། ། ཀུན་དགའ་བོ་ དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ངའི་ཤའི་སྤྱན་གྱི་ཐམས་ཅད་མཁྱེན་པ་ལ་དད་པའི་སེམས་སྐྱེད་པར་བྱེད་པ་ དང་།
BOཐ་ན་ལྷག་པའི་བསམ་པས་སེམས་སྐྱེད་པ་གཅིག་ཙམ་སྐྱེད་པར་བྱེད་ན་དེ་དང་ལྡན་པའི་རྒྱུད་ཀྱིས་སེམས་བསྐྱེད་མ་ཐག་ཏུ་བསོད་ནམས་ཀྱི་ཕུང་པོ་མང་པོ་ཡོངས་སུ་འཛིན་པར་འགྱུར་ཞིང་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་གྲངས་མེད་པ་རབ་ཏུ་འཕེལ་བར་འགྱུར་རོ། ། ཀུན་དགའ་བོ་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་གང་གིས་སངས་རྒྱས་ཁྲག་ཁྲིག་ཕྲག་{བཅྭ་,བཅོ་}བརྒྱད་མངོན་སུམ་དུ་གྱུར་པ་ལ་ལོ་བྱེ་བ་ཁྲག་ཁྲིག་ཕྲག་{བཅྭ་,བཅོ་}བརྒྱད་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས། རྗེད་པ་བྱས། གསོལ་བ་བྱས་ཀྱང་དེ་སེམས་བསྐྱེད་པ་དང་། སྨོན་ལམ་འདི་དང་ བྲལ་བར་གྱུར་ན། དེས་ནི་རིགས་ཀྱི་བུ་སྔ་མ་དེས་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཡོངས་སུ་བཟུང་བར་འགྱུར་བ་དེ་ཙམ་དུ་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་འཕེལ་བར་མི་འགྱུར་རོ། ། ཀུན་དགའ་བོ་ཁྱེའུ་འདིས་ངའི་བསྟན་པ་འདི་ལ་ཉིན་མཚན་འདིས་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་བ་ལྟར་ནི་ངའི་ཉན་ཐོས་ཤཱ་རིའི་ བུ་དང་། མཽད་གལ་གྱི་བུ་དང་། གཞན་དག་གིས་ཀྱང་ངའི་གསུང་རབ་འདི་ལ་སེམས་ཅན་རྣམས་ཀྱི་དོན་མ་བྱས་སོ། །
BOཀུན་དགའ་བོ་གལ་ཏེ་ཁྱེད་ཅག་གིས་ཚེའི་ཚད་བསྐལ་པར་གནས་པར་གྱུར་ལ་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་ཅིང་ཉིན་མཚན་དུ་ཡིད་ལ་བྱེད་པ་གཞན་མེད་པར་ཆོས་སྟོན་པར་གྱུར་ཏེ། དེ་ལྟར་བྱས་ཀྱང་ཁྱེད་ཅག་གིས་ནི་ཁྱེའུ་འདིས་བསྟན་པ་འདིའི་ཁུར་ཇི་ཙམ་ཐོགས་པའམ། ཐོགས་པར་འགྱུར་བ་དེ་ཙམ་གྱི་ཁུར་ཐོགས་པར་མི་ནུས་སོ། ། ཀུན་དགའ་བོ་དེ་ལྟར་ན་གང་དག་སེམས་ཅན་རྣམས་ལ་ཕན་པའི་དངོས་པོ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བ་དང་། སེམས་ཅན་རྣམས་ལ་ ཕན་འདོགས་པ་དང་། སེམས་ཅན་རྣམས་ལ་འདུ་ཤེས་བཏང་སྙོམས་སུ་བྱེད་པ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་ཡིན་པས་ཁྱེའུ་འདི་ཡང་ཡོན་ཏན་དཔག་ཏུ་མེད་པ་ཡིན་ཏེ། ཁྱེའུ་འདི་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། ། ཀུན་དགའ་བོ་ཁྱོད་ཀྱིས་ལྷོ་ཕྱོགས་ནས་སྟོན་ཀའི་དུས་ཀྱི་ཚེའི་ ཉི་མ་འཆར་བ་འདྲ་ཞིང་ཟླ་བ་ཉ་བའི་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་རྒྱས་པ་འཆར་བ་འདྲ་བའི་ཁྱེའུ་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་དབྱིག་པས་ས་ཆེན་པོ་འདི་ལ་རྡེབས་པར་བྱེད་ཅིང་འོང་བ་མཐོང་ངམ། དེས་ས་ཆེན་པོ་ལ་རྡེབས་པ་ན་འདི་ལྟ་བུའི་སྒྲ་འབྱུང་སྟེ།
BOའདི་ལྟ་སྟེ་དཔེར་ན་ཡུལ་མ་ག་དྷཱ་ནས་བྱུང་བའི་སྣོད་རིན་པོ་ ཆེ་ལས་བྱས་པའམ། གསེར་ལས་བྱས་པའམ། དངུལ་ལས་བྱས་པ། ཤིན་ཏུ་མཐར་ཕྱིན་པར་བྱས་པ། བྱི་དོར་ལེགས་པར་བྱས་པ། ཤིན་ཏུ་ཕྱིས་པ། དྲི་མ་མེད་པ། བུག་རྡོལ་མེད་པ། ནག་ནོག་མེད་པ། དྲི་མ་བཀྲུས་པ། རྡུལ་མེད་པ། སྣུམ་བག་མེད་པ། ཡོ་བྱད་རྣམ་པ་མང་ པོའི་ཡོ་བྱད་དུ་བྱས་པ། ཤིན་ཏུ་བྱང་བའི་ཡོན་ཏན་དང་ལྡན་པ། གནས་ལྔ་རབ་ཏུ་རྫོགས་པ། གནས་བཅུ་ཡོངས་སུ་སྤངས་པ། ཉེ་བའི་སྐྱོན་བཅུ་གཉིས་དང་བྲལ་བ། ལུགས་ལན་སྟོང་དུ་བརྟགས་ཤིང་གསེར་དངུལ་གྱི་སྐྱོན་དང་བྲལ་བ། ཤིན་ཏུ་དག་པ། འབྱུང་ཁུངས་བཟང་པོ་ནས་བྱུང་བ། རིགས་ དང་ལྡན་པ། གསེར་གྱི་རིགས་ཁྱད་པར་ཅན་བརྒྱ་ལས་བྱས་པ། མ་ཞོམ་པ། ཡན་ལག་བརྒྱད་ལ་མཁས་པའི་མི་སྟོང་གིས་ལེགས་པར་བསྲེགས་པ། ཉེ་བའི་སྐྱོན་ཐམས་ཅད་དང་བྲལ་བ་ལས་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱེད་པའི་སྒྲ་འབྱུང་ངོ་། ། ཀུན་དགའ་བོ་དེ་འདྲ་བའི་དེ་ལྟ་བུ་དེ་ལྟར་ སྣང་བའི་ནི་དཔེར་བྱ་བ་ཙམ་དང་། ཉེ་བར་མཚོན་པ་ཙམ་དུ་ཟད་དེ།
BOདེ་བཞིན་དུ་ཁྱེའུ་འདིས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་དབྱིག་པས་ས་ཆེན་པོ་འདི་ལ་རྡེབས་པ་ན་ཡང་དེ་ལྟ་བུའི་སྒྲ་འབྱུང་ངོ་། ། ཀུན་དགའ་བོ་ཁྱེའུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་ཞི་བར་གནས་ཞེས་བྱ་བ་ཡིན་ཏེ་ ལྷོ་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བལྟ་མཛེས་རིན་ཆེན་བརྩེགས་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བཀོད་པ་ཞེས་བྱ་བ་ནས་འོངས་པ་ཡིན་ནོ། ། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། ཅིའི་ ཕྱིར་ན་འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེ་བཀོད་པ་ཞེས་བྱ་ཞེ་ན། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་དེ་ན་ལོག་པ་ཉིད་དུ་ངེས་པ་དང་མ་ངེས་པའི་སེམས་ཅན་གྱི་མིང་ཡང་མེད་དེ། ཀུན་དགའ་བོ་སེམས་ཅན་དེ་དག་ཐམས་ཅད་ནི་འཇིག་པ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཤ་སྟག་ཡིན་ནོ། ། ཀུན་དགའ་བོ་སངས་རྒྱས་ཀྱི་ཞིང་དེ་ནི་བྱང་ཆུབ་སེམས་དཔའི་ཞིང་ཁོ་ན་ཡིན་ཏེ། དེ་ན་སྐྱེས་པ་དང་བུད་མེད་ཀྱི་མིང་ཡང་མེད་དོ། ། ཀུན་དགའ་བོ་སེམས་ཅན་དེ་དག་ཐམས་ཅད་ནི་ཚངས་པར་སྤྱོད་པ་དང་། གཙང་བ་དང་། དྲི་ང་བ་མེད་པ་དང་།
BOཤེས་པའི་སྤྱོད་ཡུལ་གཙང་བ་དང་། འཁྲིག་པ་དང་བྲལ་བ་ཡིན་ ཏེ། འཇིག་རྟེན་གྱི་ཁམས་དེ་ན་འཁྲིག་པའི་ཆོས་ཀྱི་མིང་ཡང་མེད་དོ། ། སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་ལ་མི་དགེ་བའི་རྣམ་པར་རྟོག་པ་དག་ཀུན་ཏུ་འབྱུང་བ་མེད་ཅིང་། ཟས་རྣམ་གཉིས་མ་གཏོགས་པར་ཟས་ཀྱི་འདུ་ཤེས་ཀྱང་མེད་དོ། ། གཉིས་གང་ཞེ་ན། ཡེ་ཤེས་ཀྱིས་སྙོམས་པར་འཇུག་པའི་ཟས་དང་། སངས་རྒྱས་ཀྱི་ཆོས་ཡང་དག་པར་བརྗོད་པའི་ཟས་སོ། ། ཀུན་དགའ་བོ་སངས་རྒྱས་ཀྱི་ཞིང་དེ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕུང་པོ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་རྒྱ་ཆེར་འཇུག་པ་མ་གཏོགས་པར་ཕུང་པོ་གཉིས་དང་ཐེག་པ་གསུམ་སྟོན་པ་མེད་དེ། ཀུན་དགའ་བོ་རྣམ་གྲངས་དེས་ ན་འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེ་བཀོད་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། ། ཀུན་དགའ་བོ་སེམས་ཅན་གང་དག་འཇིག་རྟེན་གྱི་ཁམས་གཞན་དག་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པ་དང་། གང་དག་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སེམས་སྐྱེད་པར་བྱེད་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །
BOཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་འཇིག་རྟེན་གྱི་ཁམས་གཞན་དག་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ནི་སྐྱེས་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་མངོན་པར་ཤེས་པར་འགྱུར་ཞིང་། བྱང་ཆུབ་སེམས་དཔའ་དེ་ དག་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་སངས་རྒྱས་ཀྱི་ཞིང་དེར་སངས་རྒྱས་འབྱུང་བའི་འདུ་ཤེས་ཅན་དུ་འགྱུར་རོ། ། ཀུན་དགའ་བོ་དེ་བཞིན་གཤེགས་པ་བལྟ་མཛེས་རིན་ཆེན་བརྩེགས་དེ་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཚད་མེད་པ་དེ་དག་ལ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཁོ་ནའི་ གཏམ་མ་འདྲེས་པ་དག་སྟོན་པར་མཛད་དེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ། ། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་དེའི་བསྔགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེའི་ཆོས་ཀྱི་ཁྱད་པར་འདི་ལྟ་སྟེ། སྨོན་ལམ་ བརྩམས་པའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་དག་ངས་བརྗོད་པར་གྱུར་ན་བསྐལ་པ་སྟོང་ཕྲག་མང་པོས་ཀྱང་མཐར་ཐུག་པར་མི་འགྱུར་ཏེ།
BOཀུན་དགའ་བོ་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་ཞི་བར་གནས་པ་འདི་གང་ནས་འོངས་པའི་འཇིག་རྟེན་གྱི་ཁམས་དེའི་མིང་ཙམ་ཞིག་བརྗོད་པར་ ཟད་དོ། ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་ཞི་བར་གནས་པ་འདི་ནི་ང་ཡོངས་སུ་མྱ་ངན་ལས་འདའ་བ་ལ་བལྟ་བ་དང་། སེམས་ཅན་མང་པོ་རྣམས་སྐྱོ་བ་བསྐྱེད་པར་བྱ་བ་དང་། འཇིག་རྟེན་གྱི་ཁམས་དེའི་མིང་དང་ཡོན་ཏན་ཡོངས་སུ་བསྒྲག་པར་བྱ་བ་དང་། དེ་བཞིན་གཤེགས་ པ་དེའི་བསྔགས་པ་རབ་ཏུ་བཤད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཆོས་ཀྱི་བདག་ཉིད་ཆེན་པོ་དང་། ཡང་དག་པའི་ཡོན་ཏན་ཡོངས་སུ་བསྒྲག་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འདིའི་སེམས་ཅན་ཚད་མེད་པ་རྣམས་དམ་པའི་ཆོས་ཡོངས་སུ་འཛིན་པར་བྱ་བ་ དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང་། ཡང་དག་པར་དད་པ་བསྐྱེད་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་འདིར་འོངས་སོ། ། ཀུན་དགའ་བོ་སྔོན་དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱུང་བ་ན་ཁྱེའུ་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མ་སྐྱེས་ དགྲ་ཞེས་བྱ་བར་གྱུར་ཏེ།
BOབྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། ། ཀུན་དགའ་བོ་དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མ་སྐྱེས་དགྲ་དེ་སྲོག་ཆགས་བྱེ་བ་ཕྲག་མང་པོ་དག་ལ་ཆོས་སྟོན་ཅིང་དགེ་བའི་རྩ་བ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་དེ། དེས་ཉི་མ་འཆར་ཀ་ཙམ་གྱི་སྔ་དྲོ་གཅིག་གིས་ཀྱང་སྲོག་ཆགས་བྱེ་བ་ཕྲག་ སུམ་ཅུ་རྩ་དྲུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཀོད་ཅིང་སྐྱོན་མེད་པར་ཞུགས་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པར་བྱས་སོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་ མེ་མཛད་ཡོངས་སུ་མྱ་ངན་ལས་འདས་ནས་དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། ། དེ་ལྟར་རབ་ཏུ་བྱུང་ནས་ཀྱང་ལོ་སྟོང་ཐམ་པར་བཅོམ་ལྡན་འདས་མར་མེ་མཛད་དེའི་རྗེས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། ། དེས་སེམས་ཅན་ཚད་མེད་པ་རྣམས་ཀྱི་དོན་བྱས་ནས་ཉི་མ་ཐ་མའི་ཉི་མ་ནུབ་ ཀར་ཡང་སྲོག་ཆགས་བྱེ་བ་ཕྲག་དྲུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཏེ། དེ་ཉིད་ཀྱི་ཉི་མ་ནུབ་ཀར་སྲོག་ཆགས་ཁྲག་ཁྲིག་ཕྲག་བདུན་ཅུ་ཟག་པ་ཟད་པ་ལ་ཡང་རབ་ཏུ་བཀོད་པར་གྱུར་ན།
BOསློབ་པ་རྣམས་ཀྱི་མཐོང་བའི་སའམ་བསྒོམ་པའི་ས་ལ་བཀོད་པ་ ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་ངས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་ཞི་བར་གནས་ཀྱི་བསྔགས་པ་མང་པོ་དང་། ཁྱེའུ་འདིས་སེམས་ཅན་ཇི་སྙེད་ཅིག་གི་དོན་བྱས་པ་དག་བརྗོད་པར་གྱུར་ན། བསྐལ་པ་སྟོང་ཕྲག་མང་པོས་ཀྱང་མཐར་ཐུག་ པར་མི་འགྱུར་རོ། ། ཀུན་དགའ་བོ་ཁྱོད་ཀྱིས་ངའི་སྤྱན་སྔར་རིགས་ཀྱི་བུ་རབ་ཏུ་ཞི་བར་གནས་ཀྱི་སྟན་ཐིང་ཤིག་དང་། ཁྱོད་ལ་བསོད་ནམས་མང་དུ་སྐྱེ་བར་འགྱུར་རོ། ། ཀུན་དགའ་བོ་སེམས་ཅན་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་ཞི་བར་གནས་ཀྱི་མིང་ཐོས་པ་དེ་དག་ལ་ནི་ མངོན་སུམ་དུ་སངས་རྒྱས་བྱུང་བ་ཡིན་ནོ། ། ཀུན་དགའ་བོ་གང་སུ་དག་ཡོན་ཏན་བཀོད་པ་ལུང་སྟོན་པ་རྒྱ་ཆེར་བསྟན་པའི་ཆོས་འདི་བཤད་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བལྟ་མཛེས་རིན་ཆེན་བརྩེགས་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་ བསྙེན་བཀུར་བྱ་བ་དང་།
BOདམ་པའི་ཆོས་མཉན་པའི་ཕྱིར་དད་པའི་སེམས་བསྐྱེད་པ་གཅིག་ཙམ་ཐོབ་པར་གྱུར་པ་དེ་དག་ཐམས་ཅད་ནི་ཀུན་དགའ་བོ་ཆོས་ཐུན་མོང་ཡིན་པའི་ཕྱིར་བཅོམ་ལྡན་འདས་དེ་ལ་བལྟ་བ་དང་། དམ་པའི་ཆོས་ཉན་པ་དང་། སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱང་བལྟ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ངས་ལུང་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྨོན་ལམ་གྱི་ཁྱད་པར་ནི་མ་གཏོགས་སོ། ། ཀུན་དགའ་བོ་སེམས་ཅན་གང་དག་གི་རྣ་བའི་དབང་པོས་ཡོན་ཏན་བཀོད་པ་ལུང་སྟོན་པ་རྒྱ་ཆེར་བསྟན་པའི་ཆོས་ བཤད་པ་འདི་ཉིད་ཐོས་པར་གྱུར་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་ཅིང་ཤིན་ཏུ་ལེགས་པར་རྙེད་པ་ཡིན་ན། གང་གིས་འདི་ཐོས་ནས་དད་པ་སྐྱེད་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་གནས་འདི་ལྟ་བུ་དེ་དག་དང་། ཆོས་ཀྱི་ཚིག་གི་གནས་འདི་ལྟ་བུ་དེ་དག་ལེགས་པར་བསྲུང་བར་བྱ་ཞིང་ལེགས་ པར་ཡིད་ལ་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་མདོ་སྡེ་འདི་ལྟ་བུ་དག་ནི་འཛམ་བུའི་གླིང་གི་མི་རྣམས་དང་། བྱང་ཆུབ་སེམས་དཔའི་གཟུགས་བརྙན་སྟོན་པ་རྣམས་དང་།
BOདམ་པའི་ཆོས་སྤོང་བར་བྱེད་པ་རྣམས་ཀྱིས་སྔོན་མ་ཐོས་པའི་ཕྱིར་ཏེ། ཁྱོད་ཀྱིས་ཆོས་སྤོང་བར་བྱེད་པ་དག་ནི་མིག་ལམ་དུ་ཡང་ མི་སྣང་བར་བྱའོ། ། ཀུན་དགའ་བོ་ཁྱོད་ཀྱིས་འདི་ནས་ནུབ་ཕྱོགས་ཀྱི་ངོས་ཀྱི་ནམ་མཁའ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པ་བརྩེགས་པ་ཞིག་འོང་བ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ནུབ་ཕྱོགས་ནས་ཁྱེའུ་ཞིག་སེམས་ ཅན་གདུལ་བར་བྱ་བའི་ཕྱིར་རྫུ་འཕྲུལ་གྱིས་རྣམ་པར་རྩེ་ཞིང་གློ་གཉིས་ཀྱིས་ས་ཆེན་པོ་འདི་འགུལ་བར་བྱེད། རབ་ཏུ་འགུལ་བར་བྱེད། གཡོ་བར་བྱེད། རབ་ཏུ་གཡོ་བར་བྱེད། ལྡེག་པར་བྱེད། རབ་ཏུ་ལྡེག་པར་བྱེད་ཅིང་ས་ཆེན་པོ་གཡོ་བས་འཇིགས་སུ་རུང་བ་དང་། སྤུ་ཟིང་ཞེས་བྱེད་པ་ཀུན་ཏུ་སྟོན་པར་བྱེད་ཅིང་ འོང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་བགྱིད་ཅིང་མཆི་བའི་ཁྱེའུ་འདི་མཐོང་ལགས་སོ། ། བཀའ་སྩལ་པ།
BOཀུན་དགའ་བོ་རིགས་ཀྱི་བུ་འདིའི་མདུན་ནས་རིན་པོ་ཆེ་སྣ་ ཚོགས་ཀྱི་ཁང་པ་བརྩེགས་པ་འོང་བ་གང་ཡིན་པ་འདིས་སངས་རྒྱས་ཀྱི་ཞིང་འདི་དྲི་སྣ་ཚོགས་ཀྱིས་ཀུན་ཏུ་གང་བར་གྱུར་ཏོ། ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་རིགས་ཀྱི་བུ་འདིའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་ཡིན་ཏེ། དེས་ན་ཁང་པ་བརྩེགས་ པ་འདི་ལས་དེ་ལྟ་བུའི་དྲི་འབྱུང་ངོ་། ། ཀུན་དགའ་བོ་ཁྱོད་ཀྱིས་སྒྲ་བཞི་པོ་འདི་ལྟ་སྟེ། སྟོང་པ་ཉིད་ཅེས་བྱ་བ་དང་། དངོས་པོ་མེད་པ་ཞེས་བྱ་བ་དང་། ཉེ་བར་ཞི་བ་ཞེས་བྱ་བ་དང་། སངས་རྒྱས་ཞེས་བྱ་བ་འབྱུང་བ་འདི་དག་ཐོས་སམ། གསོལ་པ། བཅོམ་ལྡན་འདས་ དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ། ཀུན་དགའ་བོ་ས་འདི་དག་ནི་ཁྱེའུ་འདིའི་སྤུའི་ཁུང་བུ་དག་ནས་འབྱུང་སྟེ། ཀུན་དགའ་བོ་ས་འདི་དག་ཐོས་པས་སྲོག་ཆགས་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་དོན་བྱས་སོ། ། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་མང་པོ་རྣམས་ནི་ལེན་པ་ མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །
BOཀུན་དགའ་བོ་སངས་རྒྱས་ཀྱི་སྒྲ་གཅིག་པུ་ཐོས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཉིད་ལ་ངེས་པར་ཞུགས་སོ། ། གང་དག་སངས་རྒྱས་ཀྱི་ཞིང་འདིའི་ལྷ་དང་མིར་བཅས་པའི་ སྐྱེ་དགུ་དག་ལས་ལྷ་དང་། མི་ཁྲག་ཁྲིག་འབུམ་ཕྲག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལས་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་གྱུར་ཏོ། ། ཀུན་དགའ་བོ་རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པ་ང་ཡོངས་སུ་མྱ་ངན་ལས་འདའ་བ་བལྟ་བའི་ཕྱིར་ནུབ་ཕྱོགས་ལོགས་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དབང་ཕྱུག་ཅེས་བྱ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དགའ་སྤུ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཞིང་འདིར་འོངས་པ་ཡིན་ཏེ། ཀུན་དགའ་བོ་རིགས་ཀྱི་བུ་འདི་སངས་རྒྱས་ཀྱི་ཞིང་འདིར་འོངས་མ་ཐག་ཏུ་འདིས་སེམས་ ཅན་ཚད་མེད་པ་རྣམས་ཀྱི་དོན་བྱས་ཏེ། སངས་རྒྱས་ཀྱི་མཛད་པ་བྱས་ཤིང་འདིས་ཆོས་ཀྱི་འཁོར་ལོ་ཡང་རྗེས་སུ་བསྐོར་ཏོ། ། ཀུན་དགའ་བོ་བསྐལ་པ་གྲངས་མེད་པ་ཚུན་ཆད་ནས་རིགས་ཀྱི་བུ་འདིའི་སྤུའི་ཁུང་བུ་དག་ནས་སྒྲ་བཞི་པོ་འདི་ལྟ་སྟེ།
BOསྟོང་པ་ཉིད་ཀྱི་སྒྲ་དང་། དངོས་པོ་མེད་པའི་སྒྲ་ དང་། ཉེ་བར་ཞི་བའི་སྒྲ་དང་། སངས་རྒྱས་ཀྱི་སྒྲ་འདི་དག་འབྱུང་སྟེ། སྒྲ་རེ་རེས་ཀྱང་སེམས་ཅན་ཚད་མེད་པ་རྣམས་ཀྱི་དོན་བྱས་སོ། ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འདིས་དགེ་བའི་རྩ་བ་ཅི་ཞིག་བསགས་ལགས་ན་དེས་ད་ལྟར་འདིའི་སྤུའི་ཁུང་བུ་དག་ནས་འདི་ ལྟ་བུའི་སྒྲ་དག་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མེད་སྤྱན་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། རིགས་ཀྱི་བུ་འདི་དེའི་གསུང་རབ་ལ་དགེ་སློང་ཡེ་ཤེས་དགའ་བ་ཞེས་བྱ་བར་གྱུར་ནས་དེས་དེ་བཞིན་གཤེགས་པ་དེའི་སྤྱན་སྔ་ནས་ཡེ་ཤེས་ ཀྱི་ཚིག་དང་། རྟོགས་པར་དཀའ་བའི་ཚིག་དང་། དོན་འབྱུང་བ་སྟོན་པའི་ཚིག་འདི་ལྟ་སྟེ། ཆོས་ཐམས་ཅད་སྐྱེ་བ་དང་། འགག་པ་མེད་པ་དང་། ཆོས་ཐམས་ཅད་དངོས་པོ་མེད་པ་དང་།
BOཆོས་ཐམས་ཅད་རང་བཞིན་གྱིས་ཉེ་བར་ཞི་བ་དང་། སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་པ་ ཞེས་བྱ་བ་དག་ཐོས་ནས་ཞག་བདུན་དུ་ཡོངས་སུ་སྐྱོ་བ་མེད་པ་དང་། བརྩོན་པ་མི་གཏོང་བ་དང་། ཡིད་ལ་བྱེད་པ་གཞན་མེད་པར་ཚིག་བཞི་པོ་དེ་དག་ལུས་ལ་ཞེན་པ་དང་། ཤིན་ཏུ་བརྟན་པ་དང་། ཤིན་ཏུ་ཞག་པ་དང་། ཁ་ཏོན་བྱང་བ་དང་། ཡིད་ཀྱིས་ལེགས་པར་བརྟགས་པ་དང་། མཐོང་བས་ ཤིན་ཏུ་རྟོགས་པར་བྱས་ཏེ་གནས་སོ། ། ཀུན་དགའ་བོ་དགེ་སློང་དེས་དོན་གྱི་ཚིག་བསྟན་པ་བཞི་པོ་དེ་དག་གིས་སངས་རྒྱས་བྱེ་བ་སྙེད་ཀྱིས་གསུངས་པའི་ཆོས་བསྟན་པ་རྣམས་ལ་རྗེས་སུ་ཞུགས་ཏེ། བཟུང་ཞིང་རྟོགས་པར་བྱས་ནས་དེ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་འོངས་ཏེ་ཆོས་བསྟན་ཏོ། ། ཀུན་དགའ་བོ་དེའི་ཚེ་ཆོས་སྨྲ་བའི་དགེ་སློང་ཡེ་ཤེས་དགའ་བ་ཞེས་བྱ་བར་གྱུར་པ་དེས་ལས་དེའི་འབྲས་བུ་རྣམ་པར་སྨིན་པ་ལུས་ལ་ཞེན་པ་དང་།
BOམང་དུ་ཐོས་པས་ལོ་དྲུག་ཏུ་ལྷག་པའི་བསམ་པས་ ཆོས་བསྟན་པས་ན་བསྐལ་པ་གྲངས་མེད་པ་ཚུན་ཆད་ནས་དེའི་སྤུའི་ཁུང་བུ་དག་ནས་དེ་ལྟ་བུའི་སྒྲ་དག་དང་ལྡན་པའི་རྫུ་འཕྲུལ་དེ་ཉམས་སུ་མྱོང་བར་གྱུར་ཅིང་དེའི་ལུས་ལས་ཀྱང་སྐྱེ་བོ་མང་པོའི་དོན་བྱེད་པའི་ཆོས་ཀྱི་སྒྲ་བཞི་པོ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་སྒྲ་དང་། དངོས་པོ་མེད་པའི་སྒྲ་དང་། ཉེ་བར་ཞི་ བའི་སྒྲ་དང་། སངས་རྒྱས་ཞེས་བྱ་བའི་སྒྲ་དེ་དེ་དག་འབྱུང་བར་གྱུར་ཏེ། ཀུན་དགའ་བོ་དེའི་ཕྱིར་བསྐལ་པ་གྲངས་མེད་པ་ཚུན་ཆད་ནས་ཁྱེའུ་འདིའི་སྤུའི་ཁུང་བུ་དག་ནས་སྒྲ་བཞི་པོ་འདི་དག་འབྱུང་བར་གྱུར་ཏོ། ། ཀུན་དགའ་བོ་འཛམ་བུའི་གླིང་གི་མི་གང་དག་གིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དམིགས་མེད་ཀྱི་མིང་ཐོས་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་ཅིང་ཤིན་ཏུ་ལེགས་པར་རྙེད་པ་ཡིན་ན། གང་དག་གིས་ཆོས་སྟོན་པ་ཐོས་པ་དག་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་ལྷ་དང་མི་རྣམས་ཀྱི་སྐྱེས་པའམ།
BOབུད་མེད་གང་དག་གིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དམིགས་མེད་ཀྱི་མིང་ཐོས་ཤིང་ཐོས་ནས་ཀྱང་དད་པ་ཐོབ་པར་གྱུར་པ་དེ་དག་ཀྱང་ཐོས་མ་ཐག་ཏུ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འཛིན་པར་འགྱུར་ན། གང་དག་གིས་ཤའི་མིག་གིས་མངོན་སུམ་དུ་མཐོང་བ་དག་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་མེད་ནི་བྱང་ཆུབ་སེམས་དཔའི་སའི་ཡོན་ཏན་དཔག་ཏུ་མེད་པ་དག་ཐོབ་པ་ཡིན་པའི་ཕྱིར་རོ། ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་མེད་འདི་ནི་དེ་བཞིན་གཤེགས་པ་ང་ཡོངས་སུ་མྱ་ངན་ལས་འདའ་ བ་ལ་བལྟ་བར་འདོད་པའི་ཕྱིར་འོངས་པ་ཡིན་གྱིས། ཀུན་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྤྱན་སྔ་གང་དུ་རིགས་ཀྱི་བུ་འདི་འདུག་པར་འགྱུར་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་མེད་ཀྱི་སྟན་ཐིང་ཤིག་དང་། དེས་ཁྱོད་ལ་ཡུན་རིང་པོར་ཕན་པ་དང་བདེ་བ་དང་མངོན་པར་ཤེས་ པ་མྱུར་བ་ཉིད་དུ་ཡང་འགྱུར་རོ། །
BOཀུན་དགའ་བོ་འདིའི་སྟན་བཏིང་བ་ལས་བྱུང་བའི་ལས་ཀྱི་རྣམ་པར་སྨིན་པས་ཁྱོད་སྙོམས་པར་འཇུག་པ་ལ་བདེ་བར་གནས་ཤིང་སེམས་བསྐྱེད་པའི་སྐད་ཅིག་གཅིག་གིས་ཟང་ཟིང་མེད་པའི་ཆོས་འཕགས་པ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཡང་འགྱུར་རོ། ། ཀུན་དགའ་བོ་ གལ་ཏེ་ཁྱོད་ཉན་ཐོས་ཀྱི་ས་ལ་ངེས་པར་ཞུགས་པར་མ་གྱུར་ན་ནི་ཁྱོད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པའི་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཆོས་རྣམས་རྗེས་སུ་འཐོབ་པར་ཡང་ངས་ལུང་སྟོན་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དགེ་སློང་ངམ། དགེ་ སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། ལྷའམ། ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། མིའམ་མི་མ་ཡིན་པ་གང་ཡིན་པའམ། སེམས་ཅན་གཞན་གང་ཡང་རུང་བ་དག་གིས་ ཞི་བ་བཤད་པ་ལུང་བསྟན་པ་འདི་ཐོས་ནས་དད་པ་རབ་ཏུ་འཐོབ་པར་འགྱུར་བའི་ཕྱིར་རོ། ། ཀུན་དགའ་བོ་གང་དག་ཞི་བ་བཤད་པ་ལུང་བསྟན་པ་འདི་ཉན་པར་འདོད་པ་དག་གིས་དེ་བཞིན་གཤེགས་པའམ།
BOདེ་བཞིན་གཤེགས་པའི་ཉན་ཐོས་གང་དུ་འདུག་ནས་ཞི་བ་བཤད་པ་ལུང་བསྟན་པ་འདི་འཆད་ པར་འགྱུར་བའི་ཆོས་ཀྱི་སྟན་བཤམ་པར་བྱ་སྟེ། ཀུན་དགའ་བོ་དེས་སྟན་བཤམས་མ་ཐག་ཏུ་སྟན་ཕུན་སུམ་ཚོགས་པ་བཅུ་ཡོངས་སུ་འཛིན་པར་འགྱུར་རོ། ། བཅུ་གང་ཞེ་ན། འཁོར་ལོས་སྒྱུར་བའི་སྟན་འཐོབ་པ་དང་། བརྒྱ་བྱིན་གྱི་སྟན་འཐོབ་པ་དང་། ཚངས་པའི་སྟན་འཐོབ་པ་དང་། སྐྱེ་ དགུའི་བདག་པོའི་སྟན་འཐོབ་པ་དང་། ཚེ་རབས་དེ་དང་དེ་དག་ཏུ་དེ་བཞིན་གཤེགས་པའི་བསྟན་པ་ལ་སྟན་འཐོབ་པ་དང་། དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་བའི་སེང་གེའི་ཁྲི་སྟན་འཐོབ་པ་དང་། ཐམས་ཅད་མཁྱེན་ པའི་ཡེ་ཤེས་རྟོགས་པའི་སངས་རྒྱས་ཀྱི་ཁྲི་སྟན་བླ་ན་མེད་པ་འཐོབ་པ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་ན་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་སྐོར་བའི་ཁྲི་སྟན་འཐོབ་པ་དང་། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་ཀུན་ཏུ་སྟོན་པ་ན་ལྷ་བྱེ་བ་ཕྲག་སྟོང་གིས་འདུས་བྱས་པ་འཇིག་རྟེན་ཐམས་ཅད་ལས་མངོན་པར་ འཕགས་ཤིང་ཟིལ་གྱིས་མི་ནོན་ལ། བླ་ན་མེད་པའི་རྫུ་འཕྲུལ་དང་ལྡན་པའི་སེང་གེའི་ཁྲི་སྟན་འཐོབ་པ་དང་།
BOདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་འདུ་བྱེད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞུགས་ པ་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་དང་། མི་མ་ཡིན་པ་རྣམས་ཀྱི་ཡིད་རབ་ཏུ་དང་བ་སྐྱེད་པར་བྱེད་པ་དེ་བཞིན་གཤེགས་པའི་ཐ་མའི་ཁྲི་སྟན་འདི་འཐོབ་པར་འགྱུར་བ་སྟེ། ཀུན་དགའ་བོ་ སེང་གེའི་ཁྲི་སྟན་བཅུ་པོ་དེ་དག་འཐོབ་པར་ཤེས་པར་བྱའོ། ། ཀུན་དགའ་བོ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ཞི་བ་བཤད་པ་ལུང་བསྟན་པ་འདི་འཆད་པ་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཆོས་སྨྲ་བ་ལ་སེམས་དང་བས་གུས་ པར་བྱས་ཏེ། དགའ་བ་དང་། དད་པ་དང་། གུས་པས་ཆོས་ཀྱི་སྟན་ཤོམ་པར་བྱེད་པ་དེས་ནི་སེང་གེའི་ཁྲི་སྟན་བཅུ་པོ་དེ་དག་འཐོབ་པ་ཡོངས་སུ་འཛིན་པར་འགྱུར་རོ། ། ཀུན་དགའ་བོ་ཁྱོད་ཀྱིས་རིགས་ཀྱི་བུ་དམིགས་མེད་ལ་ཐལ་མོ་སྦྱོར་ཅིག་དང་། དེས་ཁྱོད་ལ་དོན་དང་། ཕན་པ་དང་།
BOབདེ་ བར་འགྱུར་ཞིང་གང་གིས་ཁྱོད་མངོན་པར་ཤེས་པ་མྱུར་བ་ཉིད་དུ་འགྱུར་བའི་བསོད་ནམས་ཆེན་པོ་ཡང་ཁྱོད་ཀྱིས་ཡོངས་སུ་འཛིན་པར་འགྱུར་རོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་ཚེ་རིགས་ཀྱི་བུ་དམིགས་མེད་ཀྱི་ཆོས་ཀྱི་སྟན་བཤམས་ནས་སེམས་རབ་ཏུ་དང་བས་ཞེ་ས་དང་བཅས། གུས་པ་ དང་བཅས་པར་བྱང་ཆུབ་སེམས་དཔའ་དམིགས་མེད་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། དམིགས་མེད་དཔའ་བོ་གླང་པོ་ཆེ། ། དུལ་ཞིང་མཉམ་བཞག་སེམས་ཅན་ཆེ། ། ཤེས་རབ་ཆེན་པོ་འོད་བྱེད་ལ། ། བདག་ནི་ཐལ་མོ་སྦྱོར་བར་ བགྱིད། ། ཡེ་ཤེས་བརྩོན་འགྲུས་འབྱུང་བའི་གནས། ། ཤེས་རབ་བརྩེགས་ཤིང་མཉམ་བཞག་པ། ། མཚུངས་མེད་བརྟན་པ་འདི་ལ་ནི། ། དེ་རིང་ཐལ་མོ་སྦྱར་བར་བགྱི། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། དམིགས་ མེད་འདི་ལ་མཆོད་པའི་ཕྱིར། ། ཁྱོད་ཀྱིས་ཐལ་མོ་སྦྱར་བྱས་པའི། ། རྣམ་སྨིན་ཇི་སྙེད་འཛིན་པ་དེ། ། གཽ་ཏམ་བུ་ལ་བཤད་པར་བྱ། །
BOཀུན་དགའ་བོ་ཁྱོད་ཐལ་མོ་སྦྱར་བ་དེའི་རྣམ་པར་སྨིན་པས་ང་ཡོངས་སུ་མྱ་ངན་ལས་འདས་པ་ན་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་ བྲང་འཁོར་དག་ཏུ་ཉན་ཐོས་རྣམས་ལ་སྟོན་པའི་བྱ་བ་བྱེད་པར་འགྱུར་ཞིང་ཁྱོད་དེ་དང་དེ་དག་ཏུ་འཇུག་པ་དང་འབྱུང་བ་དང་འགྲེང་བ་དང་འཆག་པ་དང་ཉལ་བ་དང་འདུག་པ་དང་སྤྱོད་ལམ་ཐམས་ཅད་དུ་འཇིག་རྟེན་ན་སེམས་དང་ལྡན་པ་དང་། སེམས་མེད་པའི་འབྱུང་བ་ཐམས་ཅད་ཀྱང་ཁྱོད་ག་ལ་བ་དེ་ལོགས་སུ་འདུད་ པར་འགྱུར་རོ། ། འདི་ལྟ་སྟེ། སྐྱེས་པ་དང་། བུད་མེད་དང་། ལྷའི་བུ་མོ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། ཞང་བློན་དང་། ཞང་བློན་གྱི་གཡོག་གཉུག་མ་དང་། ཚོང་དཔོན་དང་། གྲོང་མི་དང་། ལྗོངས་ ཀྱི་མི་དང་། ཁྱིམ་བདག་རྣམས་དང་། གཞན་ཡང་གང་དག་མིར་གྱུར་པའི་སོ་སོའི་སྐྱེ་བོ་རྣམས་དང་། དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་གླང་པོ་ཆེ་དང་། རྟ་དང་། {རི་དགས་,རི་དྭགས་}དང་། ཕྱུགས་དང་། བྱ་དག་གིས་ཁྱོད་མཐོང་ན་དད་པ་འཐོབ་པར་འགྱུར་རོ། ། དེ་བཞིན་དུ་ རྩྭ་དང་། ཤིང་གེལ་པ་དང་། སྨན་དང་།
BOནགས་ཚལ་དག་དང་། མེ་ཏོག་ཡོད་པ་དག་དང་། འབྲས་བུ་ཡོད་པ་དག་ཀྱང་ཁྱོད་ག་ལ་བ་དེ་ལོགས་སུ་རབ་ཏུ་འདུད་པར་འགྱུར་རོ། ། དེ་བཞིན་དུ་ཁང་ཁྱིམ་དང་། གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་དང་། ཁང་{བཟངས་,བཟང་}དང་། པུ་ཤུ་ དང་། སྐར་ཁུང་དང་། རྟ་བབས་དག་ཀྱང་ཁྱོད་ཀྱི་བསོད་ནམས་ཀྱི་གཟི་བརྗིད་ཀྱི་ཟིལ་གྱིས་ནོན་ཅིང་ཁྱོད་ག་ལ་བ་དེ་ལོགས་སུ་རབ་ཏུ་འདུད་པར་འགྱུར་ཏེ། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྒྲིབ་པ་མེད་པའི་རྣམ་ པར་ཐར་པ་མངོན་སུམ་དུ་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་བྱང་ཆུབ་ཀྱི་སྙིང་པོའི་ཉེ་འཁོར་གྱི་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་དང་། མེ་ཏོག་ཡོད་པ་དག་དང་། འབྲས་བུ་ཡོད་པ་དག་དང་། གོང་ མ་བཞིན་དུ་སྦྱར་ཏེ། མི་དང་མི་མ་ཡིན་པའི་བར་དག་གིས་དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་རབ་ཏུ་བཏུད་པར་གྱུར་ཏོ། །
BOཀུན་དགའ་བོ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་རིགས་ཀྱི་བུ་དམིགས་མེད་ལ་ཐལ་མོ་སྦྱར་ཅིང་ལུས་བཏུད་པའི་དགེ་བའི་རྩ་བ་འདིས་ཁྱོད་ཀྱི་སྤྱོད་ལམ་ཐམས་ཅད་དུ་མི་དང་། མི་མ་ཡིན་པ་དང་། ནགས་ཚལ་ཐམས་ཅད་ཁྱོད་ག་ལ་བ་དེ་ལོགས་སུ་འདུད་པ་དང་། རབ་ཏུ་འདུད་པ་དང་། མངོན་པར་རབ་ཏུ་འདུད་པར་འགྱུར་རོ། ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའམ། ད་ལྟར་མངོན་སུམ་དུ་གྱུར་ ཅིང་བཞུགས་པ་ན་ཆོས་བཀོད་པ་ལུང་སྟོན་པ་འདི་ཐོས་ནས། ལྷག་པའི་བསམ་པས་ཐལ་མོ་གཅིག་ཙམ་སྦྱོར་བར་བྱེད་པ་དང་། ངེས་པར་རྟོག་ཅིང་མོས་པར་བྱེད་པ་དེ་དག་ནི་ངས་བསྟན་པའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ལྟ་བུ་དག་ཡོངས་སུ་འཛིན་པར་འགྱུར་རོ། ། ཀུན་ དགའ་བོ་དེ་ལྟ་མོད་ཀྱི་སེམས་ཅན་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བ་དང་། གང་དག་གིས་མདོ་སྡེ་འདི་ལྟ་བུ་འདི་ལན་གཅིག་གམ། ལན་གཉིས་ཐོས་པར་འགྱུར་བ་དེ་དག་ཀྱང་ཉུང་ན། གང་དག་གིས་འདི་ལྟ་བུ་ཐོས་ནས་དད་པ་འཐོབ་པར་འགྱུར་བ་དང་། གང་དག་ལྷག་ པའི་བསམ་པས་མོས་པར་འགྱུར་བ་དང་། ངེས་པར་རྟོག་པར་འགྱུར་བ་དང་།
BOཡང་དག་པའི་འདུ་ཤེས་སྐྱེད་པར་འགྱུར་བ་དང་། སོམ་ཉི་མེད་པར་འགྱུར་བ་དང་། ཐེ་ཙོམ་མེད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཐམས་ཅད་ནི་ངས་སངས་རྒྱས་ ཀྱི་སྤྱན་གྱིས་གཟིགས་ཤིང་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་ཏེ། དེ་དག་གིས་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན་ཞིང་། དེ་དག་གིས་ནི་སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཐམས་ཅད་ནི་གང་དག་ད་ལྟར་ ངའི་མངོན་སུམ་དུ་འཁོར་འདི་ཉིད་དུ་འདུས་ཏེ་འདུག་པ་དང་། ངའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བལྟ་བའི་ཕྱིར་འདིར་འོངས་པ་དག་བཞིན་དུ་ཀུན་དགའ་བོ་དེ་དག་ཀྱང་དེང་ཕྱིན་ཆད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་བྱང་ཆུབ་ཀྱི་སྙིང་ པོར་གཤེགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དག་ལ་མཆོད་པ་དང་བསྙེན་བཀུར་ཆེན་པོ་བྱེད་པར་འགྱུར་རོ། །
BOདེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་ པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་མཐོང་བར་འགྱུར་རོ། ། དེ་བཞིན་གཤེགས་པ་དེའི་སྤྱན་སྔར་ཁྱེའུ་བཞི་འོང་བར་འགྱུར་བ་དག་ཀྱང་མཐོང་བར་འགྱུར་ཞིང་ད་ལྟར་ངའི་སྤྱན་སྔ་ན་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱང་ཐོས་པར་འགྱུར་རོ། ། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དམིགས་མེད་ཀྱི་སྤུའི་ཁུང་བུ་དག་ནས་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་པོ་འབྱུང་བར་འགྱུར་བ་དག་ཀྱང་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་དགའ་བ་སྐྱེ་བར་འགྱུར་རོ། ། ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་དོན་ངེས་པར་འབྱུང་བའི་མདོ་སྡེ་འདི་ལྟ་བུ་བཤད་པ་དག་ལ་ཡང་དང་ཡང་དུ་ལུས་བཏུད་དེ་ཐལ་ མོ་སྦྱར་བར་བྱ་ཞིང་སེམས་ཀྱིས་དད་པ་བསྐྱེད་པར་ཡང་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེའི་ལས་ཀྱི་རྣམ་པར་སྨིན་པས་ཁྱོད་སེམས་ཅན་ཐམས་ཅད་ཀྱིས་ལེགས་པར་མཆོད་པར་འགྱུར་ཞིང་ཁྱོད་ལ་ལྷ་དང་བཅས་པའི་འཇིག་རྟེན་ཡང་རབ་ཏུ་འདུད་པར་འགྱུར་ཞིང་ཁྱོད་ཡོངས་སུ་ མྱ་ངན་ལས་འདས་པའི་ལུས་ལ་ཡང་ལྷ་དང་མི་རྣམས་མཆོད་པ་བྱེད་པར་འགྱུར་བའི་ཕྱིར་རོ། །
BOདེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་བཀའ་སྩལ་པ། མ་འགགས་པ་ཁྱོད་ཀྱིས་ལྷ་བྱེ་བ་ཕྲག་བཞི་བཅུས་སྟེང་གི་བར་སྣང་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཐལ་མོ་ སྦྱར་ཏེ་ལུས་བཏུད་ཅིང་འཁོད་པ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ། མ་འགགས་པ་དེ་དག་ནི་ཆོས་ལ་དད་པ་དང་ལྡན་པས་ཐལ་མོ་སྦྱར་ཅིང་དད་པས་ལུས་རབ་ཏུ་བཏུད་པའི་དགེ་བའི་རྩ་བ་དེས་བསྐལ་པ་གྲངས་མེད་པར་ལོག་པར་ལྟུང་བར་ འགྲོ་བར་མི་འགྱུར་ཞིང་། ལྷ་དང་མིར་མཚམས་སྦྱོར་བར་འགྱུར་ལ། དེ་དག་མིར་གྱུར་པ་ན་རེ་རེས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གང་གཱའི་ཀླུང་གི་བྱེ་མ་བས་ལྷག་པ་སྙེད་བྱེད་པར་འགྱུར་རོ། ། ཐམས་ཅད་དུ་ཡང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པར་འགྱུར་ཞིང་དེ་དག་དེའི་འོག་ཏུ་དགེ་བའི་རྩ་ བ་དག་ཡང་དག་པར་བསྒྲུབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ་ཐམས་ཅད་ཀྱང་འདི་ལྟ་སྟེ།
BOདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱིས་རབ་ཏུ་གདུང་བར་འོས་པ་ཞེས་བྱ་བར་མཚན་ འཐུན་པའི་དེ་བཞིན་གཤེགས་པ་ཤ་སྟག་ཏུ་འགྱུར་རོ། ། ཡང་དེའི་ཚེ་གྱད་དགའ་བ་ཞེས་བྱ་བ་དང་། གྱད་རྒྱལ་དཀའ་ཞེས་བྱ་བ་དང་། གྱད་སྟོབས་པོ་ཆེ་དང་། གཟི་བརྗིད་ལྷ་དང་། རྒྱལ་བའི་ལྷ་དང་། ཕྲག་པར་འཛེག་དང་། བློ་བཟང་དང་། འཇིགས་མེད་དང་། དབྱིག་དང་། བདེན་པ་དང་། བྱང་ཕྱོགས་ཀྱི་སྟོབས་ཀྱི་མིག་དང་། གྱད་ཐམས་ཅད་བཟོད་ཅེས་བྱ་བ་དེ་དག་ཐམས་ཅད་འཁོར་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ནས། དེ་དག་གིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ ཐལ་མོ་སྦྱར་ཏེ་ལུས་ཐུར་དུ་བཏུད་ནས་ངུ་བར་བྱེད། སྨྲེ་སྔགས་འདོན་པར་བྱེད་ཅིང་མིག་མཆི་མས་གང་བཞིན་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་བཅོམ་ལྡན་འདས་ལ་མཆོད་པ་བགྱིད་པ་དང་། བྱང་ཆུབ་སེམས་དཔའ་དམིགས་མེད་དང་། བྱང་ཆུབ་སེམས་དཔའི་ཚོགས་འདི་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆེན་པོའི་དགེ་འདུན་དང་།
BOཆོས་ཀྱི་རྣམ་གྲངས་འདི་ལ་ཡང་མཆོད་པ་བགྱི་བའི་སླད་དུ་ཐལ་མོ་སྦྱོར་ཞིང་ལུས་ཀྱང་རབ་ཏུ་འདུད་པར་བགྱིད་ལགས་སོ། ། བཅོམ་ལྡན་འདས་བདག་ཅག་གི་དགེ་བའི་རྩ་བ་འདི་དག་ ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་དོ། ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་གསལ་བར་བྱས་ནས་ཚངས་པའི་འཇིག་ རྟེན་གྱི་བར་དུ་མངོན་པར་འཕགས་ཏེ་ཡང་ཕྱིར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པ་ཚེ་དང་ལྡན་པ་ཀུན་དགའ་བོས་མཐོང་ངོ་། ། མཐོང་ནས་ཀྱང་ཚིགས་སུ་བཅད་པས་ཡོངས་སུ་ཞུས་པ། འཇིག་རྟེན་སྣང་མཛད་ཇི་སླད་དུ། ། འཛུམ་པ་མཛད་པའི་རྒྱུ་གང་ལ་གས། །
BOབདག་དང་སྲོག་ཆགས་གཞན་དག་གི། ། སོམ་ཉི་ལེགས་པར་བསལ་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གྱད་ཀྱི་བུ་འདི་དག་ལྷགས་ཏེ་སེམས་རབ་ཏུ་དང་བས་ང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དམིགས་མེད་དང་། མདོ་སྡེའི་ཚིག་བསྟན་པ་འདི་ལ་ཐལ་མོ་སྦྱར་ཅིང་རབ་ཏུ་བཏུད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གྱད་ཀྱི་བུ་འདི་དག་ཐམས་ཅད་ནི་བསྐལ་པ་གྲངས་མེད་པ་བྱེ་བར་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཞིང་དེ་དག་ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་ བཅད་པ་འདི་དག་བཀའ་སྩལ་ཏོ། ། ཡིད་བདེ་མགུ་བའི་སེམས་ལྡན་པའི། ། གྱད་ཀྱི་བུ་རྣམས་འདིར་ལྷགས་ཏེ། ། ཐལ་མོ་སྦྱར་ཅིང་རབ་བཏུད་པ། ། ཀུན་དགའ་ཁྱོད་ཀྱིས་མ་མཐོང་ངམ། ། མཁས་པ་འདི་དག་ཐམས་ཅད་ཀྱིས། ། ང་ལ་མཆོད་པ་འདི་བྱས་ནས། ། བླ་མེད་བྱང་ ཆུབ་འཐོབ་འགྱུར་བར། །
BOམགུ་བ་ཉིད་ཀྱིས་རྗོད་པར་བྱེད། ། དམིགས་མེད་ཤེས་རབ་ལྡན་པ་དང་། ། ཆོས་ལའང་གུས་དང་བཅས་བྱས་ཤིང་། ། དེ་བཞིན་ཉན་ཐོས་དགེ་འདུན་ལ། ། ཐལ་མོ་སྦྱར་བ་འདི་བྱས་པས། ། བསྐལ་པ་བྱེ་བ་གྲངས་མེད་དུ། ། དེ་དག་ངན་འགྲོར་འགྲོ་མི་འགྱུར། ཐལ་མོ་སྦྱར་བའི་ལས་དང་ནི། ། ལུས་རབ་བཏུད་པས་ཕྱིན་ཆད་ནི། ། དེ་དག་བྱང་ཆུབ་འཐོབ་འགྱུར་བའི། ། ཕུན་སུམ་ཚོགས་པ་ཅིར་འགྱུར་བ། ། ང་ཡིས་བསྐལ་པའམ་བསྐལ་པ་ནི། ། བྱེ་བ་ཕྲག་བརྒྱར་བརྗོད་གྱུར་ཀྱང་། ། སྤྱོད་པ་དམ་པ་སྤྱད་བྱས་པ། ། དེ་ལ་གྲངས་ནི་ཡོད་མིན་ པས། ། བསྐལ་པ་བྱེ་བ་རྣམས་ཀྱིས་ཀྱང་། ། མཐའ་མ་རྟོགས་པར་སླ་བ་མིན། ། ཀུན་དགའ་བོ་དོ་མོད་ནམ་གྱི་ཐུན་ཐ་མ་ལ་སངས་རྒྱས་ང་དང་ཁྱོད་བལྟ་བའི་ཐ་མར་འགྱུར་རོ། ། ཀུན་དགའ་བོ་ཁྱོད་ཀྱིས་བྱང་ཕྱོགས་ནས་འོད་ཆེན་པོ་གསེར་གྱི་ཁ་དོག་ལྟ་བུ་ཞིག་འོང་ཞིང་དེའི་གཟི་བརྗིད་ཀྱིས་ བྱང་ཕྱོགས་ཀྱི་རྩྭ་དང་། ཤིང་གེལ་པ་དང་། ལྕུག་མ་དང་། ཚལ་དང་། ཤིང་ལྗོན་པ་དང་། སྨན་དང་། ནགས་ཚལ་དང་། རི་དང་། ཐང་དང་། ཁང་{བཟངས་,བཟང་}དང་། པུ་ཤུ་དང་། གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་ཐམས་ཅད་དང་། མི་དང་མི་མ་ཡིན་པ་དང་། ནམ་མཁའ་དང་།
BOབར་སྣང་ཐམས་ཅད་འདི་ལྟ་སྟེ། གསེར་གྱི་མདོག་ལྟ་བུར་ཁ་དོག་གཅིག་ཏུ་ཀུན་ཏུ་སྣང་བར་གྱུར་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་དུ་ཁྱོད་ཀྱིས་བྱང་ཕྱོགས་ནས་འཛམ་བུ་ཆུ་བོའི་གསེར་ ལས་བྱས་པའི་ཁང་པ་བརྩེགས་པ་བདུན་འོང་ཞིང་ཁང་པ་བརྩེགས་པ་དབུས་མའི་ནང་ན་གཟི་བརྗིད་མཆོག་དང་ལྡན་ཞིང་དཔལ་གྱིས་རྣམ་པར་མཛེས་པའི་ཁྱེའུ་ཞིག་སྐྱིལ་མོ་ཀྲུང་གིས་འདུག་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ། ཀུན་དགའ་བོ་ ཁྱེའུ་འདི་ནི་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པ་ཞེས་བྱ་སྟེ། འདི་ནས་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་འབུམ་ཕྲག་དྲུག་ཅུ་རྩ་བཞི་འདས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཡན་ལག་གནས་ཞེས་བྱ་བའི་ སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མེ་ཏོག་ཅན་ཞེས་བྱ་བ་ཞིག་ཡོད་པ་དེ་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་སྐྱེས་པ་ཡིན་ནོ། ། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་ཀྱི་ཡན་ལག་གི་ཚིག་གི་སྒྲ་འབྱུང་སྟེ། རྩྭ་དང་། ཤིང་གེལ་པ་དང་། ལྕུག་མ་དང་།
BOཤིང་ལྗོན་པའི་ཚོགས་ དང་། སྨན་དང་། ནགས་ཚལ་ཐམས་ཅད་ལས་ཀྱང་བྱང་ཆུབ་ཀྱི་ཡན་ལག་གི་ཚིག་གི་སྒྲ་འབྱུང་ངོ་། ། སྒྲ་དེས་སེམས་ཅན་དག་དགེ་བའི་ཆོས་རྣམས་ཀྱིས་ཡོངས་སུ་སྨིན་པར་བྱེད་དོ། ། ཀུན་དགའ་བོ་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཡན་ལག་གནས་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བསྐལ་པ་དྲུག་ཁྲི་བཞི་སྟོང་དུ་བཞུགས་ཏེ་འཚོ་ཞིང་གཞེས་སོ། ། དེ་བཞིན་གཤེགས་པ་དེ་ལ་བྱང་ཆུབ་སེམས་དཔའ་མ་གཏོགས་པར་ཉན་ཐོས་ནི་མི་མངའ་སྟེ། ། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ བ་ཞིག་ལ་བུ་མང་པོ་བདོག་པར་གྱུར་ན་དེའི་བློན་པོ་རྣམས་ཀྱང་བུ་ཉིད་ཡིན་པར་འགྱུར་ལ། བློན་པོ་བཀའ་ལ་གཏོགས་པ་རྣམས་ཀྱང་བུ་ཉིད་ཡིན། མཆོག་གི་ཟུང་ཡང་བུ་ཉིད་ཡིན། རྒྱལ་ཕྲན་རྣམས་ཀྱང་བུ་ཉིད་ཡིན་པར་འགྱུར་རོ། ། དེ་བཞིན་དུ་བཅོམ་ལྡན་འདས་དེའི་སྲས་རྣམས་ཀྱང་བྱང་ཆུབ་ སེམས་དཔའ་ཉིད་ཡིན་ལ། བློན་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཉིད་ཡིན། བློན་པོ་བཀའ་ལ་གཏོགས་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཉིད་ཡིན། མཆོག་གི་ཟུང་ཡང་བྱང་ཆུབ་སེམས་དཔའ་ཉིད་ཡིན།
BOརིམ་གྲོ་བ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཉིད་ཡིན། དགེ་འདུན་ དཀོན་མཆོག་ཀྱང་བྱང་ཆུབ་སེམས་དཔའ་ཉིད་ཤ་སྟག་གོ། ། ཀུན་དགའ་བོ་དེ་ལྟར་ན་འཇིག་རྟེན་གྱི་ཁམས་དེ་ནི་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། དགའ་བ་དང་། སྐྱེ་བོ་དང་། མི་མང་པོས་གང་ཞིང་བྱང་ཆུབ་སེམས་དཔའི་ཚོགས་འདུས་པ་རྣམས་ཀྱང་ མངོན་པར་ཤེས་པ་མངོན་པར་འཕགས་པ། ན་ཚོད་ཀྱི་ཚུལ་གྱིས་ཏིང་ངེ་འཛིན་གྱི་སྟོབས་ཀུན་ཏུ་སྡུད་པ། ཤེས་རབ་བརྩེགས་པས་མངོན་པར་འཕགས་པ། ཡེ་ཤེས་ཡང་དག་པར་བསགས་པ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་ལ་མངོན་པར་བརྩོན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ ཡང་དག་པར་སྡུད་པ་ལ་བརྩོན་ཞིང་བྱང་ཆུབ་སེམས་དཔའི་ཆོས་ཚད་མེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གནས་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པ་ཞེས་བྱ་བའི་རིགས་ཀྱི་བུ་འདི་གང་ནས་འཇིག་རྟེན་གྱི་ཁམས་འདིའི་འཛམ་བུའི་གླིང་ འདི་ཉིད་དུ་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་སྐྱེས་པའི་འཇིག་རྟེན་གྱི་ཁམས་དེ་ནི་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གིས་ཡོངས་སུ་གང་བ་ཡིན་ནོ། །
BOཀུན་དགའ་བོ་རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པ་ངའི་ཞབས་ལ་ཕྱག་འཚལ་ཞིང་དེ་བཞིན་གཤེགས་པ་ངའི་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་ པོ་འདི་ཡང་བལྟ་བའི་ཕྱིར་རྫུ་འཕྲུལ་འདི་ལྟ་བུ་དག་ཀུན་ཏུ་སྟོན་ཅིང་འོང་སྟེ། ཀུན་དགའ་བོས་སྣང་བ་ཆེན་པོ་འདི་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཐུ་ཡིན་ནོ། ། ཀུན་དགའ་བོ་འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་ཁང་པ་བརྩེགས་པ་བདུན་པོ་འདི་དག་ཀྱང་ བཅོམ་ལྡན་འདས་དེས་བྱང་ཆུབ་ཀྱི་ཡན་ལག་བདུན་བཤད་པ་དག་སྤྲུལ་པ་མཛད་པ་ཡིན་ནོ། ། ཀུན་དགའ་བོ་འཛམ་བུའི་གླིང་འདི་ན་ཁྱེའུ་འདི་དང་ལྷན་ཅིག་ཏུ་དགེ་བའི་རྩ་བ་བསྐྱེད་པའི་སྲོག་ཆགས་བྱེ་བ་འབུམ་ཕྲག་མང་པོ་དག་ཀྱང་ཡོད་དེ། ཁྱེའུ་འདི་འཛམ་བུའི་གླིང་འདིར་སྐྱེས་མ་ཐག་ཏུ་ལྷ་དང་མི་རྣམས་དགའ་ བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པར་གྱུར་ཏོ། ། དེ་དག་ལས་ཁ་ཅིག་གིས་ནི་ཟག་པ་ཟད་པ་ཐོབ་བོ། ། ཁ་ཅིག་གིས་ནི་སློབ་པའི་ས་ཐོབ་བོ། ། སྔོན་སེམས་མ་བསྐྱེད་པ་ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །
BOཁ་ཅིག་གིས་ནི་ སེམས་བསྐྱེད་མ་ཐག་ཏུ་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་པར་གྱུར་ཏོ། ། ཀུན་དགའ་བོ་གང་ན་ཁྱེའུ་འདི་སྐྱིལ་མོ་ཀྲུང་གིས་འདུག་ཅིང་འོད་འབྱུང་བའི་ཁང་པ་བརྩེགས་པ་དབུས་མ་འདི་ནི་དེ་བཞིན་གཤེགས་པ་དེའི་སྤྲུལ་པ་ཡིན་ནོ། ། དེ་ལས་ནི་རིན་པོ་ཆེའི་ཁང་པ་བརྩེགས་པ་ལྷག་མ་དྲུག་པོ་གཞན་ དག་ཀྱང་འབྱུང་ངོ་། ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པས་གང་གིས་འཇིག་རྟེན་གྱི་ཁམས་འདི་འོད་ཀྱིས་ཁྱབ་པར་བྱས་ཤིང་འདི་ལྟ་སྟེ། ཆོས་ཡང་དག་པར་འཛིན་པས་སེམས་ ཅན་དཔག་ཏུ་མེད་པ་རྣམས་ལ་ཕན་འདོགས་པའི་མཐུ་ལ་ལྟོས། དེ་ནས་ཁྱེའུ་དེ་དག་ཐམས་ཅད་ལྷན་ཅིག་ཚོགས་ཏེ་ཡང་དག་པར་དགའ་ཞིང་སྲོག་ཆགས་འབུམ་ཕྲག་མང་པོས་ཡོངས་སུ་བསྐོར་ནས་སྐད་ཅིག་གཅིག་མ་ཐལ་བར་མེ་ཏོག་སྣ་ཚོགས་ཀྱི་ཆར་དག་མངོན་པར་རབ་ཏུ་འབེབས་ཤིང་བཅོམ་ལྡན་ འདས་ཀྱི་ཞབས་ལ་གཏུགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པ་འདིས་འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་ཁང་པ་བརྩེགས་པ་དང་ལྡན་པའི་ཆོ་ འཕྲུལ་གྱིས་སེམས་ཅན་བྱེ་བ་ཁྲག་ཁྲིག་ནི་དགྲ་བཅོམ་པ་ཉིད་དུ་བཏུལ་ཏོ། ། སེམས་ཅན་བྱེ་བ་ཁྲག་ཁྲིག་ནི་སློབ་པའི་སར་བཏུལ་ཏོ། ། སེམས་ཅན་བྱེ་བ་ཕྲག་བརྒྱ་ནི་དཀོན་མཆོག་གསུམ་ལ་དད་པར་བྱས་ཤིང་བསླབ་པའི་གཞི་ལྔ་འཛིན་དུ་བཅུག་གོ། ། ལྷ་བྱེ་བ་ཕྲག་བདུན་བརྒྱ་ནི་བྱང་ཆུབ་ལ་རབ་ཏུ་ བཀོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པར་བྱས་སོ། ། ལྷ་བྱེ་བ་ཕྲག་བདུན་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་རབ་ཏུ་བཀོད་དོ། ། སེམས་ཅན་བྱེ་བ་ཁྲག་ཁྲིག་ཚད་མེད་གྲངས་མེད་པ་དག་ནི་བྱམས་པའི་འདུས་པ་མཐོང་བ་དང་། བྱམས་པ་མཐོང་ཞིང་ ཕྲད་པར་འགྱུར་བའི་ཕྱིར་ཡོངས་སུ་སྨིན་པར་བྱས་སོ། ། ཀུན་དགའ་བོ་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་དོན་བྱ་བ་གང་ཡིན་པ་དང་།
BOདེ་བཞིན་གཤེགས་པའི་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱ་བ་གང་ཡིན་པ་དེ་དག་ ནི་ང་དང་འདི་དག་གིས་ཡོངས་སུ་རྫོགས་པར་བྱས་ཟིན་ཏོ། ། ངས་སེམས་ཅན་རྣམས་ཀྱི་དོན་ཡོངས་སུ་རྫོགས་པར་བྱ་བ་གང་ཡིན་པ་དེ་ཡང་ངས་ཡོངས་སུ་རྫོགས་པར་བྱས་ཟིན་ཏོ། ། ། ། བམ་པོ་གསུམ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་ པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། ཇི་སྲིད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་འཇིག་རྟེན་ན་བཞུགས་པར་འགྱུར་བ་དེ་སྲིད་དུ་སྐྱེས་བུ་དམ་པ་འདི་ལྟ་བུ་དག་མཐོང་བར་འགྱུར་བ་དང་། དེ་སྲིད་དུ་སེམས་ཅན་དགེ་བ་འདི་ལྟ་བུ་དག་འཛམ་བུའི་གླིང་འདིར་མཆི་བར་འགྱུར་བ་དང་། དེ་སྲིད་དུ་བདག་ཅག་གིས་སྐྱེས་བུ་དམ་པ་འདི་ལྟ་བུ་དག་ལ་བལྟ་བ་དང་། བསྙེན་བཀུར་ བགྱི་བ་དག་རྙེད་པར་འགྱུར་བ་དང་། དེ་སྲིད་དུ་འཇིག་རྟེན་ན་མདོ་སྡེ་འདི་ལྟ་བུ་འདི་དག་རྒྱས་པར་འགྱུར་བ་དང་།
BOདེ་སྲིད་དུ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དང་ལྡན་པའི་མདོ་སྡེ་འདི་ལྟ་བུ་འདི་ཐོས་པར་འགྱུར་བ་དང་། དེ་སྲིད་དུ་བདག་ཅག་གིས་བཅོམ་ལྡན་འདས་དང་རིགས་ཀྱི་བུ་འདི་དག་གི་རྫུ་འཕྲུལ་གྱི་ ཆོ་འཕྲུལ་སྣ་ཚོགས་འདི་ལྟ་བུ་འདི་དག་མཐོང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ན་བདག་ཅག་ལ་གནས་གསུམ་ཡོངས་སུ་ཉམས་པར་འགྱུར་ལགས་ཏེ། གསུམ་གང་ལགས་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་བལྟ་བ་དང་། དམ་པའི་ཆོས་མཉན་ པ་དང་། རྒྱ་ཆེན་པོ་ལ་མོས་པའི་སྐྱེས་བུ་དམ་པ་འདི་ལྟ་བུ་དག་ལ་བལྟ་བ་དང་། བསྙེན་བཀུར་བགྱི་བ་ཡོངས་སུ་ཉམས་པར་འགྱུར་བའི་སླད་དུའོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིག་དེ་དག་གསོལ་ནས་ཤིན་ཏུ་མྱུར་བར་དགེ་བའི་བཤེས་གཉེན་དང་བྲལ་བར་འགྱུར་རོ་སྙམ་ནས་ངུ་བར་བྱེད། སྨྲེ་སྔགས་འདོན་པར་བྱེད་ཅིང་མཆི་མ་དག་ཕྱིས་ནས་ཤིང་བཅད་དེ་འགྱེལ་བ་བཞིན་དུ་ས་ལ་སྒྱེལ་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ལེགས་པར་སེམས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་སྨྲས་པ། འདུས་བྱས་རྟག་པར་ འགྱུར་བ་ཡི། ། གནས་འདི་རྙེད་པར་མི་འགྱུར་ཏེ། ། འདུས་བྱས་ཐམས་ཅད་མི་རྟག་པས།
BO། མྱ་ངན་མ་བྱེད་ཀུན་དགའ་ཁྱོད། ། བརྟགས་པས་འདུས་བྱས་འབྱུང་འགྱུར་ཞིང་། ། རྟོག་པ་དེ་ཡང་མི་རྙེད་དེ། ། དེ་ལྟར་ཆོས་སྟོང་ཀུན་དགའ་ཁྱོད། ། ཅི་ཡི་ཕྱིར་ན་མྱ་ངན་བྱེད། ། བརྟགས་ པས་ཤེས་པ་སྟོང་པ་སྟེ། ། ཤེས་པ་རྣམས་ཀྱིས་སངས་རྒྱས་སྟོང་། ། དེ་ལ་སངས་རྒྱས་མི་དམིགས་ན། ། ཅི་ཕྱིར་ཀུན་དགའ་མྱ་ངན་བྱེད། ། དངོས་རྣམས་ནམ་མཁའ་འདྲ་བ་དང་། ། སྨིག་རྒྱུ་ལ་ནི་ཆུ་བཞིན་པས། ། བརྟག་མེད་རྣམ་པས་མི་བརྟག་ཅིང་། ། མཁས་པ་རྣམ་པར་མ་རྟོག་ ཤིག ། ཇི་ལྟར་སྒྱུ་མའི་མཁན་པོ་ཡིས། ། རྟ་དང་གླང་པོ་བཞོན་པ་དང་། ། སྐྱེ་དགུའི་ཚོགས་དང་ལྗོན་ཤིང་ཚལ། ། མེ་ཏོག་འབྲས་བུ་དགའ་སྤྲུལ་ལྟར། ། དེ་བཞིན་འདུས་བྱས་ཐམས་ཅད་ཀྱང་། ། སྒྱུ་མ་བཞིན་དུ་སྙིང་པོ་མེད། ། སངས་རྒྱས་རྣམས་དང་ཉན་ཐོས་ཀྱང་། ། གཞན་ མིན་དེ་བཞིན་ཁོ་ན་ཡིན། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རིགས་ཀྱི་བུ་དོན་ལེགས་པར་སེམས་པ་ལ་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། ། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། ། དེ་འདྲའི་ཆོས་མཆོག་བདག་གིས་ནི། ། མཉན་པའི་ཐ་མ་དེ་རིང་ཡིན། ། ཇི་ལྟར་མཉན་ཡོད་འཇུག་བྱ་ཞིང་། །
BOཀུན་དགའ་རྫོགས་སངས་ག་ལ་བཞུགས། ། སྤྱན་ལྡན་གང་ནས་བྱོན་འགྱུར་ཞེས། ། དྲིས་ན་ཇི་སྐད་བརྗོད་པར་བྱ། ། དྲི་གཙང་ཁང་པ་མི་མཆོག་གིས། ། སྟོང་པར་བཞུགས་ནས་ཇི་ལྟར་བལྟ། ། ཁྲི་གདན་སྟོང་པ་མཐོང་འགྱུར་ན། ། ཇི་ལྟར་གནས་ འགྱུར་བརྟུལ་ཞུགས་བཟང་། ། དེ་ནས་རིགས་ཀྱི་བུ་རབ་ཏུ་ཞི་བར་གནས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་སྨྲས་པ། ལོ་གྲངས་བྱེ་བར་དུས་ཀྱང་ནི། ། དོན་འདི་རྙེད་པར་ཤིན་ཏུ་དཀའ། ། ཆོས་དབྱིངས་ཤིན་ཏུ་བལྟ་དཀའ་བ། ། སོ་སོར་རྟོག་ཤིག་ཀུན་དགའ་བོ། ། ཇི་ ལྟར་ཆུ་ཤིང་སྡོང་པོ་ནི། ། ཤུན་པ་རིམ་གྱིས་བཤུས་གྱུར་ན། ། དེ་ལ་སྙིང་པོ་མེད་པ་ལྟར། ། ཆོས་རྣམས་རང་བཞིན་དེ་དང་འདྲ། ། ཇི་ལྟར་ཆར་པ་བབ་པ་ན། ། མདོར་ན་ཆུ་ཡི་ཆུ་བུར་དག ། སྐྱེ་ཞིང་འགག་པར་འགྱུར་བ་ལྟར། ། འགྲོ་འདིའི་དངོས་པོ་དེ་དང་འདྲ། ། ཇི་ལྟར་དབུ་བ་རྡོས་པ་ ལ། ། མིག་ཅན་སྙིང་པོ་རྟོག་པ་ན། དེ་ལ་སྙིང་པོ་མེད་པ་ལྟར། ། འགྲོ་བ་འདི་ཀུན་དེ་དང་འདྲ། ། ཇི་ལྟར་མེ་ལོང་གཟུགས་བརྙན་ནི། ། རང་བཞིན་སྙིང་པོ་མེད་པ་ལྟར། ། ཁམས་གསུམ་འཇིག་རྟེན་དེ་འདྲ་ཡིས། ། མཁས་པ་ངུ་བར་མ་བྱེད་ཅིག །
BOདེ་ནས་ཚེ་དང་ལྡན་པ་ཀུན་དགའ་ བོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་ཞི་བར་གནས་ལ་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། མཁས་པ་ཇི་སྐད་ཟེར་བ་དེ། ། ཁོ་བོས་མི་ཤེས་མ་ཡིན་ཏེ། ། དྲང་སྲོང་ཆེན་པོས་མདོ་སྡེ་ལས། ། འཇིག་རྟེན་གསུམ་ཀུན་དངོས་མེད་གསུངས། ། ལྷ་རྣམས་བྱེ་བ་ངུ་བཞིན་དང་། ། མཆི་མས་བརྣངས་པ་འདི་དག་ནི། ། བདག་གི་དྲུང་དུ་ཉེར་ལྷགས་ཤིང་། ། ངུ་བས་བདག་གི་སྡུག་བསྔལ་བསྐྱེད། ། སྤྱན་དང་ལྡན་པས་བདག་བོར་ཏེ། ། རྫོགས་པའི་སངས་རྒྱས་འདི་བཞུད་ན། ། ཁོ་བོ་གང་ཕྱོགས་འགྲོ་བྱ་ཞིང་། ། སུ་ཞིག་བདག་གི་སྐྱོབ་པར་འགྱུར། ། ཨེ་མའོ་སངས་རྒྱས་ ཤིན་ཏུ་དཀོན། ། བདག་གིས་སུ་ལ་མཆོད་བྱ་ཞིང་། ། ཞི་བ་ཟབ་མོ་བལྟ་དཀའ་བའི། ། དམ་ཆོས་སུ་ལས་མཉན་པར་བྱ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་མེད་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་སྨྲས་པ། ལོངས་ཤིག་བཙུན་པ་ཀུན་དགའ་བོ། ། ཆོས་ འགའ་འོང་བ་ཡོད་མིན་ལ། ། འགྲོ་བར་འགྱུར་བའང་མེད་པས་ན། ། མྱ་ངན་མ་བྱེད་ཆོས་ཉིད་ལྟོས། ། སངས་རྒྱས་སྐྱེ་བ་ཅི་འདྲ་བར། ། དེ་ཡི་བྱང་ཆུབ་དེ་དང་འདྲ། ། འཁོར་ལོ་བསྐོར་བ་ཅི་འདྲ་བར། །
BOམྱ་ངན་འདའ་བའང་དེ་དང་འདྲ། ། སངས་རྒྱས་ནམ་ཡང་སྐྱེ་མེད་ཅིང་། ། སངས་རྒྱས་འགག་ པར་འགྱུར་བའང་མེད། ། རང་བཞིན་དེ་འདྲའི་ཆོས་རྣམས་ལ། ། ཀུན་དགའ་ཁྱོད་ནི་ཅི་ཕྱིར་ངུ་། ། ཁོ་བོའི་སྤུ་ཡི་ཁུང་བུ་ནས། ། སྟོང་དང་དངོས་པོ་མེད་པ་དང་། ། ཉེ་བར་ཞི་དང་སངས་རྒྱས་ཞེས། ། སྒྲ་སྐད་བཞི་པོ་འབྱུང་བ་ཉོན། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རིགས་ཀྱི་བུ་དམིགས་མེད་ལ་ཕྱིར་ ཚིགས་སུ་བཅད་དེ་སྨྲས་པ། བརྟུལ་ཞུགས་བཟང་པོ་ཁྱེད་ཅག་ལྟ། ། མྱུར་དུ་ཞིང་གཞན་འགྲོ་འགྱུར་ཞིང་། ། དེར་ཡང་བདུད་རྩིའི་ཚིག་གསུང་བ། ། རྫོགས་པའི་སངས་རྒྱས་མཐོང་བར་འགྱུར། ། དེར་ནི་ཟབ་མོ་སངས་རྒྱས་ཀྱིས། ། གསུང་བའི་ཆོས་ཀྱང་ཐོས་ འགྱུར་ལ། ། སངས་རྒྱས་རྣམས་ཀྱི་ཚོགས་ཀྱི་མཆོག ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཐོང་། ། ཁོ་བོ་འཇིག་རྟེན་མགོན་འདས་ཞེས། ། ལྷ་རྣམས་བྱེ་བ་མང་པོ་དག ། ཆོ་ངེས་འདེབས་པས་མདུན་བདར་ན། ། མཁས་པ་ཇི་ལྟར་གནས་པར་བྱ། ། དགེ་བསྙེན་སྟོང་ཕྲག་མང་པོ་ རྣམས། ། ཐམས་ཅད་ཤུགས་ཆེན་དུ་བྱེད་ཅིང་། ། བདག་གི་དྲུང་དུ་ལྷགས་གྱུར་ན། ། ཁོ་བོས་ཇི་ལྟར་ལན་ཡང་གདབ། ། སུམ་ཅུ་རྩ་གསུམ་འཐབ་བྲལ་དང་། །
BOདགའ་ལྡན་པ་དང་རབ་འཕྲུལ་དང་། ། དབང་སྒྱུར་ཚངས་པ་ལ་སོགས་པའི། ། ལྷ་ཚོགས་ཉེ་བར་ལྷགས་པ་རྣམས། ། ཤཱཀྱ་ སྐྱེས་མཆོག་འདས་གྱུར་ན། ། ཇི་ལྟར་ཡོངས་སུ་གཟེངས་བསྟོད་ཅིང་། ། བདག་ནི་ཇི་ལྟར་དེ་དག་ལ། ། དམ་ཆོས་སྨྲ་བ་སྤོབས་པར་འགྱུར། ། སྐྱེས་བུ་སྐྱེས་མཆོག་འདས་གྱུར་ན། ། ཀུན་དགའ་འདྲེན་པ་གང་ན་ཞེས། ། ལྷ་རྣམས་འདྲི་བར་གྱུར་པའི་ཚེ། ། རྣམ་འདྲེན་བསམ་གཏན་ཟབ་ མོ་དང་། ། བསོད་ནམས་ཆེན་པོའི་གནས་པ་ལ། ། ནང་དུ་ཡང་དག་བཞག་གོ་ཞེའམ། ། འོན་ཏེ་འཆག་ཅིང་བཞུགས་སོ་ཞེས། ། ཇི་ལྟར་ཚིག་གི་ལན་ཡང་གདབ། ། དེ་ནས་རིགས་ཀྱི་བུ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་ བཅད་དེ་སྨྲས་པ། ཟླ་བ་གསུམ་པོ་འདི་འདས་ནས། ། ཁོ་བོས་ཕྱིས་ཀྱང་བལྟ་བྱ་བར། ། བདག་ནི་ཁྱོད་ལ་དམ་འཆའ་ཡིས། ། ཀུན་དགའ་ཐོང་ཤིག་མ་ངུ་ཤིག ། སངས་རྒྱས་སྟོང་ཕྲག་གཞན་དག་ལ། ། ཤཱཀྱའི་ཏོག་གི་ཆ་བྱད་ཀྱིས། ། ཆོས་མཆོག་བཤད་པར་མཛད་གསོལ་ཞེས། ། ཁྱོད་ཕྱིར་བདག་གིས་གསོལ་བར་བྱ། ། རྫོགས་སངས་ཐུགས་རྗེས་གཟིགས་མཛད་ཅིང་། ། ཁྱོད་ཀྱི་མདུན་དུ་གཤེགས་པར་འགྱུར། ། ཁྱོད་ཀྱིས་མི་མཆོག་ཡོངས་བསྙེན་གྱིས།
BO། ཀུན་དགའ་འདི་ལ་ཁྱོད་མ་ངུ་། ། གང་དུ་འདི་འདྲའི་སྟོན་པ་ནི། ། འཇིག་རྟེན་དུ་ནི་འདའ་འགྱུར་བ། ། ལྷ་དང་བཅས་པའི་འཇིག་རྟེན་གྱིས། ། མྱ་ངན་ཆེན་པོ་བྱ་བའི་རིགས། ། བདག་གིས་སངས་རྒྱས་འདི་སྐད་ཅེས། ། བསྐལ་པ་བྱེ་བར་འཚོ་གྱུར་པའི། ། འདུས་བྱས་ཐམས་ཅད་མཐར་འཇིག་ཅེས། ། གསུངས་པ་སྟོན་པའི་དྲུང་ནས་ཐོས། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ ལྡན་འདས་ཀྱིས་སྣམ་ལོགས་སུ་འདུག་ནས་ལན་གསུམ་དུ་སྙིང་རྗེ་ཆེན་པོའི་སྒྲ་བསྒྲགས་པ། མདོངས་པར་གྱུར་པའི་སེམས་ཅན་ལ། ། གང་གིས་མིག་ནི་སྩོལ་མཛད་ཅིང་། ། སྲོག་ཆགས་ཀུན་མགོན་གང་ཡིན་པ། ། སྟོན་པ་དེ་རིང་མྱ་ངན་འདའ། ། མི་རྣམས་འདྲེན་པ་དེ་འདས་ཞེས། ། ཚིག་འདི་ཐོས་པར་གྱུར་ན་ནི། ། རྒྱལ་པོ་དམ་པ་ལུས་འཕགས་བུ། ། ཤིན་ཏུ་སྡུག་བསྔལ་ཇི་ལྟར་གནས། ། དེ་ནས་གྱད་དང་གྱད་མོ་དང་། ། གྱད་ཀྱི་བུ་རྣམས་མི་བཟད་ཅིང་། ། མི་མཆོག་མྱ་ངན་འདའ་འགྱུར་ཞེས། ། དེ་ན་སྙིང་རྗེས་ངུ་བར་བྱེད། ། ཐ་མའི་སྟོན་པ་བལྟ་བའི་ཕྱིར། ། དེ་དག་དེར་ནི་ལྷགས་གྱུར་ནས། ། ཐལ་སྦྱར་རབ་བཏུད་འཁོད་ནས་ནི། ། འདུད་ཅིང་ཕྱག་ཀྱང་འཚལ་བར་བྱེད། ། དཔག་ཚད་ལྔ་ཡི་ཁོར་ཡུག་ཏུ། །
BOལྷ་དང་གནོད་སྦྱིན་རྣམས་ཀྱིས་གང་། ། དེ་ཡི་ཁོ་ར་ཁོར་ཡུག་ཏུ། ། མི་རྣམས་ཀྱིས་ནི་གནས་མི་རྙེད། ། དྲང་སྲོང་དམ་པ་མཆོད་པའི་ཕྱིར། ། དྲི་ཞིམ་མེ་ཏོག་ཆུ་བོ་དག ། པུས་མོ་ནུབ་ཙམ་ཕབ་གྱུར་ཅིང་། ། ཕྱེ་མའི་ཆར་པའང་ཕབ་པར་གྱུར། ། དེ་ནས་དགའ་བོ་ཉེ་དགའ་གཉིས། ། ཐ་མའི་སྟོན་པ་བལྟ་བའི་ཕྱིར། ། བྱེ་བ་དྲུག་ཅུའི་ཀླུ་རྣམས་དང་། ། ཡོངས་སུ་མྱ་ངན་འདས་པར་ལྷགས། ། བྲང་འགྲོ་ཆེན་པོ་ཆུ་ལྷ་དང་། ། གཟི་ཅན་ དང་ནི་རྒྱ་མཚོ་དང་། ། གསལ་མཐོང་དང་ནི་བཏང་བཟུང་དག ། བྱེ་བ་ཕྲག་བརྒྱའི་ཀླུས་བདར་ཅིང་། ། ཐ་མའི་སྟོན་པ་བལྟ་བའི་ཕྱིར། ། སྤོས་ཆུའི་སྤྲིན་དག་འདུས་བྱས་ཤིང་། ། ནམ་མཁའི་ངོས་ནི་ཁེབས་བྱས་ཏེ། ། ཆར་བཞིན་འབེབས་ཤིང་ཉེ་བར་ལྷགས། ། འཇིག་རྟེན་མགོན་པོ་མཆོད་པའི་ཕྱིར། ། ལྷ་ཀླུས་ལྷ་ཡི་མེ་ཏོག་གི། ། ཆར་དང་སྤོས་ཆུ་གཙང་མ་ཡི། ། ཆར་པ་དག་ཀྱང་རབ་ཏུ་ཕབ། ། ཀླུ་ཡི་རྒྱལ་པོ་མ་དྲོས་པ། ། དུང་ཕྱུར་དྲུག་དང་ལྷན་ཅིག་ཏུ། ། རིན་ཆེན་ཆར་པ་རབ་འབེབས་ཤིང་། ། སྐྱེས་བུ་ཁྱུ་མཆོག་དྲུང་དུ་ལྷགས། ། བྲང་འགྲོ་ཆེན་པོ་ཨེ་ལའི་འདབ། ། ལྷུན་པོ་ཙམ་ཡང་ངུ་བྱེད་ཅིང་། ། ཐ་མའི་འཇིག་རྟེན་མགོན་པོ་ལ། །
BOམཆོད་པ་བྱ་ཕྱིར་ཉེ་བར་འོངས། ། ཀླུ་ཡི་བུ་མོ་སྟོང་དང་ནི། ། བརྒྱ་དང་ཁྲག་ཁྲིག་རྣམས་དག་ཀྱང་། ། ང་རོ་སྤྲིན་སྙེད་སྒྲོགས་བྱེད་ཅིང་། ། སྟོན་པའི་དྲུང་དུ་ཉེ་བར་ལྷགས། ། ཐ་མའི་འཇིག་རྟེན་མགོན་པོ་ལ། ། མཆོད་པ་བྱ་ཕྱིར་དེ་ དག་གིས། ། སྤོས་ཆུ་གཙང་མའི་ཆར་ཆེན་ཡང་། ། དེར་ནི་མངོན་པར་རབ་ཏུ་ཕབ། ། གནོད་སྦྱིན་སྟོང་ཕྲག་བྱེ་བ་དང་། ། བརྒྱ་དང་ཁྲག་ཁྲིག་རྣམས་དག་ཀྱང་། ། སངས་རྒྱས་ཡོན་ཏན་དྲན་བྱེད་ཅིང་། ། བལྟ་བའི་ཕྱིར་ནི་ཉེ་བར་ལྷགས། ། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱང་། ། ཐ་མའི་སངས་རྒྱས་ བལྟ་བའི་ཕྱིར། ། ངུ་བཞིན་མཆི་མས་བརྣངས་གྱུར་ཅིང་། ། སྟོན་པའི་དྲུང་དུ་ཉེ་བར་ལྷགས། ། དེ་བཞིན་ལྷ་དབང་བརྒྱ་བྱིན་ཡང་། ། སུམ་ཅུ་གསུམ་པ་སྟོང་ཕྲག་ནི། ། སུམ་ཅུ་གསུམ་གྱིས་མདུན་བདར་ཅིང་། ། རྫོགས་སངས་རྒྱས་ཀྱི་དྲུང་དུ་འོངས། ། དྲང་སྲོང་དམ་པ་མཆོད་པའི་ཕྱིར། ། དེས་ ཀྱང་མེ་ཏོག་མན་དར་དང་། ། ལྷ་ཡི་ཙན་དན་ཕྱེ་མ་ཡི། ། ཆར་པ་མངོན་པར་རབ་ཏུ་ཕབ། ། ཚངས་པ་ངན་སྤོང་གཙུག་ཏོར་ཅན། ། ཐ་མའི་སྟོན་པ་བལྟ་བའི་ཕྱིར། ། གཉིས་ཀ་ཚངས་པས་མདུན་བདར་ཅིང་། ། ངུ་མོས་འདེབས་ཤིང་རྗེས་སུ་ལྷགས། །
BOགནས་གཙང་ལྷ་བརྒྱ་བྱེ་བ་ཕྲག ། མང་པོ་གཟི་བརྗིད་ཆེན་པོ་རྣམས། ། དེ་རིང་རྒྱལ་བ་འདའ་འགྱུར་ཞེས། ། ངུ་མོས་འདེབས་ཤིང་ལྷགས་པར་གྱུར། ། ལྷ་བརྒྱ་བྱེ་བ་ཕྲག་མང་པོ། ། རྣམ་མང་ཆོ་ངེས་འདེབས་བྱེད་ཅིང་། ། མི་མཆོག་བསྐལ་པར་བཞུགས་གསོལ་ཞེས། ། བསམ་གཏན་ཆེ་ལ་གསོལ་བ་འདེབས། ། བདུད་ཀྱི་བུ་ཕོ་མཁས་པ་པོ། ། དེད་དཔོན་ཞེས་ནི་བྱ་བ་ཡང་། ། མི་མཆོག་མྱ་ངན་འདའ་འགྱུར་ཞེས། ། ཤིན་ཏུ་སྡུག་བསྔལ་གྱུར་ཅིང་འོངས། ། དེས་ཀྱང་ཞབས་ལ་གཏུགས་ནས་ནི། ། ཤཱཀྱའི་རིགས་སྣང་འཇིག་རྟེན་ལ། ། བརྩེ་སླད་བསྐལ་པར་བཞུགས་སུ་གསོལ། ། རྫོགས་ པའི་སངས་རྒྱས་བཞུགས་གྱུར་ན། ། ལྷ་དང་མི་ཡི་བདག་པོ་ལ། ། བསམ་ཡས་དོན་དུ་འགྱུར་ལགས་ཀྱིས། ། ཐུབ་ཆེན་བསྐལ་པར་བཞུགས་གསོལ་ཞེས། ། མི་ཡི་མཆོག་ལ་གསོལ་བ་འདེབས། ། དེ་ནས་རིགས་ཀྱི་བུ་དམིགས་མེད་ཀྱིས་ལྷ་དང་བཅས། ཚངས་པ་དང་བཅས་པའི་འཇིག་ རྟེན་དེ་དང་། བདུད་ཀྱི་བུ་དེད་དཔོན་ལ་ཚིགས་སུ་བཅད་དེ་སྨྲས་པ། བག་མེད་པས་ནི་འདས་བྱས་ཤིང་། ། དེ་ལྟར་སྨྲེ་སྔགས་འདོན་བྱེད་པ། ། ཁྱེད་ཀུན་མི་ཤེས་བྱིས་པ་སྟེ། ། སྤྲེའུ་རྣམས་དང་ནི་འདྲ་བ་ཡིན། ། ཇི་ལྟར་ཕག་ནི་སེམས་བྲལ་ཞིང་། །
BOཉལ་བ་མཚོན་ཆ་རྣམ་དག་ གིས། ། ཡོངས་སུ་གཤེགས་ནས་སད་པ་ན། ། སྙིང་རྗེས་སྨྲེ་སྔགས་འདོན་པ་ལྟར། ། བག་མེད་དབང་སོང་སྔན་ཅད་ནི། ། གང་གིས་ཆོས་རྣམས་མ་ཐོས་པ། ། ཁྱེད་ཅག་ཐམས་ཅད་དེ་འདྲ་བར། ། ཁོ་བོས་དེ་ལྟར་སྤོབས་པ་ཡིན། ། དེ་རིང་ཡེ་ཤེས་སྒྲོན་མ་ནི། ། འཇིག་རྟེན་དུ་ནི་ནུབ་འགྱུར་ཞིང་། ། ཀྱེ་མ་རྒྱལ་བ་འདས་འགྱུར་གྱིས། ། དགེ་བ་དག་གིས་ལས་གྱིས་ཤིག ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་དོན་ ཡོད་རྒྱལ་པོ་དང་། གནས་བརྟན་འོད་སྲུང་གཞོན་ནུ་དང་། གནས་བརྟན་གསུས་པོ་ཆེ་ཆེན་པོ་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱི་ལག་པ་གཡས་པ་དག་དེ་བཞིན་གཤེགས་པའི་ཕྱག་ཏུ་ཕུལ་ཅིག ། དགེ་སློང་དེ་དག་གིས་བཅོམ་ལྡན་འདས་ལེགས་ལགས་སོ་ཞེས་གསོལ་ ཏེ་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། ། དེ་ནས་དགེ་སློང་འབུམ་ཐམ་པས་བཅོམ་ལྡན་འདས་ཀྱི་ཕྱག་ཏུ་རང་རང་གི་ལག་པ་ཕུལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡོན་པས་ནི་དགེ་སློང་དེ་དག་ཐམས་ཅད་ཀྱི་ལག་པ་ནས་བཟུང་། ཕྱག་གཡས་པས་ནི་ཀུན་དགའ་བོ་དང་།
BOསྒྲ་ གཅན་ཟིན་གྱི་ལག་པ་ནས་བཟུང་སྟེ། དགེ་སློང་དག་གནས་བརྟན་རྣམས་ལ་ཀུན་དགའ་བོ་བཟང་པོ་དང་། དཔལ་སྒྲ་གཅན་ཟིན་འདི་གཉིས་བཅོལ་ཅིང་ཡོངས་སུ་གཏད་དོ་ཞེས་ཕྱག་གིས་དགེ་སློང་དེ་དག་གི་ལག་ཏུ་གཏད་དོ། ། དེ་ནས་དེའི་ཚེ་སངས་རྒྱས་ཀྱི་ཞིང་འདིར་སྒྲ་སྐད་དང་ང་རོའི་སྒྲ་སྙིང་རྗེ་ཞིང་ འཇིགས་སུ་རུང་བ་དག་བྱུང་བར་གྱུར་ཅིང་སྒྲ་སྐད་དེས་སངས་རྒྱས་ཀྱི་ཞིང་དུ་གྲགས་པར་གྱུར་ཏོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་གཉིས་གནས་བརྟན་དེ་དག་ལ་ཡོངས་སུ་གཏད་པ་མཐོང་ནས་དགེ་སློང་ལྔ་བརྒྱ་ཙམ་གྱིས་ཚེའི་འདུ་བྱེད་བཏང་བར་གྱུར་ཏོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་སློང་དེ་དག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་བལྟ་བར་མི་བཟོད་པའི་ཕྱིར་ཏེ། དེ་དག་འདི་སྙམ་དུ་འཇིག་རྟེན་གྱི་མགོན་པོ། འཇིག་རྟེན་གྱི་སྒྲོན་མ། ཐུགས་རྗེ་དང་ལྡན་པ། དགེ་བའི་བཤེས་གཉེན་དམ་པ། ཐུགས་བརྩེ་བ་དང་ ལྡན་པ། ཕན་པར་བཞེད་པ་ཡོངས་སུ་མྱ་ངན་ལས་འདའ་བ་ལ་བདག་ཅག་བལྟ་བར་མི་སྤྲོས། ཇེ་དང་པོ་ཁོ་ནར་བདག་ཅག་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། ། སྙམ་དུ་སེམས་པའི་ཕྱིར་རོ། ། དེ་ནས་སྐད་ཅིག་དེ་དང་།
BOཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་སངས་རྒྱས་བཅོམ་ལྡན་ འདས་ལྔ་བརྒྱ་ཐམ་པས་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ན་བཞུགས་བཞིན་དུ་ཕྱག་གཡས་པ་རྣམས་བརྐྱང་སྟེ། བཅོམ་ལྡན་འདས་ལ་རབ་ཏུ་བཏུད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གིས་ཀུན་དགའ་བོ་དང་། སྒྲ་གཅན་ཟིན་དང་། གནས་བརྟན་རྣམས་ཀྱི་ལག་པ་ནས་བཟུང་སྟེ་ཕྱག་ གིས་དེ་བཞིན་གཤེགས་པ་དེ་དག་གི་ཕྱག་ཏུ་ཕུལ་ནས། བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སྒྲ་གཅན་ཟིན་འདི་བདག་གི་བུ། ། ཀུན་དགའ་བོ་ནི་གོ་རེ་ལོང་། ། འདི་གཉིས་དྲང་སྲོང་ཆེ་རྣམས་ལ། ། མངོན་སུམ་དུ་ནི་ཡོངས་སུ་གཏད། ། དེ་རིང་འཛམ་ བུའི་གླིང་དུ་ནི། ། བདག་གི་མཚན་མོ་ཐ་མར་འགྱུར། ། ལྷ་དང་ཀླུ་དང་མི་རྣམས་ཀྱིས། ། སླན་ཅད་བདག་ནི་མཐོང་མི་འགྱུར། ། གང་དག་བྱམས་པ་བསམ་ཡས་པའི། ། འཇིག་རྟེན་མགོན་རྣམས་མ་གཏོགས་པར། ། གཞན་གང་བདག་ལ་སྐྱོབ་འགྱུར་ཞིང་། ། སུ་ཞིག་དཔུང་གཉེན་ སྐྱབས་སུ་འགྱུར། ། སེམས་ཅན་གཅིག་གི་སླད་དུ་ཡང་། ། བསྐལ་པ་སྟོང་ཕྲག་མང་པོ་ནི། ། གང་གཱའི་བྱེ་མ་ཇི་སྙེད་པ། ། དེ་སྙེད་བསྐལ་པར་བསྡད་བགྱི་ན། ། ཚད་མེད་བསམ་གྱིས་མི་ཁྱབ་པའི། །
BOའཇིག་རྟེན་ཁམས་སུ་རྣམ་བལྟས་ན། ། གང་གི་ཕྱིར་ནི་འདིར་བསྡད་པའི། ། སེམས་ཅན་འགའ་ཡང་མ་མཐོང་ངོ་། ། སེམས་ཅན་གང་དག་ཆོས་འདི་ལ། ། གུས་བཅས་དོན་ནི་བདག་གིས་བགྱིས། ། བློ་གྲོས་ངན་པ་གཞན་དག་ནི། ། སངས་རྒྱས་བྱེ་བས་གདུལ་མི་སྤྱོད། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལྔ་བརྒྱ་ཐམ་པ་དེ་དག་གིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་ སོ། ། ཁྱོད་ཀྱིས་སེམས་ཅན་དོན་རྣམས་མཛད། ། སངས་རྒྱས་མཛད་པའང་ཁྱོད་ཀྱིས་མཛད། ། ཆོ་འཕྲུལ་དག་ཀྱང་བསྟན་མཛད་ཅིང་། ། ཆོས་ཀྱི་རྔ་ཆེན་རབ་ཏུ་བརྡུངས། ། སྐྱོབ་པ་ཤཱཀྱ་སེང་གེ་ཡིས། ། སྤྲིན་གྱིས་ས་གཞི་ཆེན་པོ་ལྟར། ། སྲོག་ཆགས་བྱེ་བ་ཚིམ་མཛད་ཅིང་། ། སེམས་ཅན་རྣམས་ཀྱི་ཟུག་རྔུ་ཕྱུང་། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཚིགས་སུ་བཅད་དེ་གསོལ་པ། སངས་རྒྱས་རྣམས་ཀྱི་གཟི་བརྗིད་ཀྱིས། ། སྤྱན་ལྡན་བསྐལ་པར་མཐོང་བ་དང་། ། འདྲེན་པ་བསྐལ་པར་བཞུགས་འགྱུར་བར། ། དཔའ་ཆེན་རྣམས་ལ་གསོལ་བ་འདེབས། ། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །
BOཤེས་རབ་ཆེན་པོ་བཞུགས་གྱུར་ན། ། སྲོག་ཆགས་བྱེ་བ་མང་པོ་ལ། ། བསམ་གྱིས་མི་ཁྱབ་དོན་དུ་ འགྱུར། ། ལྷ་ཡི་ཚོགས་རྣམས་འཕེལ་འགྱུར་ཞིང་། ། ལྷ་མིན་རྣམས་ཀྱང་འགྲིབ་པར་འགྱུར། ། ཉན་ཐོས་བྱང་ཆུབ་སེམས་དཔའ་ཡང་། ། བསམ་གྱིས་མི་ཁྱབ་འཕེལ་བར་འགྱུར། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལྔ་བརྒྱ་ཐམ་པ་དེ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་དག་ངུ་མོས་བཏབ་པས་ཆོག ། སྨྲེ་སྔགས་བཏོན་པས་ཆོག་གིས་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག ། འདུས་བྱས་ཐམས་ཅད་ཀྱི་རང་བཞིན་དེ་ཡིན། མཐའ་དེ་ཡིན། འགྲོ་བ་དེ་ཡིན་ཏེ། འདུས་བྱས་སྐྱེས་ པ་ལ་རྟག་པ་ཉིད་མེད་དེ། མཐའ་འདི་ལྟ་བུ་ཡིན་པས་དེ་བཞིན་གཤེགས་པ་ཆོས་ཀྱི་བདག་ཉིད་ཀྱིས་འདུས་བྱས་ཐམས་ཅད་སྤངས་པས་ན་མངའ་དབང་མི་མཛད་ཅིང་། ཡང་མངའ་བདག་མཛད་པར་ནམ་ཡང་མི་དགོངས་སོ། ། རིགས་ཀྱི་བུ་དག་ཁྱེད་ངེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་འོང་བར་འགྱུར་བའམ། དེ་བཞིན་གཤེགས་པས་ཕྱག་བརྐྱང་སྟེ་འོད་ཀྱིས་སྣང་བར་མཛད་པར་འགྱུར་བའི་འོད་དེས་འོང་བར་འགྱུར་རོ། །
BOཁྱེད་ཅག་འདི་ན་འདུག་ན་ཡང་དེ་བཞིན་གཤེགས་པས་ཞལ་ཉེ་བར་སྟོན་པར་འགྱུར་ཞིང་དམ་པའི་ཆོས་བསྟན་པ་ཡང་མངོན་པར་སྟོན་པར་འགྱུར་གྱིས་མྱ་ངན་མ་བྱེད་ཅིག ། དེ་ནས་ དེའི་ཚེ་བཅོམ་ལྡན་འདས་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་ཐུགས་མཉམ་པར་བཞག་པས་ཞབས་གཡས་པའི་མཐེ་བོ་དང་། ཕྱག་གཡས་པའི་མཐེ་བོ་དང་། དེ་བཞིན་དུ་གཡོན་པ་གཉིས་དང་། དེ་བཞིན་དུ་སྐུའི་ཡན་ལག་དང་། ཉིང་ ལག་རྣམས་དང་། དེ་བཞིན་དུ་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་གྱིས་སྤྲས་པ་གཉིས་དང་། དེ་བཞིན་དུ་འཇམ་ཞིང་དྲ་བས་འབྲེལ་ལ་སེན་མོ་ཟངས་ཀྱི་མདོག་ལྟ་བུའི་ཕྱག་སོར་རྣམས་དང་། ཕྱག་རིས་ཤིན་ཏུ་བཀྲ་བའི་ཕྱག་རིན་པོ་ཆེ་གཉིས་དང་། དེ་བཞིན་དུ་མཚན་ཐམས་ཅད་དང་། དེ་བཞིན་དུ་སྐུ་ལྟེ་བའི་དཀྱིལ་འཁོར་དང་། མདོམས་ཀྱི་གསང་བའི་ཐན་ཀོར་དང་། དེ་བཞིན་དུ་ཞལ་གྱི་དཀྱིལ་འཁོར་དང་། དེ་བཞིན་དུ་ཞལ་གྱི་སྨིན་མཚམས་ནས་འོད་ཟེར་བྱེ་བ་ཕྲག་འབུམ་འབུམ་རབ་ཏུ་བཀྱེ་སྟེ། འོད་ཟེར་རེ་རེའི་ཐོག་མ་ལ་ཡང་པད་མ་བྱེ་བ་ཕྲག་འབུམ་འབུམ་མངོན་པར་ སྤྲུལ་ཏོ། ། པད་མ་རེ་རེའི་སྙིང་པོ་ལ་ཡང་སེང་གེའི་ཁྲི་བྱེ་བ་ཕྲག་འབུམ་འབུམ་མངོན་པར་སྤྲུལ་ཏོ། །
BOསེང་གེའི་ཁྲི་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་རེ་རེ་སྤྲུལ་ཏེ། སངས་རྒྱས་ཀྱི་སྐུས་ཆོས་སྟོན་ཅིང་བཞུགས་པར་གྱུར་ཏོ། ། དེ་བཞིན་གཤེགས་པའི་སྤྲུལ་པ་རེ་རེས་ཀྱང་སེམས་ཅན་ བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ཟག་པ་ཟད་པར་བྱ་བའི་ཕྱིར་བཏུལ་ཏོ། ། ཁ་ཅིག་ནི་འདོད་ཆགས་དང་བྲལ་བའི་སར་བཏུལ་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབུའི་གཙུག་ནས་འོད་ཟེར་བྱེ་བ་ཕྲག་འབུམ་རབ་ཏུ་བཀྱེ་སྟེ། འོད་ཟེར་རེ་རེའི་ཐོག་མ་ལ་ཡང་པད་མ་བྱེ་བ་ཕྲག་འབུམ་ འབུམ་མངོན་པར་སྤྲུལ་ཏོ། ། པད་མ་རེ་རེའི་སྙིང་པོ་ལ་ཡང་སེང་གེའི་ཁྲི་བྱེ་བ་ཕྲག་འབུམ་འབུམ་མངོན་པར་སྤྲུལ་ཏོ། ། སེང་གེའི་ཁྲི་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་རེ་རེ་མངོན་པར་སྤྲུལ་ཏེ་སངས་རྒྱས་ཀྱི་སྐུས་ཆོས་སྟོན་ཅིང་བཞུགས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་དེ་དག་ཀྱང་བྱང་ ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་དང་། གཟུངས་དང་། རྡོ་རྗེའི་ཚིག་ཡང་དག་པར་རབ་ཏུ་སྟོན་པ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་དག་ཡང་དག་པར་རབ་ཏུ་སྟོན་པ་མ་གཏོགས་པར་གཏམ་གཞན་མི་གསུང་ངོ་། །
BOདེ་བཞིན་ གཤེགས་པའི་སྤྲུལ་པ་རེ་རེས་ཆོས་བསྟན་པ་དེས་ཀྱང་སེམས་ཅན་དག་པ་དག་ལས་སྲོག་ཆགས་བྱེ་བ་འབུམ་ཕྲག་དུ་མ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་རབ་ཏུ་བཀོད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་གྱད་རྣམས་དང་ཉེ་བ་ན་ཡོད་པ་ཤིང་སཱ་ལ་ཟུང་གི་བར་དུ་ དེ་བཞིན་གཤེགས་པའི་སྐུ་གློ་གཡས་པས་སེང་གེའི་གཟིམས་ཁྲི་ལ་གཟིམས་པ་ཞིག་མངོན་པར་སྤྲུལ་པ་མཛད་ནས་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་གནས་སུ་གཤེགས་ཏེ་རང་རང་གི་སྐུ་ལས་འོད་རབ་ཏུ་བཀྱེའོ། ། དེ་རབ་ཏུ་བཀྱེ་མ་ཐག་ཏུ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་གནས་ ཐམས་ཅད་སྣང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་གནས་ཐམས་ཅད་སྣང་བར་མཛད་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། སེམས་ཅན་འདི་དག་ཡང་དང་ཡང་། ། བསད་ཅིང་བསད་ཅིང་ཕྱིར་ ཡང་འཚོ། ། འདུ་ཤེས་དེ་ཉིད་བསྟན་བྱེད་པས། ། དེས་ན་སྡུག་བསྔལ་འབྱུང་བར་འགྱུར། ། འཇིག་རྟེན་མགོན་པོ་འོད་མཛད་པ། ། འཇིག་རྟེན་འདིར་ནི་བྱུང་གྱུར་ནས། ། གང་གིས་སྡུག་བསྔལ་འགག་འགྱུར་བ། ། ཟད་པ་མེད་ཅིང་ལེན་མེད་ལ། །
BOའགག་པ་ མེད་ཅིང་ཟག་མེད་པའི། ། དམ་པའི་ཆོས་ནི་སྟོན་པར་མཛད། ། གང་དག་ཆོས་འདི་རབ་ཤེས་པ། ། དེ་དག་ངན་འགྲོར་འགྲོ་མི་འགྱུར། ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་བཀའ་སྩལ་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་དང་ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་ སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་གནས་ནས་སྲོག་ཆགས་དུང་ཕྱུར་ཕྲག་གསུམ་གྱིས་ཆོས་འདི་ཐོས་ནས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏེ། ཆོས་ཐོབ་པ་དེ་དག་གིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། ཟད་པ་མ་མཆིས་ལེན་མ་མཆིས། ། མི་འགག་ ཟག་པ་མ་མཆིས་པའི། ། འཕགས་པའི་ཆོས་འདི་འཚལ་གྱུར་པས། ། བདག་ཅག་བསིལ་གྱུར་མྱ་ངན་འདས། ། མཁྱེན་ནས་ཇི་བཞིན་ཉིད་བརྙེས་ཤིང་། ། སེམས་ཅན་རྣམས་ཀྱི་དབང་པོ་མཁྱེན། ། རྒྱུ་དང་རྐྱེན་རྣམས་སྟོན་མཛད་ཅིང་། ། སེམས་ཅན་རྣམས་ལ་ཐུགས་བརྩེ་བ། ། ཟུག་རྔུ་འབྱིན་ཅིང་གསོས་མཛད་ལ། ། སྨན་སྩོལ་མཛད་ཅིང་ཐམས་ཅད་མཁྱེན། ། མྱ་ངན་འདའ་བ་སྟོན་མཛད་པའི། ། རྫོགས་སངས་རྒྱས་ཀྱིས་བདག་ཅག་བཏུལ། ། མིག་དང་སྒྲོན་མར་གྱུར་པ་འདི། ། ཤིན་ཏུ་མྱུར་བར་འདས་གྱུར་ན། ། སུ་ཞིག་སྲོག་ ཆགས་བྱེ་བ་རྣམས། ། ཡང་སོས་གནོད་ལས་ཐར་མཛད་འགྱུར།
BO། ཟུག་རྔུ་འབྱིན་མཛད་སྨན་པ་ཆེ། ། འབྱུང་པོ་ཀུན་གྱི་གསོས་མཛད་པ། ། དེ་ཡིས་སེམས་ཅན་གང་གསོས་པ། ། དེ་དག་ངན་འགྲོར་མཆི་མི་འགྱུར། ། དེ་ནས་བཅོམ་ལྡན་འདས་དེའི་ཚེ་སེམས་ཅན་དམྱལ་ བ་ཆེན་པོ་ཐིག་ནག་གི་གནས་ཀྱི་མཐར་བཞུགས་ཏེ་འོད་རྒྱ་ཆེན་པོ་རབ་ཏུ་བཀྱེའོ། ། དེས་སེམས་ཅན་དམྱལ་བ་ཆེན་པོའི་གནས་དེ་སྣང་བར་གྱུར་ནས་སྲོག་ཆགས་སྟོང་ཕྲག་མང་པོ་དག་དེ་ནས་བཏོན་ཏེ་མཐོ་རིས་ལ་རབ་ཏུ་བཀོད་དོ། ། དེ་བཞིན་དུ་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་ གཞོམ་དང་། ངུ་འབོད་དང་ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དག་ནས་ཀྱང་སྲོག་ཆགས་སྟོང་ཕྲག་མང་པོ་དག་བཏོན་ཏེ་མཐོ་རིས་དང་མྱ་ངན་ལས་འདའ་བའི་ལམ་ལ་རབ་ཏུ་བཀོད་དོ། ། དེ་ནས་སྐད་ཅིག་དེ་དང་ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་སྲོག་ཆགས་བྱེ་བ་འབུམ་ ཕྲག་དུ་མ་དག་སེམས་ཅན་དམྱལ་བའི་གནས་དག་ནས་ཤི་འཕོས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། ། སྐྱེས་མ་ཐག་ཏུ་ལྷའི་བུ་དེ་དག་གིས་སྔོན་གྱི་ཆོས་ཡང་དག་པར་རྗེས་སུ་དྲན་ནས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། ། དེ་ནས་ལྷའི་བུ་ཆོས་ཐོབ་པ། ཆོས་རྟོགས་པ།
BOཆོས་ཀྱི་གཏིང་དུ་ཞུགས་པ་དེ་དག་གིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། ཇི་ལྟར་དགོན་པའི་ཤུལ་ཞིག་ཏུ། ། དེད་དཔོན་འཇིགས་པ་མ་མཆིས་པས། ། ཆོམ་རྐུན་གདུག་པས་གཙེས་གྱུར་པའི། ། སེམས་ཅན་མང་པོ་ཐར་བགྱིད་ལྟར། ། དེ་བཞིན་འཁོར་བའི་ བཙོན་ར་ལས། ། དེད་དཔོན་བླ་ན་མ་མཆིས་པ། ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི། ། སེམས་ཅན་བྱེ་བ་ཐར་བར་མཛད། ། ཐུགས་རྗེ་ཉེ་བར་བསྐྱེད་མཛད་ཅིང་། ། བདག་ཅག་སྡུག་བསྔལ་ཐར་མཛད་པའི། ། བླ་མེད་དེད་དཔོན་འོད་མཛད་པ། ། སངས་རྒྱས་ལ་ནི་སྐྱབས་སུ་མཆི། ། བདག་ཅག་ལུས་ཀྱིས་རེག་གྱུར་པའི། ། ཆོས་དང་ཡོན་ཏན་བསམ་ཡས་པའི། ། ཚོགས་མཆོག་འཕགས་པའི་དགེ་འདུན་ལའང་། ། བདག་ཅག་སྐྱབས་སུ་ཉེ་བར་མཆི། ། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་བསིལ་ཞིང་འཇམ་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་ པའི་གནས་ཀྱི་སེམས་ཅན་དམྱལ་བའི་ཡོངས་སུ་གདུང་བ་སིམ་ཞིང་བསིལ་བར་མཛད་ནས་ཡན་ལག་སྟོང་ཡོངས་སུ་རྫོགས་པ། སེམས་ཅན་ཐམས་ཅད་རབ་ཏུ་སིམ་པ་སྐྱེད་པ། འཇམ་པ་སྙན་པར་གསུང་པ། ཕན་པ་དང་བདེ་བར་མཛད་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
BOསྨོན་པ་མེད་པ་དང་ལྡན་པའི་གསུང་གིས་སེམས་ཅན་དམྱལ་བ་པ་དེ་དག་ལ་བཀའ་སྩོལ་ཅིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། གང་གིས་སྟོང་ཉིད་མཚན་མེད་དང་། ། སྐྱེ་མེད་འདུས་བྱས་མ་ཡིན་པའི། ། ཆོས་རྣམས་རབ་ཏུ་ཤེས་གྱུར་པ། ། དེ་དག་ ངན་འགྲོའི་འཇིགས་ལས་འགྲོལ། ། དེ་ནས་སྲོག་ཆགས་བྱེ་བ་འབུམ་ཕྲག་བརྒྱད་ཀྱིས་གསུང་དེ་ཐོས་ནས་དུས་གསུམ་ལ་ཐོགས་པ་མེད་ཅིང་ཡན་ལག་གི་ཡོན་ཏན་འབུམ་དང་ལྡན་པའི་སྒྲ་རྣ་ལམ་དུ་གྲག་པ་ཐོས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་གནས་ནས་ཤི་འཕོས་ཏེ་ གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། ། དེ་ནས་བཅོམ་ལྡན་འདས་ཚངས་པའི་འཇིག་རྟེན་དུ་གཤེགས་ཏེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། གང་ལ་སྡུག་བསྔལ་མི་རྙེད་པའི། ། སེམས་ཅན་རྣམས་ནི་མཆོག་ཏུ་བདེ། ། མིང་དང་མཚན་ མ་ཐ་སྙད་དང་། ། འདུ་ཤེས་གང་ཡིན་ཚུལ་བཞིན་མིན། ། བརྟན་པས་དེ་དག་རྣམ་སྤངས་ན། ། དེས་ནི་སྡུག་བསྔལ་དག་ལས་དགྲོལ། ། གང་དག་གཟུགས་མེད་རྟེན་པ་ཡི། ། འདུ་ཤེས་ཀུན་ཀྱང་ཚུལ་བཞིན་མིན། ། ཡང་དང་ཡང་དུ་འཆི་འཕོ་ཞིང་། ། ཤི་ནས་སྐྱེ་བར་ འགྱུར་བ་ཡི། །
BOསྡུག་བསྔལ་ཕྱིར་ཞིང་རབ་འཕེལ་བ། ། ཁམས་གསུམ་པ་དག་ཅི་ཕྱིར་བདེ། ། གང་གིས་སྟོང་པ་སྟོང་ཤེས་ཤིང་། ། སྟོང་པ་དེ་ལའང་མི་སེམས་ལ། ། གང་དག་སྟོང་ཉིད་མི་མཐོང་བ། ། དེ་དག་སྟོང་ཉིད་ཤེས་པ་ཡིན། ། གང་གིས་ཆོས་དོན་དེ་ཤེས་པ། ། དེ་ལ་བདག་ནི་རྙེད་མི་འགྱུར། ། གང་ལ་བདག་ནི་མི་རྙེད་པ། ། དེ་ལ་སྡུག་བསྔལ་ག་ལ་འབྱུང་། ། སྟོང་དང་ཉེ་བར་ལེན་མེད་དང་། ། མཚན་མ་རྙེད་པ་མ་ཡིན་ཞིང་། ། བདག་མེད་ཆོས་ནི་སྟོན་བྱེད་པ། ། སངས་རྒྱས་ཐུགས་ལས་སྐྱེས་པའི་སྲས། ། དེ་ནས་ གང་དག་དེར་སྐྱེས་པའི་སྲོག་ཆགས་བྱེ་བ་འབུམ་ཕྲག་བརྒྱད་པོ་དེ་དག་གིས་ཟག་པ་ཟད་པ་ཐོབ་ཅིང་ལྷའི་དྲང་སྲོང་དུ་གྱུར་ནས། དེ་དག་གི་སེམས་ཅན་དམྱལ་བའི་གནས་དག་གི་སེམས་ཅན་དམྱལ་བའི་གནས་ཀྱི་སྡུག་བསྔལ་དག་རྗེས་སུ་དྲན་ཞིང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ ཡང་རྗེས་སུ་དྲན་ནས་བྱས་པ་གཟོ་བའི་ཕྱིར་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བ་མ་མཐོང་བར་དང་པོ་ཁོ་ནར་བདག་ཅག་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །
BOཞེས་དེ་ནས་ལྷའི་བུ་དགྲ་བཅོམ་པ་ཉིད་ཐོབ་པ་ དེ་དག་གིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། མི་འདུལ་ཁ་ལོ་སྒྱུར་བ་གང་ཟག་མཆོག ། སྣང་བ་འོད་མཛད་རབ་ཏུ་གསལ་མཛད་པ། ། མྱ་ངན་འདའ་བར་མཛད་པ་ཇི་ལྟར་བལྟ། ། བདག་ཅག་སྔར་ཉིད་མྱ་ངན་འདའ་བར་བགྱི། ། དེ་སྐད་ཅེས་གསོལ་ནས་དེ་ཉིད་དུ་ཡོངས་ སུ་མྱ་ངན་ལས་འདས་སོ། ། དེ་ནས་བཅོམ་ལྡན་འདས་སྐད་ཅིག་དེ་དང་ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། གྱད་རྣམས་དང་ཉེ་བ་ན་ཡོད་པ་ཤིང་སཱ་ལ་ཟུང་གི་བར་དུ་སླར་གཤེགས་སོ། ། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་ནི་དོ་མོད་ནམ་གྱི་ཐུན་ཐ་མ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། སེམས་ཅན་རྣམས་ལ་བསྟན་པར་བྱ་བའི་ཐ་མ་ནི་འདི་ཡིན་གྱིས། བདག་གིས་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་སེམས་ཅན་རྣམས་ མཆོག་ཏུ་དགའ་བར་བྱེད་པ། བདེ་བ་སྐྱེད་པར་བྱེད་པ། སྡུག་བསྔལ་ཉེ་བར་ཞི་བར་བྱེད་པ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་བདག་ཉིད་ཆེན་པོ་ལ་ཐོགས་པ་མེད་པར་འཇུག་པར་འགྱུར་བ།
BOསངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བ་དང་ལྡན་པ་དག་ཀུན་ཏུ་བསྟན་པར་བྱའོ། ། སྙམ་དུ་དགོངས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུའི་གློ་གཡས་པ་བཏེགས་ཏེ། སེང་གེ་བཞིན་དུ་བག་ཚ་བ་མི་མངའ་བར་ཕྱོགས་བཅུའི་སྐྱེ་དགུ་དེ་དག་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ནས་ཞབས་གཡས་པའི་མཐེ་བོས་ས་ཆེན་པོ་ལ་བསྣུན་ཏོ། ། བསྣུན་པ་དང་ དེ་ལས་སྒྲ་སྐད་ཆེན་པོ་བྱུང་ཞིང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ། ཕྱོགས་བཅུའི་འཇིག་རྟེན་དག་འོད་བསམ་གྱིས་མི་ཁྱབ་ཅིང་ཐོགས་པ་མེད་པས་སྣང་བར་ཡང་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་ལས་འོད་ཟེར་འདི་ལྟ་བུ་དག་རབ་ཏུ་བཀྱེ་སྟེ། འོད་ཟེར་རབ་ཏུ་བཀྱེ་བ་དེས་སྤུའི་ ཁུང་བུ་རེ་རེ་ནས་ཀྱང་འོད་ཟེར་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བྱུང་ངོ་། ། འོད་ཟེར་དེ་དག་རེ་རེ་ལས་ཀྱང་འོད་ཟེར་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བྱུང་ངོ་། ། འོད་ཟེར་རེ་རེས་ཀྱང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བར་བྱས་ཏེ།
BOའོད་ཟེར་གཅིག་དང་འོད་ཟེར་གཉིས་པ་ལྷན་ཅིག་ མི་འགྲོགས་པར་འགྲོ་ཞིང་ཡང་དང་ཡང་དུ་སྤུའི་ཁུང་བུ་སོ་སོ་ནས་འོད་ཟེར་རབ་ཏུ་བཀྱེ་བས་འཇིག་རྟེན་གྱི་ཁམས་དེ་སྙེད་སྣང་བར་མཛད་དོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དེ། རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་ པར་འདུ་མཛད་པས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྤྱན་དང་ལྡན་པར་གྱུར་ཅིང་སངས་རྒྱས་ཀྱི་སྤྱན་གྱི་བྱེ་བྲག་ཀྱང་རྟོགས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་ཇི་སྙེད་བཅོམ་ལྡན་འདས་ཀྱི་ འོད་ཀྱིས་གསལ་བར་གྱུར་པ་དེ་དག་ཐམས་ཅད་མཐོང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཤར་ཕྱོགས་ལོགས་ན་ཁོ་ར་ཁོར་ཡུག་གི་ཁྱོན་དུ་དཔག་ཚད་འབུམ་ཡོད་པའི་གྲོང་ཁྱེར་དེ་ལྟར་ཆེ་བ། དེ་ལྟར་ཡངས་པ། དེ་ལྟར་མ་ཐོ་བ། དེ་ལྟར་རྒྱ་ཆེ་བ་ཞིག་རྡུལ་ཕྲ་རབ་ཀྱི་རྡུལ་བརྒྱ་སྟོང་དག་གིས་ཡོངས་སུ་གང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ།
BOདགེ་སློང་དག་འདི་ཇི་སྙམ་དུ་སེམས། རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་མང་བ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་ འདས་དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ། གང་གིས་ཟག་མེད་ལེན་མེད་ཅིང་། ། འགག་མེད་ཟག་པ་མེད་པ་ཡི། ། ཆོས་དེ་རབ་ཏུ་ཤེས་པ་དག ། དེ་དག་ངན་འགྲོར་འགྲོ་མི་འགྱུར། ། དེ་ནས་སྲོག་ཆགས་བྱེ་བ་ཕྲག་སུམ་ཅུ་རྩ་གསུམ་གྱིས་ ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏེ། ཆོས་ཐོབ་པ་དེ་དག་ཐམས་ཅད་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། ཟད་པ་མ་མཆིས་ལེན་མ་མཆིས། ། མི་འགག་ཟག་པ་མ་མཆིས་པ། ། འཕགས་པའི་ཆོས་འདི་འཚལ་ གྱུར་པས། ། བདག་ཅག་བསིལ་གྱུར་མྱ་ངན་འདས། ། མཁྱེན་ནས་ཇི་བཞིན་ཉིད་བརྙེས་ཤིང་། ། སེམས་ཅན་རྣམས་ཀྱི་དབང་པོ་མཁྱེན། ། རྒྱུ་དང་རྐྱེན་རྣམས་སྟོན་མཛད་ཅིང་། ། སེམས་ཅན་རྣམས་ལ་ཐུགས་བརྩེ་བ། ། ཟུག་རྔུ་འབྱིན་ཅིང་གསོས་མཛད་ལ། ། སྨན་སྩོལ་མཛད་ཅིང་ཐམས་ཅད་མཁྱེན། ། མྱ་ངན་འདའ་བ་སྟོན་མཛད་པའི། ། རྫོགས་སངས་རྒྱས་ཀྱིས་བདག་ཅག་བཏུལ། ། མིག་དང་སྒྲོན་མར་གྱུར་པ་འདི། ། ཤིན་ཏུ་མྱུར་བར་འདས་གྱུར་ན། ། སུ་ཞིག་སྲོག་ཆགས་བྱེ་བ་རྣམས། །
BOཡང་སོས་གནོད་ལས་ཐར་མཛད་འགྱུར། ། ཟུག་རྔུ་འབྱིན་མཛད་སྨན་པ་ཆེ། ། འབྱུང་པོ་ཀུན་གྱི་གསོས་མཛད་པ། ། དེ་ཡིས་སེམས་ཅན་གང་གསོས་པ། ། དེ་དག་ངན་འགྲོར་མཆི་མི་འགྱུར། ། དེ་ནས་བཅོམ་ལྡན་འདས་དེའི་ཚེ་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་གནས་ཀྱི་མཐར་བཞུགས་ཏེ་འོད་རྒྱ་ཆེན་པོ་རབ་ཏུ་བཀྱེའོ། ། དེས་སེམས་ཅན་དམྱལ་བ་ཆེན་པོའི་གནས་དེ་སྣང་བར་གྱུར་ནས་སྲོག་ཆགས་སྟོང་ཕྲག་མང་པོ་དག་དེ་ནས་བཏོན་ཏེ་མཐོ་རིས་ལ་རབ་ཏུ་བཀོད་དོ། ། དེ་བཞིན་དུ་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་ བ་དག་ནས་ཀྱང་སྲོག་ཆགས་སྟོང་ཕྲག་མང་པོ་དག་བཏོན་ཏེ་མཐོ་རིས་དང་མྱ་ངན་ལས་འདའ་བ་ལ་རབ་ཏུ་བཀོད་དོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཀྱི་གནས་རྣམས་སུ་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུར་ཤིན་ཏུ་འཇམ་པ། དགའ་བར་གྱུར་པ། ཡིད་དུ་འོང་བ། སྡུག་བསྔལ་ཉེ་བར་ཞི་བར་བྱེད་པ། མིག་དགའ་བར་བྱེད་པ། སྙིང་དང་མིག་རབ་ཏུ་སིམ་པ་སྐྱེད་པ། བསིལ་བ། བྱམས་པ་དང་། སྙིང་རྗེ་ལས་ངེས་པར་བྱུང་བ།
BOལུས་བདེ་བ་སྐྱེད་པར་བྱེད་པས་སེམས་ཅན་དམྱལ་བ་ཆེན་པོའི་གནས་དེ་དག་གསལ་བར་མཛད་ཅིང་ སེམས་ཅན་དམྱལ་བ་ཆེན་པོ་དེ་དག་གི་མེའི་གདུང་བ་སྐྱེས་པའི་གདུང་བ་ཡང་ཡོངས་སུ་ཞི་བར་མཛད་ནས། སེམས་ཅན་དེ་དག་ལ་བདེ་བ་ཉེ་བར་བསྒྲུབ་པའི་ཕྱིར་སྤུའི་ཁུང་བུ་ཐམས་ཅད་ནས་མཐར་གྱིས་འོད་དེ་དག་རབ་ཏུ་བཀྱེའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཀྱིས་སེམས་ཅན་དེ་ དག་གི་ལུས་མངོན་པར་བརླན་པར་མཛད་ཅིང་ལུས་དང་སེམས་འཇམ་ཞིང་ལས་སུ་རུང་བ་བསྐྱེད་ནས་ཡོན་ཏན་འབུམ་ཕྲག་དུ་མ་དང་ལྡན་པའི་གསུང་གིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ནི་འཇིག་རྟེན་བདེ་སྩོལ་ཅིང་། ། ང་ནི་སྡུག་བསྔལ་ཐར་མཛད་པ། ། ང་ནི་ལུས་ངལ་གྱུར་པ་རྣམས། ། རབ་ཏུ་ཞི་བ་སྟོན་མཛད་པའོ། ། ངས་བཤད་ཞི་བ་བདེ་བ་དང་། ། ཤིན་ཏུ་བལྟ་དཀའི་ཆོས་གང་ཡིན། ། གང་དག་ཆོས་དེ་རབ་ཤེས་པ། ། དེ་དག་ངན་འགྲོར་འགྲོ་མི་འགྱུར། ། གང་དག་སངས་རྒྱས་སྐྱབས་སོང་བའི། ། མི་རྣམས་དེ་དག་རྙེད་པ་ཡོད། ། དེ་དག་བསྐལ་པ་སྟོང་རྣམས་སུ། ། ཕྱིན་ ཆད་སྡུག་བསྔལ་བསྟེན་མི་འགྱུར། ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་བཀའ་སྩལ་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་།
BOཡུད་ཙམ་དེ་ལ་དེ་ནས་དགེ་སློང་རབ་ཏུ་མང་པོ་དག་དང་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་དག་ཀྱང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ དེ་ལ་སེང་གེའི་གཟིམས་ཁྲི་དག་ལ་གློ་གཡས་པས་ཕབ་སྟེ་གཟིམས་པར་གྱུར་ནས་དེ་དག་ཀྱང་སླར་བཞེངས་ཏེ་ཆོ་འཕྲུལ་དེ་ལྟ་བུ་དག་ཀུན་ཏུ་སྟོན་པར་མཛད་དོ། ། དེ་ནས་བཅོམ་ལྡན་འདས་ལ་འཁོར་བཞི་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཅིའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ ཅད་འདི་ལྟ་སྟེ་དཔེར་བགྱི་ན་ད་ལྟར་བཅོམ་ལྡན་འདས་བཞིན་དུ། སྐད་ཅིག་འདི་དང་། ཐང་ཅིག་འདི་དང་། ཡུད་ཙམ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ལ་མངོན་པར་ཕྱོགས་ཤིང་ཆོ་འཕྲུལ་དེ་ལྟ་བུ་དག་ཀུན་ཏུ་སྟོན་པར་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དེ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་དེང་སྲིད་པ་ཐ་མ་སྤངས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཤཱཀྱ་ཐུབ་པ་ཞེས་བྱ་བར་མཚན་འཐུན་པ་ཤ་སྟག་སྟེ།
BOཐམས་ཅད་ཀྱང་གྱད་རྣམས་དང་ཉེ་བ་ན་ཡོད་པ་ཤིང་སཱ་ལ་ཟུང་ གི་བར་ཤ་སྟག་ཏུ་སེང་གེའི་གཟིམས་ཁྲི་ལ་སྐུའི་གློ་གཡས་པས་ཕབ་སྟེ་བཞུགས་སོ། ། དེ་དག་ཐམས་ཅད་ཀྱང་དོ་མོད་ནམ་གྱི་ཐུན་ཐ་མ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཤར་ཕྱོགས་ ན་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མཐོང་ངམ། དགེ་སློང་དག་ཁྱེད་ཀྱིས་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། ཕྱོགས་མཚམས་རྣམས་ དང་། འོག་དང་། སྟེང་གི་ཕྱོགས་དག་ན་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་མཐོང་ངམ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། བགྲང་བའི་ ཚུལ་གྱིས་མཐོང་ལགས་ཀྱི་དོན་དམ་པར་ནི་མ་མཐོང་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆུའི་ཕུང་པོ་ནས་བཟུང་སྟེ།
BOཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་ ཡོངས་སུ་གང་བར་གྱུར་ན། དགེ་སློང་དག་འདི་ཇི་སྙམ་དུ་སེམས། ། རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཚད་བཟུང་བའམ། བགྲང་བའམ། དཔེའམ། ཡོངས་སུ་བགྲང་བར་ནུས་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ལྟ་བུའི་བྱེ་བ་ཕྲག་འབུམ་རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་ཡོངས་སུ་གང་བར་གྱུར་ན། དགེ་སློང་དག་ངས་ཤའི་སྤྱན་ཐ་མལ་པས་ཤར་ཕྱོགས་སུ་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་དག་གཟིགས་ཏེ། དཔེར་ན་གཉའ་ཤིང་གང་ ཙམ་ན་འདུག་པ། རྣམ་པར་མི་རྟོག་པ། ཤའི་མིག་མ་ཉམས་པ། རྒྱང་རིང་པོར་མི་ལྟ་བའི་རང་གི་ཡུལ་བཞིན་ནོ། ། ལྷོ་ཕྱོགས་སུ་ཡང་དེ་བཞིན། ནུབ་ཕྱོགས་སུ་ཡང་དེ་བཞིན། བྱང་ཕྱོགས་སུ་ཡང་དེ་བཞིན། ཕྱོགས་མཚམས་རྣམས་སུ་ཡང་དེ་བཞིན། འོག་གི་ཕྱོགས་སུ་ཡང་དེ་བཞིན། སྟེང་གི་ ཕྱོགས་སུ་དེ་བཞིན་ནོ། ། དགེ་སློང་དག་ངས་འདི་ལྟ་སྟེ། དཔེར་ན་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་འབུམ་ཆུའི་ཕུང་པོ་ནས་བཟུང་སྟེ།
BOཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་ཡོངས་སུ་གང་བར་གྱུར་པའི་རྡུལ་ཕྲ་རབ་ ཀྱི་རྡུལ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་དག་ཤར་ཕྱོགས་ན་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་དང་། བཞུགས་པར་གྱུར་པ་དག་ཀྱང་གཟིགས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་ཤཱཀྱ་ཐུབ་པ་ཞེས་བྱ་བར་མཚན་འཐུན་པ་ཤ་སྟག་ཡིན་ནོ། ། དེ་བཞིན་དུ་མར་མེ་ མཛད་ཅེས་བྱ་བར་མཚན་འཐུན་པའི་སངས་རྒྱས་བཅོམ་ལྡན་འདས་དང་། དེ་བཞིན་དུ་ཐམས་ཅད་ཟིལ་གྱིས་གནོན་རུ་ཅེས་བྱ་བར་མཚན་འཐུན་པ་དང་། དེ་བཞིན་དུ་པད་མ་དམ་པ་ཞེས་བྱ་བར་མཚན་འཐུན་པ་དང་། དེ་བཞིན་དུ་མངོན་པར་འཕགས་པར་གཤེགས་པ་ཞེས་བྱ་བར་མཚན་འཐུན་པ་དང་། དེ་བཞིན་ དུ་གྲགས་མཆོག་ཅེས་བྱ་བར་མཚན་འཐུན་པ་དང་། དེ་བཞིན་དུ་འཁོར་བ་འཇིག་ཅེས་བྱ་བར་མཚན་འཐུན་པ་དང་། དེ་བཞིན་དུ་གསེར་ཐུབ་ཅེས་བྱ་བར་མཚན་འཐུན་པ་དང་། དེ་བཞིན་དུ་འོད་སྲུང་ཞེས་བྱ་བར་མཚན་འཐུན་པ་ཤ་སྟག་ལ་ཡང་དེ་སྙེད་གཟིགས་སོ། ། དེ་བཞིན་དུ་མཚན་གཞན་དང་། གཞན་དུ་གསོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གཟིགས་ཏེ།
BOསངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་དེ་དག་ཀྱང་འཇིག་རྟེན་ན་ཆོས་རྒྱ་ཆེན་པོ་དང་། ཆོས་སྣ་ཚོགས་དང་། ཆོས་མཆོག་དང་ལྡན་པའི་ལས་ཅན་དག་ཡིན་ཏེ། དེ་ལྟར་མཚན་ཐ་དད་པར་གསོལ་བའི་སངས་རྒྱས་ བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་ཀྱང་གཟིགས་སོ། ། མཚན་དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་དག་དང་། བཞུགས་པ་དག་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་གཟིགས་ཏེ། ངའི་ཤའི་སྤྱན་ཐ་མལ་པ་བསྒྲིབས་པ་མེད་པ། ཐོགས་པ་མེད་པ་ཆགས་པ་མེད་པའི་ཡུལ་དུ་སྣང་བ་ནི་དེ་དག་ཡིན་ཏེ། དེ་བཞིན་གཤེགས་པས་དེ་ལྟར་རབ་ཏུ་མཁྱེན་ཏོ། ། དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་པ་གང་ཡིན་པ་ནི་དེ་བས་ཀྱང་ལྷག་པ་དང་། ལྷག་པ་བས་ཀྱང་ལྷག་པ་དང་། བསམ་གྱིས་མི་ ཁྱབ་པ་དང་། ཆེས་བསམ་གྱིས་མི་ཁྱབ་པ་དང་། གོང་མ་དང་། ཆེས་གོང་མ་དང་། ཚད་མེད་པ་དང་། ཆེས་ཚད་མེད་པ་དག་ཀྱང་རབ་ཏུ་མཁྱེན་ཏོ། ། ཤའི་སྤྱན་ཐ་མལ་པས་ཀྱང་དེ་ལྟར་དེ་བཞིན་གཤེགས་པ་ཚད་མེད་པ་དང་། དེ་ལྟར་གཞལ་དུ་མེད་པ་དང་། དེ་ ལྟར་བགྲང་དུ་མེད་པ་དང་། དེ་ལྟར་གྲངས་མེད་པ་ཡིན་ན། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས།
BOདགེ་སློང་དག་འདི་ལྟ་སྟེ། དཔེར་ན་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་འདིའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྟོབས་བཅུ་དང་། མི་འཇིགས་པ་ཐོབ་པར་གྱུར་པ་དེ་དག་ལ་བསྐལ་པ་ཡོངས་སུ་རྫོགས་པར་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས། རྗེད་པར་བྱས། གསོལ་བར་བྱས་ཏེ། མཆོད་པ་སྣ་ ཚོགས་བསམ་གྱིས་མི་ཁྱབ་པ་དག་གིས་མཆོད་པ་བྱས་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་རྣམ་པར་འབྱེད་པ་ཡང་དག་པར་རབ་ཏུ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་དད་པའི་སེམས་བསྐྱེད་པ་གཅིག་ཙམ་སྐྱེད་ཅིང་ཐེ་ཙོམ་མེད་པའི་བློས་ཡང་དག་པའི་འདུ་ཤེས་ བསྐྱེད་པར་གྱུར་ན། སེམས་བསྐྱེད་མ་ཐག་ཏུ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེ་བར་འགྱུར་ཞིང་སངས་རྒྱས་ཀྱི་ཡོན་ཏན་མང་པོ་དག་དང་ཡང་ཉེ་བར་འགྱུར་གྱི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་པ་ལ་བསྐལ་པར་བསྙེན་བཀུར་བྱས་པས་ ནི་དེ་ལྟ་མ་ཡིན་ནོ། །
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཡེ་ཤེས་འདི་ལ་མོས་པར་བྱེད་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་ཞིང་། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་འགྱུར་རོ། ། ཤའི་སྤྱན་བཤད་པ་ལུང་བསྟན་པ་འདི་བཤད་པ་ན་ སྲོག་ཆགས་བྱེ་བ་ཕྲག་དྲུག་ཅུ་རྩ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའ་བ་ཡིན་གྱིས། བདག་ཅག་གིས་འདི་ཉིད་ལ་སྡུག་བསྔལ་ཟད་པ་དང་། ཉོན་མོངས་པའི་མཐའ་ མ་དང་། ཟག་པ་ཟད་པ་ཐོབ་པར་བྱའོ་སྙམ་ནས་ཡང་ཕྱིར་མི་ལྡོག་པར་གྱུར་ཏོ། ། སེམས་ཅན་དཔག་ཏུ་མེད་པ་རྣམས་ནི་སློབ་པའི་ས་ལ་བཀོད་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བཅུ་ནི་སེམས་དང་པོ་བསྐྱེད་པས་ཡོངས་སུ་གྲུབ་པར་གྱུར་ཏོ། ། བྱང་ ཆུབ་སེམས་དཔའ་བྱེ་བ་འབུམ་ཕྲག་སུམ་ཅུ་རྩ་གཉིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། མཆི་མས་བརྣངས་ཤིང་ངུ་བཞིན་བྱུང་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BOབཅོམ་ ལྡན་འདས་བདག་སེམས་ཅན་རྣམས་བདག་གི་ཡུལ་ལས་ཡང་དག་པར་འདའ་བར་མ་གྱུར་ཅིག་སྙམ་ནས། གང་གི་སླད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་བ་དེ་ཉིད་བཅོམ་ལྡན་འདས་ཉམས་པ་མི་མངའ་ བས་སྐུ་ཚེའི་ཚད་བསྐལ་པར་བཞུགས་པ་དང་འདྲ་བར་སྐྱ་རེངས་མ་ཤར་ཅིང་གདུགས་མ་བདལ་བར་ཡང་སེམས་ཅན་ཚད་མ་མཆིས་པ་རྣམས་ཀྱི་དོན་གྱི་སླད་དུ་འདི་ལྟ་སྟེ། མྱ་ངན་ལས་འདའ་བ་ལ་རབ་ཏུ་བཀོད་ལགས་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་གི་ཡུལ་སྟོངས་ པར་མཛད་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྡིག་ཅན་སེམས་ཅན་གང་དག་དགེ་བའི་ཆོས་རྣམས་ལ་མངོན་པར་མི་བརྩོན་པ་དང་། གང་དག་དེ་བཞིན་གཤེགས་པའི་ཡུལ་ལ་དད་པར་མི་བྱེད་པ་དེ་དག་ཁྱོད་ཀྱི་ གྲོགས་ཡིན་ལ། ཁྱོད་ཀྱང་དེ་དག་གི་གྲོགས་ཡིན་པས་སྡིག་ཅན་ཁྱོད་ཀྱི་གྲོགས་མང་དུ་ཡོད་ཀྱིས། སྡིག་ཅན་ངུ་བར་མ་བྱེད་སྨྲེ་སྔགས་མ་འདོན་ཅིག །
BOདེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཕྱག་གིས་སེན་མོའི་རྩེ་མོས་ས་གཞི་ཆེན་པོ་ལས་སའི་རྡུལ་ཞིག་བླངས་ནས་བདུད་སྡིག་ཅན་ལ་བཀའ་སྩལ་པ། སྡིག་ཅན་འདི་ཇི་སྙམ་དུ་སེམས། ཅི་སེན་མོའི་རྩེ་མོ་ལ་རྟེན་པ་དང་ས་གཞི་ཆེན་པོ་ལ་རྟེན་པའི་རྡུལ་གང་ཡིན་པ་དེ་གཉིས་གང་མང་སྙམ་སེམས། དེ་སྐད་ཅེས་བཀའ་སྩལ་པ་དང་། ། བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱིས་འདི་སྐད་གསོལ་ཏོ། ། བཅོམ་ལྡན་ འདས་བཅོམ་ལྡན་འདས་ཀྱིས་ཕྱག་གི་སེན་མོའི་རྩེ་མོ་ལ་མཆིས་པའི་དོག་སའི་རྡུལ་ནི་ཉུང་གི་ས་གཞི་ཆེན་པོ་ལ་མཆིས་པ་ནི་ཤིན་ཏུ་མང་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྡིག་ཅན་འདི་ལྟ་སྟེ་དཔེར་ན་ངའི་སེན་མོའི་ རྩེ་མོ་ལ་འདུག་པའི་རྡུལ་བས་ཀྱང་ཆེས་ཉུང་བའི་སེམས་ཅན་དག་ངས་ཉོན་མོངས་པ་ཟད་པར་བྱས་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་བླ་ན་མེད་པ་ལ་སོ་སོར་བཀོད་ཀྱི། སྡིག་ཅན་འདི་ལྟ་སྟེ་དཔེར་ན་ས་གཞི་ཆེན་པོ་ལ་རྟེན་པའི་རྡུལ་བས་ཀྱང་ཆེས་མང་བའི་སེམས་ཅན་རྣམས་ནི་ཁྱོད་ཀྱི་ཡུལ་དུ་སོང་བས་ན་སེམས་ ཅན་གྱི་ཁམས་དཔག་ཏུ་མེད་པར་ཡོད་ཀྱིས་སྡིག་ཅན་ཁྱོད་དགའ་བར་གྱིས་ཤིག །
BOསྡིག་ཅན་དེ་ལྟ་མོད་ཀྱི་སེམས་ཅན་རྣམས་ནི་བདག་ཉིད་ཀྱིས་བདག་ཉིད་ཇི་ལྟར་རིང་བར་འགྱུར་བ་དེ་ལྟར་བྱེད་པས་ན་དེ་རྣམས་ལ་ཁྱོད་ཀྱིས་ཀྱང་ཅི་ཞིག་བྱར་ཡོད། སྡིག་ཅན་དེ་ལྟར་ན་སེམས་ཅན་གྱི་ཁམས་དཔག་ཏུ་ མེད་པར་ཡོད་ཀྱིས་དེ་དག་ལ་བྱ་བ་གང་ཡོད་པ་དེ་གྱིས་ཤིག ། དེ་བཞིན་གཤེགས་པ་ནི་དོ་མོད་ནམ་གྱི་ཐུན་ཐ་མ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ། ། དེ་བས་ཀྱང་ཤིན་ཏུ་ཚད་མེད་པ་དག་ཡོད་པར་བལྟའོ། ། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཇིག་རྟེན་གྱི་ཁམས་དང་། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་དག་མཐོང་ངམ། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཀོད་པ་དང་། ཉན་ཐོས་རྣམས་ཀྱི་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་དག་མཐོང་ངམ། ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བདེ་བར་གཤེགས་པ་དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་ པས་ནི་དེ་བས་ཀྱང་ཕྱིར་ཞིང་ལྷག་པ་དང་།
BOཤིན་ཏུ་ཚད་མེད་པ་དག་ཀྱང་རབ་ཏུ་མཁྱེན་ཏེ། དགེ་སློང་དག་ངས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཕུན་སུམ་ཚོགས་པ་དེ་ལྟ་བུ་དག་མཐོང་བ་ནི་ངས་བསྐལ་ པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་འམ། བསྐལ་པ་བྱེ་བའམ། བསྐལ་པ་ཁྲག་ཁྲིག་གམ། དེ་བས་ཀྱང་ལྷག་པ་དེ་སྙེད་དུ་དཔེས་རབ་ཏུ་ཕྱེ་སྟེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བརྗོད་ཀྱང་མཐར་ཐུག་པར་འགྱུར་བ་མེད་དོ། ། དགེ་སློང་དག་ ངས་ཁྱེད་ཅག་ཉན་ཐོས་རྣམས་ལ་སྟོན་པའི་བྱ་བ་གང་ཡིན་པ་དེ་ཡང་བྱས་ཏེ་ངས་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མ་བྱས་པར་ཕྱི་ནང་མེད་པར་རྣམ་པ་ཐམས་ཅད་དུ་ཐམས་ཅད་བསྟན་ཟིན་ཏེ། དེ་ལས་ལྷག་པར་ཐོབ་པར་བྱ་བ་ནི་ཐ་ན་རྩྭའི་རྩེ་མོའི་ཆ་ཤས་ཙམ་ཡང་མེད་ཀྱིས་ད་ཁྱེད་ཅག་གིས་ནན་ ཏན་ལ་གནས་པར་བྱའོ། ། ངས་ཁྱེད་ཅག་ལ་མྱ་ངན་ལས་འདའ་བའི་ཆོས་ཀྱང་བསྟན། མྱ་ངན་ལས་འདའ་བར་འགྲོ་བའི་ལམ་ཡང་བསྟན། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཤིན་ཏུ་དཀའ་བདག་ཀྱང་ཡང་དག་པར་བསྐྱེད།
BOབླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ ཡང་དག་པར་བསྒྲུབས་ཟིན་གྱིས་དེ་བཞིན་དུ་ཐམས་ཅད་རྗེས་སུ་ཡོངས་སུ་ཟུང་ལ་ཅི་ནས་ཀྱང་ཉམས་པར་མི་འགྱུར་བ་དེ་ལྟར་གྱིས་ཤིག ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་ པར་འདུ་མཛད་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་ཆོས་བསྟན་པ་དེ་དག་སངས་རྒྱས་ཀྱི་ཞིང་འདི་ན་གནས་པའི་སེམས་ཅན་རྣམས་ཀྱིས་ཐོས་པར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་དག་བསྟན་པའི་ཆོས་དེ་དག་སྟོན་ཅིང་ ཆོས་དེ་དག་ཀུན་ཏུ་ཤེས་པར་གྱུར་པའི་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་ནི་ཐེག་པ་གསུམ་ལ་རབ་ཏུ་བཀོད་པར་གྱུར་ཏོ། ། བྱེ་བ་འབུམ་ཕྲག་བཅུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་པར་གྱུར་ཏོ། ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་ནི་རང་བྱང་ཆུབ་ལ་རབ་ཏུ་བཀོད་པར་ གྱུར་ཏོ། ། སེམས་ཅན་དེ་བས་ལྷག་པ་རྣམས་ནི་ཟག་པ་ཟད་པ་ལ་གནས་པར་གྱུར་ཏོ། །
BOདེ་ལྟར་ཆོས་བསྟན་པ་འདིས་སེམས་ཅན་ཁྲག་ཁྲིག་ཕྲག་ཚད་མེད་དཔག་ཏུ་མེད། བགྲང་དུ་མེད། གཞལ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་དོན་བྱས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ནི་ང་ཡོངས་སུ་མྱ་ངན་ལས་འདའ་ཡིས་ཁྱེད་ཀྱིས་ཅི་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་ཀུན་ཏུ་བསྲུང་བ་ལ་ནན་ཏན་གྱིས་ཤིག ། དགེ་སློང་དག་ཁྱེད་ཀྱིས་བདག་ལ་ཕན་པ་དང་། གཞན་ལ་ཕན་པའི་ཕྱིར་ དེ་ལྟར་བསླབ་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་ པ་ཁྱེའུ་བཞིའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ། །