BO༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་བཛྲ་མེ་རུ་ཤི་ཁར་ཀཱུ་ཊ་གཱ་ར་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། སངས་ རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་ལྷུན་པོ་ཆེན་པོའི་རྩེ་མོའི་ཁང་པ་ བརྩེགས་པ་རྡོ་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སའི་གནས། རྡོ་རྗེ་ཆེན་པོའི་དཔག་བསམ་གྱི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། རྡོ་རྗེ་ཆེན་པོའི་རྫིང་གི་རིན་པོ་ཆེའི་པདྨའི་འོད་ཀྱིས་སྣང་བར་ བྱས་པ། ས་ཕྱོགས་རྡོ་རྗེ་ཆེན་པོའི་བྱེ་མ་བདལ་བ། རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ། ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེ་ཆེན་པོའི་སེང་གེའི་ ཁྲི་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྟོང་གིས་རྣམ་པར་མཛེས་པ། ཆོས་བསྟན་པ་དང་ཆོ་འཕྲུལ་ཅན། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། ཆོས་ཐམས་ཅད་ ཀྱི་མཉམ་པ་ཉིད་ལ་འཇུག་པ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ངེས་པར་འབྱུང་བ་ན།
BOབྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ཕྱིར་མི་ལྡོག་པ། མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཞིང་དུ་རྣམ་པར་འཕྲུལ་པ། ཆོ་འཕྲུལ་ཆེན་པོ་ཀུན་དུ་སྟོན་པ། སེམས་ཀྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་སེམས་ཅན་ཐམས་ཅད་ཀྱི་ སེམས་དང་། སྤྱོད་པའི་རྗེས་སུ་འཇུག་པའི་ཆོས་བསྟན་པ་སྣ་ཚོགས་མཉམ་པ་ཉིད་སྙན་ཅིང་རྒྱ་ཆེ་ལ་ཟབ་པ་དང་། སྤོབས་པ་དང་། ཆོ་འཕྲུལ་དང་ལྡན་པ་སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པ་དང་། རྣམ་པར་ ཐར་པའི་སྒོ་དང་། གཟུངས་དང་། ཏིང་ངེ་འཛིན་དང་དབང་དང་། མངོན་པར་ཤེས་པ་དང་མ་འདྲེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་ས་བཅུ་དང་། ཕ་རོལ་དུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། བསྡུ་བའི་དངོས་པོ་དང་། བྱམས་པ་དང་ སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་དང་། བྱམས་པའི་སྟོབས་དང་དབེན་པ་དང་། ཡོངས་སུ་བྱང་བའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ།
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་དང་། རྡོ་རྗེ་མིག་དང་རྡོ་རྗེའི་ལུས་ དང་། རྡོ་རྗེའི་བློ་གྲོས་དང་ལག་ན་རྡོ་རྗེ་དང་། རྡོ་རྗེ་འདུས་པ་དང་རྡོ་རྗེས་ཐུ་བོ་ཆེ་དང་། རྡོ་རྗེ་རྣམ་པར་འཕྲུལ་པ་དང་། རྡོ་རྗེ་བརྩེགས་པ་དང་རྡོ་རྗེའི་ཕུང་པོ་དང་། རྡོ་རྗེའི་ང་རོ་དང་རྡོ་རྗེ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ཏོག་ཅེས་ བྱ་བ་དང་། དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དང་། ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། སྲིད་པར་ཀུན་དུ་སྦྱོར་བ་ཆད་པ། ཡང་དག་པའི་ཤེས་པས་ སེམས་ཤིན་ཏུ་རྣམ་པར་གྲོལ་བ། རྫུ་འཕྲུལ་གྱི་སྟོབས་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་རྣམ་པར་འཕྲུལ་པའི་མཐུ་ཆེན་པོ་ཐོབ་པ། ལྟ་བ་ཆགས་པ་མེད་པ། ཐམས་ཅད་ཀྱང་དྲི་མ་དང་བྲལ་བ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱིས་བོན་ངེས་པར་སྲེག་པ་ཤ་ སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀ་པི་ན་དང་། ཚེ་དང་ལྡན་པ་རབ་འབྱོར་དང་།
BOཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་སྐུལ་བྱེད་དང་། ཚེ་དང་ལྡན་པ་དགའ་བྱེད་དང་། ཚེ་དང་ལྡན་ པ་ག་ཡཱ་འོད་སྲུང་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། དེ་དག་ལ་སོགས་པ་ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་གྲངས་མེད་དཔག་ཏུ་མེད་གཞལ་དུ་མེད་པ་དག་ དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་ཚངས་པ་བཟང་པོ་ལ་སོགས་པ་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་བུ་རབ་འཐབ་བྲལ་གཡོག་འཐབ་བྲལ་གྱི་ལྷའི་རིས་ཀྱི་ལྷའི་བུ་དང་བཅས་པ་དང་། ཡོངས་སུ་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་ དབང་བྱེད་དང་། ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་ཐམས་ཅད་ཀྱི་འཁོར་ཅན་དང་། ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་དང་། སྟོབས་ཅན་དང་། རབ་སིམ་དང་། སྒྲ་གཅན་དང་རྣམ་པར་སྣང་བྱེད་དང་། དེ་དག་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་ཚད་མེད། གྲངས་མེད་ དཔག་ཏུ་མེད་པ་རྣམས་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། མ་དྲོས་པ་དང་། འཇོག་པོ་དང་། ནོར་རྒྱས་ཀྱི་བུ་དང་། དུང་སྐྱོང་དང་། སྟོབས་ཀྱི་རྒྱུ་དང་།
BOཔདྨ་དང་། པདྨ་ཆེན་པོ་དང་། མཐའ་ཡས་དང་། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་ དག་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པ་མིའམ་ཅིའི་རྒྱལ་པོའི་གཡོག་དུ་མ་ཅན་དང་། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་དྲི་ཟའི་རྒྱལ་པོའི་གཡོག་དུ་མ་ཅན་དང་། རིག་སྔགས་འཆང་གི་རྒྱལ་པོ་དོན་ཐམས་ཅད་གྲུབ་པ་རིག་སྔགས་འཆང་གི་རྒྱལ་པོའི་གཡོག་དུ་ མ་ཅན་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ནམ་མཁའ་ལྡིང་གི་རྒྱལ་པོའི་གཡོག་དུ་མ་ཅན་དང་། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། ནོར་བུ་བཟང་དང་གང་བ་བཟང་དང་། གནོད་སྦྱིན་གྱི་རྒྱལ་པོ་ལྔས་རྩེན་གནོད་སྦྱིན་གྱི་རྒྱལ་པོ་གཡོག་དུ་མ་ཅན་དང་། འཕྲོག་མ་བུ་ལྔ་བརྒྱའི་གཡོག་ཅན་དང་། འཇིག་རྟེན་གྱི་མ་བདུན་དང་། སྲིང་མོ་བདུན་དང་། དྲང་སྲོང་ཆེན་པོ་བདུན་དང་། བར་སྣང་ལ་རྒྱུ་བའི་རྒྱུ་སྐར་དང་། གཟའི་ལྷ་ཐམས་ཅད་དང་། ཕྱོགས་ཀྱི་ལྷ་རྣམས་དང་། ཕྱོགས་མཚམས་ཀྱི་ལྷ་རྣམས་དང་། སའི་ལྷ་དང་དབྱངས་ ཅན་དང་། འབྱུང་པོ་རྣམས་དང་། བགེགས་རྣམས་དང་། ལོག་འདྲེན་རྣམས་དང་། {ཡི་དགས་,ཡི་དྭགས་}རྣམས་དང་། འབྱུང་པོ་རྫུ་འཕྲུལ་ཆེན་པོ་རྣམས་དང་།
BOརིའི་རྒྱལ་པོ་ཐམས་ཅད་དང་། འཇིག་རྟེན་སྐྱོང་བ་ཆུ་ལྷ་གཡོག་རྒྱ་མཚོའི་ལྷ་ཐམས་ཅད་དང་བཅས་པ་དང་། འཕགས་ སྐྱེས་པོ་དང་། མིག་མི་བཟང་དང་། ལག་ན་བེ་ཅོན་དང་། བདེན་བྲལ་དང་། མེའི་ལྷ་དང་། རླུང་གི་ལྷ་ཆེན་པོ་བདུན་དང་། དབང་བདག་ཆུང་མ་དང་བཅས་པའི་ཚོགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་འཁོར་ཅན་དང་། སྲིད་མེད་ཀྱི་བུ་གཡོག་དང་བཅས་པ་དང་། བྱིན་པ་ པོ་དང་། ཕྲེང་བ་ཅན་དང་། ལྕགས་ཅན་དང་། ཚོགས་ཀྱི་བདག་པོ་ཆེན་པོ་དང་། སྤྲིན་ཏ་ལ་ལ་དང་། ལོག་འདྲེན་གྱི་དབང་པོ་བགེགས་ལོག་འདྲེན་གྱི་གཡོག་དུ་མ་ཅན་དང་། ཤིང་གསེབ་ཀྱི་ལྷ་དྲུག་ཅུ་དང་། སྲིང་མོ་བཞི་མིང་པོ་དང་བཅས་པ་དང་། མ་བདུན་དང་རྡོ་རྗེ་ལྕགས་ ཀྱུ་ཅན་དང་། རྡོ་རྗེ་ལུ་གུ་རྒྱུད་དང་། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་དང་། རྡོ་རྗེའི་སྡེ་དང་། ལག་{བཟངས་,བཟང་}དང་། གཙུག་གིས་འགྲོ་དང་། རྡོ་རྗེའི་རིགས་ཀྱི་འཁོར་དུ་མ་དང་བཅས་པ་དང་། དེ་མ་ཡིན་པ་གཞན་ཡང་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དད་ པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་།
BOའབྱུང་པོ་དང་། {ཡི་དགས་,ཡི་དྭགས་}དང་། ཤ་ཟ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། སྒྲུབ་པ་དང་། སྦྲུལ་འཛིན་བཅས་དང་གནོན་པོ་ཚད་མེད་ དཔག་ཏུ་མེད་གྲངས་མེད་པ་རྣམས་དང་། ལྷའི་བུ་ཉི་མ་དང་། ལྷའི་བུ་ཟླ་བ་དང་། དུས་ཚིགས་ཀྱི་ལྷ་དང་། ནུབ་ཀའི་ལྷ་དང་། དུས་ཀྱི་ལྷ་ཐམས་ཅད་དང་། གནམ་སའི་ལྷ་རྣམས་དང་ཡང་ཐབས་ཅིག་གོ། ། དེ་ལྟར་ཡང་བཅོམ་ལྡན་འདས་དེ་ཆོས་ཀྱི་འཁོར་ལོ་ནི་ཤིན་ཏུ་བསྐོར་སངས་ རྒྱས་ཀྱི་མཛད་པ་ནི་ཤིན་ཏུ་ཡོངས་སུ་མཐར་ཕྱིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཤིན་ཏུ་ཡོངས་སུ་རྫོགས་ཐམས་ཅད་མཁྱེན་པ་ཉིད་དང་། བྱང་ཆུབ་ཆེན་པོ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ས་བརྙེས་པས་ནི་ཤིན་ཏུ་ཡོངས་སུ་བཟུང་སྐྱེས་བུ་ཆེན་པོའི་མཚན་འབར་བ་སུམ་ཅུ་ རྩ་གཉིས་ཀྱིས་ནི་སྐུ་བརྒྱན། དཔེ་བྱད་བཟང་པོ་བརྒྱད་ཅུས་ནི་ཡན་ལག་དང་། ཉིང་ལག་ཐམས་ཅད་རྣམ་པར་སྤྲས། སྤྱི་གཙུག་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟར་མི་མཐོང་། བདུད་ཀྱི་ཚེར་མ་ཐམས་ཅད་ནི་དཀྲུགས། དེ་ཁོ་ན་ཉིད་མཁྱེན་པ་ཉིད་ནི་རིམ་པར་ཐུགས་སུ་ཆུད། སྤྱན་རྣམ་པ་ལྔ་ནི་མངའ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ནི་ལྡན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན།
BOསངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་ལྡན། བདུད་དང་ཕས་ཀྱིས་རྒོལ་བ་དང་། ངན་པའི་ཚོགས་ཅན་གྱི་ཚོགས་ཐམས་ཅད་ནི་བཅོམ། བརྗོད་པའི་སྒྲ་དང་། ཚིགས་སུ་བཅད་པ་ནི་འཕགས། ཁྱུ་མཆོག་དང་སེང་གེའི་སྒྲ་ནི་སྒྲོགས། མ་རིག་པའི་མུན་པ་ནི་ཀུན་ཏུ་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་དཔག་ཏུ་མེད་པར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དཀའ་བ་སྤྱད་པས་མངོན་པར་གྲུབ་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་བརྒྱན་པས་ནི་མཛེས་ཤིང་རིན་པོ་ཆེ་རྡོ་རྗེའི་པདྨའི་ སྙིང་པོའི་སེང་གེའི་ཁྲི་ལ་ནི་བཞུགས་ཏེ། གདན་རིན་པོ་ཆེ་དང་། རྡོ་རྗེའི་པདྨའི་སེང་གེའི་ཁྲི་རི་རབ་ཙམ་རྡོ་རྗེ་དང་། རིན་པོ་ཆེ་དང་། མུ་ཏིག་དང་ལྡན་པའི་དྲིལ་བུ་གཡེར་ཀའི་དྲ་བ་དུ་མ་སིལ་སིལ་སྒྲ་འབྱུང་བ། རྡོ་རྗེ་དང་རིན་པོ་ཆེ་དུ་མའི་སྟེགས་བུ་ལ་རྩ་བ་ལེགས་པར་བརྟན་པ།
BOརྡོ་རྗེ་དང་རིན་པོ་ཆེ་དུ་མའི་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མུ་ཏིག་དམར་པོའི་ཕྲེང་བ་དང་ལྡན་པའི་སྣམ་རྟེན་དང་བཅས་པ། རིན་པོ་ཆེ་དུ་མའི་པདྨའི་སྙིང་པོ་ལ་ཆགས་པའི་རིན་པོ་ཆེ་ཀེ་ཀེ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། ཨནྡ་རྙིལ་དང་། མཐོ་ནག་ཆེན་པོ་དང་། དུན་ལས་ དུ་མའི་འོད་ཟེར་འབར་བས་སྣང་བར་གྱུར་པས་ཀུན་དུ་མཛེས་པ། རིན་པོ་ཆེ་དང་། རྡོ་རྗེའི་ཐུར་མས་བརྒྱན་པའི་གདུགས་ཡུ་བས་བསྟོད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གྲིབ་མར་བསྒྲིབས་ཤིང་བསྐྱབས་པ། དཔག་བསམ་གྱི་ཤིང་དུ་མས་མཛེས་པར་བྱས་པ་རྒྱ་ཆེ་བ་ལ་བཞུགས་ཏེ། གསེར་གྱི་རི་བོ་ལྟར་དཔལ་གྱིས་འབར་བ། ཉི་མ་སྟོང་བས་ལྷག་པའི་འོད་ཀྱི་དཀྱིལ་འཁོར་འབྱོར་བས་ས་ཕྱོགས་མཛེས་པར་གྱུར་པ། ཟླ་བ་ཉ་བ་ལྟར་འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བ། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ཡང་དག་ པར་རྒྱས་པར་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་དཀར་བ་ཡང་དག་པར་སྟོན་ཏོ། །
BOདེ་ནས་བཅོམ་ལྡན་འདས་ཀྱི་སྤྱི་གཙུག་གི་མཚམས་ཀྱི་མཛོད་སྤུ་ ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་དུ་སྟོན་པ་ཞེས་བྱ་བའི་འོད་ཟེར་གྱི་དྲ་བ་ཆེན་པོ་བྱུང་སྟེ། འོད་ཟེར་གྱི་དྲ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་གསལ་བར་བྱས་པར་གྱུར་ཏོ། ། གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དང་མཉམ་པའི་སངས་རྒྱས་ ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་སྣང་བ་དེས་གསལ་བར་སྣང་བར་གྱུར་ཏོ། ། སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ཀྱང་སེང་གེའི་ཁྲི་དུ་མ་བཀོད་པའི་ཁང་པ་བརྩེགས་པའི་གཞལ་མེད་ཁང་རྣམས་ན་ཆོས་སྟོན་ཏོ། ། ཉན་ཐོས་ཆེན་ པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་ཐབས་ཅིག་གོ། ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་ དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་ཡང་ཐབས་ཅིག་གོ། ། དེ་དག་ཐམས་ཅད་ཀྱང་རྡོ་རྗེ་ལྷུན་པོ་ཆེན་པོའི་རྩེ་མོ་ཁང་པ་བརྩེགས་པའི་གཟུངས་ཡང་དག་པར་རབ་ཏུ་སྟོན་ཏོ། །
BOདེ་དག་ཐམས་ཅད་ཀྱང་ཀུན་ཏུ་སྣང་ངོ་། ། སྐད་ཅིག་དེ་ལ་སེམས་ཅན་དེ་དག་ཐམས་ཅད་བདེ་བ་ཐམས་ཅད་ ཀྱིས་ཚིམ་པར་གྱུར་ཏོ། ། འོན་པ་རྣམས་ནི་སྒྲ་ཐོས་སོ། ། ལོང་བ་རྣམས་ནི་མིག་ཐོབ་པོ། ། སྨྱོན་པ་རྣམས་ནི་དྲན་པ་རྙེད་དོ། ། ནད་པ་རྣམས་ནི་སོས་པར་གྱུར་ཏོ། ། སྦྲུམ་མ་རྣམས་ནི་བདེ་བར་བཙས་སོ། ། སེམས་ཅན་དམྱལ་བ་ཐམས་ཅད་ཀྱི་སྡུག་བསྔལ་རྣམས་ནི་མེད་ པར་གྱུར་ཏོ། ། ཡུད་ཙམ་དེ་ལ་དུད་འགྲོའི་སྐྱེ་གནས་དང་། {ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་ཀྱི་མིང་ཡང་མི་གྲགས་པར་གྱུར་ཏོ། ། འཇིག་རྟེན་གྱི་བར་གང་དག་མུན་པ་མུན་ནག་དང་། མུན་པ་མུན་ནག་ཆེན་པོར་འདུག་པ་དེ་དག་ཐམས་ཅད་ཀྱང་ གསལ་བར་སྣང་བར་གྱུར་ཏོ། ། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་ཐམས་ཅད་དང་། སེམས་ཅན་གཞན་འདིར་སྐྱེས་པ་རྣམས་ཀྱང་གཅིག་གིས་གཅིག་ཤེས་སོ། ། དེ་ནས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་དགའ་བ་ཐོབ་སྟེ། བདེ་བ་མཆོག་ གིས་ཚིམ་པར་གྱུར་ནས་ཀུན་དུ་བལྟས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་སྟེ།
BOདེ་དག་གིས་གསེར་གྱི་མཆོད་སྡོང་ལྟར་དཔལ་གྱིས་འབར་ཞིང་རང་གི་གཟི་བརྗིད་ཀྱིས་མངོན་པར་འཕགས་པ་དེ་མཐོང་ནས་དེ་ཉིད་ལ་སྐྱབས་སུ་དོང་ངོ་། ། སྐྱབས་སུ་དོང་མ་ཐག་ཏུ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ་བདག་སོན་པ་སྙམ་དུ་ཤེས་སོ། ། སྣང་བ་དེས་བདུད་ཀྱི་ཁྱིམ་ཐམས་ཅད་ཀུན་དུ་འབར་རབ་ཏུ་འབར་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་བར་ཀུན་དུ་སྣང་ངོ་། ། བདུད་ཀྱི་རིས་ཀྱི་ལྷ་དེ་དག་ཀྱང་སྐད་ཅིག་དེ་ལ་ཉམ་ཐག་པའི་སྒྲར་ངུ་ཞིང་སྐྲག་ནས་བྱེར་རོ། ། བདུད་སྡིག་ཅན་ཡང་བཞིན་བཟང་པོ་རྙི་རྙི་པོར་གྱུར་ཅིང་ལུས་རྔུལ་ནས་བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་བདུད་ཀྱི་ཁྱིམ་ཐམས་ཅད་ཀུན་དུ་ འབར། རབ་ཏུ་འབར་ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པ་དང་། དགེ་སྦྱོང་གཽ་ཏ་མ་རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་པ་ན་ཆོས་སྟོན་པ་འདི་ལ་ལྟོས། དེས་བདག་ཅག་ཕུང་ངོ་། ། ཐོ་བཙམས་སོ། ། ཕྱོགས་གང་དུ་གནས་གཏོལ་མེད་དོ། ། ལོངས་ལ་དགེ་སྦྱོང་ གཽ་ཏ་མ་དེའི་གན་དུ་སོང་སྟེ་བདུད་ཀྱི་ཡུལ་འདི་ཐལ་བར་མ་གྱུར་གྱི་བར་དུ་གཞོམ་མོ། །
BOདེ་སྐད་ཅེས་སྨྲས་པ་དང་། བདུད་ཀྱི་རིས་ཀྱི་ལྷའི་བུ་དེ་དག་ཐམས་ཅད་ཀྱིས་རྗེ་བཀའ་བཞིན་འཚལ་ཞེས་སྨྲས་ནས། རང་རང་གི་གནས་སུ་དོང་སྟེ། ལག་ན་མཚོན་ཆ་སྣ་ཚོགས་ཅན་གོ་ཆ་སྣ་ ཚོགས་བགོས་པ། ཆ་བྱད་དང་རྒྱན་སྣ་ཚོགས་ཅན་མཆེ་བ་མི་བཟད་པར་འཇིགས་སུ་རུང་བ་བཞིན་མི་སྡུག་པར་བསྒྱུར་བ་མིག་དང་བཞིན་དང་སྐྲ་ཀུན་དུ་འབར་ཞིང་རབ་ཏུ་འབར་བ་དག་སྐད་ཅིག་དེ་ཉིད་ལ་གཅིག་ཏུ་འདུས་ནས་བདུད་སྡིག་ཅན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བདུད་སྡིག་ཅན་ ལ་འདི་སྐད་ཅེས་སྨྲས་སོ། ། བཞེངས་བཞེངས་ཐོག་མར་བཞུད་ལ་ཇི་ཙམ་དུ་དགེ་སྦྱོང་གཽ་ཏ་མ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དེ་ཅི་ནས་ཀྱང་ཕྱིས་བདག་ཅག་གི་ཡུལ་དུ་གནོད་པ་ཅུང་ཟད་ཀྱང་མི་བསྐྱེད་པ་དང་། བདག་ཅག་གི་ཡུལ་གནོད་པར་མི་ འགྱུར་བ་དེང་ཉིད་དུ་ཕྱེ་མར་བརླག་གོ། ། རྣམ་པར་གཞོམ་མོ། ། དེ་ནས་བདུད་སྡིག་ཅན་དགའ་ཞིང་མགུ་སྟེ།
BOཤིན་ཏུ་དགའ་བས་སྤུའི་ཁུང་བུ་ཁྱབ་ནས་སྐད་ཅིག་དེ་ཉིད་ལ་བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་དང་ལྷན་ཅིག་ཏུ་བདུད་ཀྱི་རྣམ་པར་འཕྲུལ་བ་ཆེན་པོ་དང་བདུད་ཀྱི་སྡེ་ ཆེན་པོས་བར་སྣང་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ཁྱབ་པར་བྱས་ཏེ་དུང་དང་རྔ་དང་། རྫ་རྔ་དང་། འཁར་རྔ་དང་། རྒྱུད་གཅིག་པ་དང་། ལྕགས་ཀྱི་སིལ་དཀྲོལ་དང་། རྔ་བོ་ཆེ་བརྡུང་ཞིང་ཧུ་ཧུ་ཞེས་བྱ་བ་དང་། པི་ཙི་ཞེས་བྱ་བ་དང་། ཟུང་ཤིག་ཟུང་ཤིག ། སོད་ཅིག་ སོད་ཅིག་ཅེས་བྱ་བའི་སྒྲ་འབྱིན་ཅིང་གཤོལ་དང་། གཏུན་ཤིང་དང་། གཏུན་རྐེད་ཉག་དང་། ཕུར་བུ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདའ་བོ་ཆེ་དང་། མདུང་ཐུང་དང་། རྩེ་གསུམ་པ་དང་། རལ་གྲི་དང་། འཁོར་ལོ་དང་། གཞུ་དང་མདའ་ལ་སོགས་པའི་མཚོན་ཆ་ལག་ན་ ཐོགས་ཤིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་སྐད་ཅིག་དེ་ཉིད་ལ་ཨ་ལ་ལ་ཞེས་བྱ་བའི་སྒྲ་ཕྱུང་ནས་བཅོམ་ལྡན་འདས་ལ་མཚོན་ཆ་ཐམས་ཅད་ཀྱི་ཆར་ཕབ་པ་དང་། སངས་རྒྱས་ཀྱི་མཐུས་མཚོན་ཆ་དེ་དག་ཐམས་ཅད་མེ་ཏོག་གི་གདུགས་ཀྱི་སྤྲིན་ཆེན་པོར་གྱུར་པར་སྣང་ངོ་། ། བདུད་ཀྱི་སྒྲ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་།
BOདགེ་འདུན་གྱི་སྒྲ་དང་། ཡང་དག་པར་བགྲོ་བའི་སྒྲ་རྣམས་སུ་གྲག་གོ། ། བདུད་སྡིག་ཅན་ནི་ཞགས་པ་ལྔའི་བཅིངས་བས་བདག་ཉིད་བཅིངས་པར་མཐོང་ངོ་། ། དེ་ནས་བདུད་ཀྱི་རིས་ཀྱི་ ལྷའི་བུ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ངོ་མཚར་ཆེན་པོ་དེ་མཐོང་ནས་ངོ་མཚར་དུ་གྱུར་ཅིང་དགའ་བ་ཐོབ་སྟེ་བཅོམ་ལྡན་འདས་དེ་ཉིད་ལ་སྐྱབས་སུ་དོང་ངོ་། ། བདུད་སྡིག་ཅན་ནི་བདག་ཉིད་དགྲོལ་བར་འདོད་ན་འགྲོལ་མ་ནུས་ཏེ། དེ་བཞིན་ གཤེགས་པའི་འཁོར་གྱི་ཁྱམས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཤིང་རྩ་བ་ནས་བཅད་པ་བཞིན་དུ་རྡོ་རྗེའི་འཁོར་གྱི་ཁྱམས་ཆེན་པོར་འགྱེལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བྱམས་པ་ཆེན་པོའི་ཐུགས་དང་ཐུགས་རྗེ་ཆེན་པོས་བརླན་པའི་སྤྱན་གྱིས་དེ་བཞིན་གཤེགས་ པའི་འཁོར་གྱི་ཁྱམས་ཐམས་ཅད་དུ་གཟིགས་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བདུད་སྡིག་ཅན་འཁོར་གྱི་ཁྱམས་འདི་ནས་སློང་ལ་སྟན་ལ་ཞོག་སྟེ།
BOརྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་ འཛིན་གྱི་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བ་གང་གིས། བདུད་ཀྱི་རིས་ཀྱི་ལྷའི་བུ་འདི་དག་དང་། བདུད་སྡིག་ཅན་འདི་སངས་རྒྱས་ལ་སྐྱབས་སུ་འདོང་བ་དང་། གཞན་ཡང་གང་དག་སྡང་ བ་བགེགས་དང་། ལོག་འདྲེན་དང་། {ཡི་དགས་,ཡི་དྭགས་}དང་། བརྗེད་བྱེད་དང་། འབྱུང་པོ་དང་། གདོན་དང་། མཁའ་འགྲོ་མ་དང་། སྒྲུབ་པ་དང་། སྦྲུལ་འཛིན་བཅས་དང་། གནོན་པོ་དང་། ཟས་སུ་བཙས་པ་ཟ་བ་ལ་སོགས་པ་སྡང་བའི་སེམས་དང་ལྡན་པ། རབ་ཏུ་སྡང་བའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པའི་བསྟན་པ་ལ་མ་གུས་པ། དེ་བཞིན་གཤེགས་པའི་ཆོས་ཉིད་ཁོང་དུ་མ་ཆུད་པ། དེ་དག་ཐམས་ཅད་གང་གིས་འཛུད་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱེད་པ་ཡང་སྟོན་ཅིག ། དེ་ཅིའི་ཕྱིར་ཞེ་ན། དེས་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བའི་ཕྱིར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ཀྱི་བཀའ་མ་ཉན་ནས་རིན་པོ་ཆེའི་པདྨའི་རྡོ་རྗེའི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས།
BOཔུས་མོ་གཡས་ པའི་ལྷ་ང་རིན་པོ་ཆེའི་པདྨའི་སྙིང་པོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། སེམས་ཅན་ཀུན་གྱི་ཉོན་མོངས་པ། ། གཞིག་པའི་ སླད་དུ་འདྲེན་པ་བྱུང་། ། ཁྱོད་ནི་བདུད་རྣམས་ཀུན་ལས་རྒྱལ། ། འཇིག་རྟེན་རྩ་ལག་གཅིག་བུ་ཁྱོད། ། ཐར་པའི་གྲོང་ཁྱེར་འཇུག་པའི་ལམ། ། ཡེ་ཤེས་མ་ལུས་ཁྱོད་གཅིག་པུས། ། ཡང་དག་བརྙེས་ནས་ཐུགས་རྗེ་ཡིས། ། བརླན་པའི་ཐུགས་ཀྱིས་བསྟན་པ་མཛད། ། ཁྱོད་སྔོན་སྦྱིན་དང་ཚུལ་ཁྲིམས་དང་། ། བཟོད་དང་བརྩོན་འགྲུས་བསམ་གཏན་དང་། ། ཤེས་རབ་ལ་སོགས་ཡོན་ཏན་གྱིས། ། བདག་མཛད་སླད་ཀྱིས་སེམས་ཅན་བཙུད། ། ཁྱོད་ཀྱིས་ཆོས་རྣམས་སྐྱེ་མེད་པར། ། བཤད་ཅིང་དེ་བཞིན་རྣམ་ཕྱེ་ཡང་། ། འབྲས་བུར་ དོགས་པ་མ་མཆིས་པ། ། ཀྱེ་མ་མགོན་པོ་ཁྱོད་ཀྱིས་བཤད། ། འཁོར་ལོ་ཡན་ལག་བཅུ་གཉིས་པ། ། ཁྱོད་ཉིད་མཁྱེན་ནས་རབ་ཏུ་བསྐོར། ། མུ་སྟེགས་ཅན་དང་བདུད་བཏུལ་ཏེ། ། ཆོས་ཀྱི་སྣང་བ་གསལ་བར་མཛད། ། ཉོན་མོངས་བྲག་ཆེན་རྣམ་ཀུན་དུ། ། ཡེ་ཤེས་རྡོ་རྗེས་ རབ་བཅོམ་ནས། །
BOསུས་ཀྱང་ཐོབ་པར་མ་གྱུར་པའི། ། བྱང་ཆུབ་བླ་ན་མེད་པ་བརྙེས། ། གང་གི་མཚན་ཡང་རྫོགས་པ་ཡི། ། བྱང་ཆུབ་ས་བོན་ཉིད་འགྱུར་བ། ། ཁྱོད་ནི་འཇིག་རྟེན་མཆོག་གཅིག་པུ། ། དམ་པ་རབ་སྦྱིན་བདག་པོ་ལགས། ། ཁྱོད་ནི་མགོན་པོ་ཁྱོད་ནི་ཕ། ། ཁྱོད་སྐྱབས་ཁྱོད་ནི་དཔུང་གཉེན་ལགས། ། ཐུགས་རྗེ་ཆེན་པོ་ཡེ་ཤེས་ཉིད། ། མྱ་ངན་འདས་གནས་གཅིག་པུ་ཁྱོད། ། ཁྱོད་ཉིད་གཤེགས་ནས་སེམས་ཅན་རྣམས། ། སེམས་ཅན་དམྱལ་ལས་རྣམ་པར་གྲོལ། ། རང་གི་སྐུ་ཡང་ཡོངས་བཏང་ནས། ། ཁྱོད་ཀྱིས་སྲོག་ཆགས་ རྣམས་ཀྱང་བསྲུངས། ། ལུས་ཅན་ཀུན་གྱིས་མ་ཐོབ་པའི། ། ཡེ་ཤེས་ཁྱོད་ཀྱིས་བརྙེས་གྱུར་ནས། ། གྲོལ་ཏེ་འཇིག་རྟེན་རྣམས་ཀྱང་འགྲོལ། ། ཀྱེ་མ་ཁྱོད་ནི་རྩ་ལག་བཟང་། ། མགོན་པོ་ཁྱོད་ཀྱི་འོད་ཟེར་གྱི། ། དྲ་བས་འཇིག་རྟེན་ཁམས་རྣམས་ཁྱབ། ། མྱ་ངན་འདས་ལས་ ལྷག་པ་བདེ། ། ལུས་ཅན་ཀུན་གྱིས་ཐོབ་པར་མཛད། ། ཁྱོད་ཀྱི་འོད་ཀྱི་གཟིས་བཅོམ་པས། ། གཟའ་རྣམས་ཀུན་དང་དགུང་ཟླ་དང་། ། གདུགས་རྣམས་དང་ནི་ཞུགས་རྣམས་དང་། ། ནོར་བུ་ལྷ་མེར་མ་གྱུར་ཏོ། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཚུལ་དང་འདྲ་བའི་ ཚིགས་སུ་བཅད་པ་འདི་དག་གིས།
BOབཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས། ཡང་རིན་པོ་ཆེའི་པདྨའི་སྙིང་པོ་ལ་འདུག་སྟེ། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན། བདུད་ཀྱི་དཀྱིལ་འཁོར་ཐམས་ ཅད་འཇོམས་པར་བྱེད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བ་འདི་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་དེའི་ ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་ཏེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་ དམའ། མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ་བར་གྱུར་ཏོ། ། ཕྱོགས་ཐམས་ཅད་དང་ཕྱོགས་མཚམས་ཐམས་ཅད་ཀྱང་དགའ་བ་དང་། ཡིད་བདེ་བ་སྐྱེས་པར་གྱུར་ནས། ལྷམ་མེ། ལྷན་ནེ། ལྷང་ངེའོ། ། གསང་བ་པའི་བདག་ པོ་ལག་ན་རྡོ་རྗེའི་ཡན་ལག་དང་ཉིང་ལག་གི་མཚམས་ཐམས་ཅད་ནས་རྡོ་རྗེ་ཀུན་དུ་འབར་བ།
BOརབ་ཏུ་འབར་བ་ཀུན་དུ་རབ་ཏུ་མཆེད་ཅིང་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པ་དག་བྱུང་བར་ཀུན་དུ་སྣང་ངོ་རྡོ་རྗེ་འབར་བའི་སྣང་བ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་ དཔག་ཏུ་མེད་པ་ཇི་སྙེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། ཚངས་པར་སྤྱོད་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་ རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་སྟོན་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དེ་དག་འཁོར་གྱི་ཁྱམས་རྒྱ་ཆེ་ཞིང་རྒྱ་ཆེ་བ་དག་ཀུན་དུ་སྣང་ངོ་། ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ དེ་བཞིན་གཤེགས་པ་དེ་དག་གི་སྤྱན་སྔ་ན། རྡོ་རྗེ་འབར་བའི་སྣང་བ་རྒྱ་ཆེན་པོ་དེས་སྣང་བར་གྱུར་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་སོ་སོར་ཞུས་པ། བཅོམ་ལྡན་འདས་སྣང་བ་རྒྱ་ཆེན་པོ་ཀུན་དུ་གདའ་བ་འདི་སུའི་ལགས། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ སོ་སོའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
BOརིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་རི་རབ་ཀྱི་སྟེང་ན་ཆོས་སྟོན་ཏེ། བཅོམ་ལྡན་འདས་ངེས་བདུད་ སྡིག་ཅན་ཞགས་པའི་བཅིང་བ་ལྔས་བཅིངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྱེལ་བ་གཟིགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཞེས་བྱ་བ་ལ་འདི་སྐད་དུ། གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་ཀྱིས་རང་གི་རྫུ་འཕྲུལ་ གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་སྟོན་ཅིག་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་དག་འདི་ནི་རྡོ་རྗེས་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་རྡོ་རྗེའི་རྣམ་པར་འཕྲུལ་བ་ཆེན་པོའི་བྱིན་གྱིས་བརླབས་སོ། ། དེ་སྐད་ཅེས་བཀའ་སྩལ་ཏེ། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་གནང་ནས། རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས།
BOའཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་མཆོད་པའི་སྤྲིན་ དང་། གདུགས་ཀྱི་སྤྲིན་དང་། རྒྱན་ཕྲེང་གི་སྤྲིན་དང་། དབུ་རྒྱན་གྱི་སྤྲིན་དང་། མེ་ཏོག་གི་སྤྲིན་དང་། ན་བཟའི་སྤྲིན་ཆེན་པོས་མཆོད་པ་ཆེན་པོ་བྱས་ནས། ནམ་མཁའི་དཀྱིལ་ན་འཁོད་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་བདུན་བསྐོར་བ་བྱས་ཏེ། པུས་མོ་ གཡས་པའི་ལྷ་ང་རིན་པོ་ཆེའི་པདྨའི་རྡོ་རྗེའི་སྟན་ལ་བཙུགས་ནས། བཅོམ་ལྡན་འདས་ལ་ལོགས་སུ་བལྟ་ཞིང་། བཅོམ་ལྡན་འདས་ལ་ཕྱག་འཚལ་བ་དང་། དེ་བཞིན་གཤེགས་པས་གནང་ནས། རང་རང་གི་རིན་པོ་ཆེའི་པདྨའི་རྡོ་རྗེའི་སྟན་དེ་དག་ལ་འཁོད་པར་གྱུར་ཏོ། ། དེའི་ ཚེ་ཤར་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་རྡོ་རྗེའི་ཏོག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ཏེ།
BOའདི་ལྟར་རྡོ་རྗེའི་རི་རབ་ཆེན་པོའི་རྩེ་ མོའི་ཁང་པ་བརྩེགས་པའི་གཟུངས་འདི་ཉིད་ལ་བརྩམས་ཏེ་ཆོས་ཀྱང་སྟོན་ཏོ། ། རྡོ་རྗེ་འབར་བའི་སྣང་བ་དེས་ཀྱང་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་དེ་དག་ཐམས་ཅད་ཀུན་ནས་སྣང་བར་གྱུར་ཏོ། ། དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ སྙིང་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དེའི་འཁོར་གྱི་ཁྱམས་སུ་འདུས་ཏེ་འདུག་པར་གྱུར་པ་དེས་ངོ་མཚར་དེ་མཐོང་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་ཞེས་བྱ་བ་དེ་ལ་ཞུས་པ། བཅོམ་ལྡན་འདས་རྡོ་རྗེ་འབར་བའི་སྣང་བ་འདི་ལྟ་བུ་གང་གིས་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྣང་བར་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ཅིང་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། {ཡི་དགས་,ཡི་དྭགས་}དང་། གཤིན་རྗེའི་འཇིག་རྟེན་ གྱི་སྡུག་བསྔལ་ཐམས་ཅད་མི་གདའ་བར་གྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་།
BOལྟེ་འཕྱེ་ཆེན་པོ་ལ་སོགས་པ་འཇིག་རྟེན་ན་རྫུ་འཕྲུལ་ཆེ་ཞིང་དབང་ཆེ་བར་གྲགས་པ་ཐམས་ཅད་ཀྱང་ཀུན་ནས་མཆོད་པའི་ སྤྲིན་ཆེན་པོས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ནུབ་ཕྱོགས་སུ་མཆི་བར་གདའ་བ་འདི་སུ་ཡི་ལགས། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ སྙིང་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ནུབ་ཕྱོགས་ཀྱི་ལོགས་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་རྡོ་རྗེ་ཆེན་པོའི་རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་པ་ན་རྡོ་རྗེ་ཆེན་ པོའི་རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་ཏོ། ། བཅོམ་ལྡན་འདས་དེས་སྤྱི་གཙུག་གི་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་གྱི་དྲ་བ་ཆེན་པོ་ཕྱུང་སྟེ། འོད་ཟེར་གྱི་དྲ་བ་ཆེན་པོ་དེས་འཇིག་རྟེན་གྱི་ཁམས་དེར་བདུད་སྡིག་ཅན་བསྐུལ་མ་ཐག་ཏུ་ཀུན་ དུ་ཁྲོས་ནས་ལྷའི་བུ་ཐམས་ཅད་དང་། གཞན་ཡང་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་དང་།
BOདཔུང་གི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་ལ་གཙོ་བའི་ཕྱིར་ལྷགས་པ་དང་། དེ་ཡང་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པའི་རྡོ་རྗེའི་འཁོར་གྱི་ཁྱམས་དེ་ཉིད་དུ་ཞགས་པ་ ལྔའི་བཅིང་བས་བཅིངས་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྱེལ་ཏེ། དེ་ལ་ཐུགས་བརྩེ་བའི་ཕྱིར་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་སྟོན་ཅིག་པར་བཀའ་ལུང་བྱིན་ནས། གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་ དེས་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡན་ལག་དང་ཉིང་ལག་གི་མཚམས་ཐམས་ཅད་ནས་རྡོ་རྗེ་རྣམས་བསྟན་ཏེ། འདི་ནི་རྡོ་རྗེ་དེ་དག་ཉིད་ཀྱི་རྡོ་རྗེ་འབར་བའི་སྣང་བའོ། ། རིགས་ཀྱི་བུ་རྡོ་རྗེ་འབར་བའི་སྣང་བ་དེས་ཀྱང་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་རྣམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཇི་སྙེད་པ་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ཐམས་ཅད་ཀྱང་བསྐུལ།
BOབྱང་ ཆུབ་སེམས་དཔའ་དེ་དག་གི་འཁོར་གྱི་དཀྱིལ་འཁོར་དེ་དག་ཀྱང་བསྐུལ་བས་ངོ་མཚར་ཐོབ་པར་གྱུར་པ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་སོ་སོར་ཞུས་སོ་རིགས་ཀྱི་བུ་དེ་ཉིད་ཀྱི་མཐུས། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་སྤྱན་སྔ་ན་འདུག་ཅིང་བསྙེན་བཀུར་བྱེད་པ་ཡང་མཐོང་ངོ་། ། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་ འཇོམས་པ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་མི་མཇེད་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་ བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དེ་ཡང་བལྟ་བར་བགྱི་བའི་སླད་དུ་མཆིའོ། ། དེ་སྐད་ཅེས་གསོལ་བ་དང་།
BOདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་བཅོམ་ལྡན་འདས་དེས་གནང་ནས། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་དེ་ལ་ལན་བདུན་བསྐོར་བ་བྱས་ཏེ་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། ནམ་མཁའི་དཀྱིལ་གྱི་ལམ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ ཕྲག་དགུ་བཅུ་རྩ་དགུ་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་བ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དང་ལྷན་ཅིག་སྨྲ་བ་ན། བསོད་ནམས་ཀྱི་ ཚོགས་ཆེན་པོ་བསགས་པ་ལས་གྲུབ་པས་བྱིན་པའི་རིན་པོ་ཆེ་དེ་དག་ལས་འོད་ཟེར་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་སྔོན་དང་།
BOལྗང་སེར་དང་། བཙོད་ཀ་དང་། ཤེལ་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། གསེར་དང་། པདྨ་རཱ་ག་དང་། རྡོའི་སྙིང་པོ་དང་། ཀེ་ཀེ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། ཨནྡ་རྙིལ་དང་། མཐོན་ཀ་ཆེན་པོ་དང་། དུན་ལས་དང་། གོ་མུ་ཏ་ར་ཀ་དང་། མུ་ཏིག་དམར་པོའི་ཁ་དོག་ལྟ་བུ་རྣམས་བྱུང་སྟེ། དེ་དག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ལ་ལན་འབུམ་ཕྲག་དུ་མར་བསྐོར་བ་ བྱས་ཏེ་སྟེང་གི་བར་སྣང་ཁྱབ་པར་བྱས་ནས་ལྷའི་སྣང་བས་སྣང་བར་བྱས་ཏེ་འདུས་ནས་འཇའ་ལྟ་བུར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་མཚན་ཐམས་ཅད་ཕུན་སུམ་ཚོགས་པ། འཇམ་པ་ མཉེན་པ། རབ་ཏུ་གཞོན་པ་ཤ་རྒྱས་པ། སྣུམ་པ། ལོང་བུ་གཉིས་ཀྱི་རྩ་མི་མངོན་པ། པདྨ་གསར་དུ་ཁ་བྱེ་བ་ལྟ་བུ་དང་། དུང་དང་ཉ་དང་། རྡོ་རྗེ་དང་། རྒྱལ་མཚན་དང་། ལྕགས་ཀྱུ་དང་། པདྨ་དང་། ཆུ་སྲིན་མ་ཀ་རའི་མཚན་དང་ལྡན་པ་གཉིས་ལ་ལན་འབུམ་ཕྲག་དུ་མ་བསྐོར་བ་ བྱས་ནས་ནུབ་པར་གྱུར་ཏོ། །
BOནམ་མཁའི་དཀྱིལ་ན་འོད་ཟེར་རེ་རེའི་རྩེ་མོ་ལས་པདྨ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་ཚད་ཤིང་རྟའི་ཕང་ལོ་ཙམ་པ་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་བྱུང་བ་འདི་ལྟ་སྟེ། གསེར་གྱི་རྒྱུ་ལས་བྱུང་བ་དང་། ཨནྡ་རྙིལ་དང་། དངུལ་དང་། བྱི་རུ་དང་། ཤེལ་དང་། ཀེ་ ཀེ་རུ་དང་། དུན་ལས་ཀྱི་རྒྱུ་ལས་བྱུང་བ་དག་འཐོན་ཏེ། དེ་ལ་གསེར་གྱི་རྒྱུ་ལས་བྱུང་བའི་པདྨ་རྣམས་ཀྱི་འདབ་མ་ནི་ཨནྡ་རྙིལ་གྱི་རྒྱུ་ལས་བྱུང་བ་དག་གོ། ། སྙིང་པོ་ནི་དངུལ་གྱི་རྒྱུ་ལས་བྱུང་བའོ། ། ཟེ་བ་ནི་བྱི་རུའི་རྒྱུ་ལས་བྱུང་བའོ། ། ཆུ་བ་ནི་ཤེལ་གྱི་རྒྱུ་ལས་བྱུང་བའོ། ། ཟེ་འབྲུ་ ནི་ཀེ་ཀེ་རུའི་རྒྱུ་ལས་བྱུང་བའོ། ། ཨནྡ་རྙིལ་གྱི་རྒྱུ་ལས་བྱུང་བའི་པདྨ་རྣམས་ཀྱི་འདབ་མ་ནི་དངུལ་གྱི་རྒྱུ་ལས་བྱུང་བ་དག་གོ། ། སྙིང་པོ་ནི་བྱི་རུའི་རྒྱུ་ལས་བྱུང་བའོ། ། ཟེ་བ་ནི་ཤེལ་གྱི་རྒྱུ་ལས་བྱུང་བའོ། ། ཆུ་བ་ནི་ཀེ་ཀེ་རུའི་རྒྱུ་ལས་བྱུང་བའོ། ། ཟེ་འབྲུ་ནི་དུན་ལས་ཀྱི་རྒྱུ་ལས་བྱུང་བའོ། ། དངུལ་གྱི་རྒྱུ་ལས་བྱུང་བའི་པདྨ་རྣམས་ཀྱི་འདབ་མ་ནི་བྱི་རུའི་རྒྱུ་ལས་བྱུང་བ་དག་གོ། ། སྙིང་པོ་ནི་ཤེལ་གྱི་རྒྱུ་ལས་བྱུང་བའོ། །
BOཟེ་བ་ནི་ཀེ་ཀེ་རུའི་རྒྱུ་ལས་བྱུང་བའོ། ། ཆུ་བ་ནི་དུན་ལས་ཀྱི་རྒྱུ་ལས་བྱུང་བའོ། ། ཟེ་འབྲུ་ནི་གསེར་གྱི་རྒྱུ་ལས་བྱུང་བའོ། ། བྱི་རུའི་རྒྱུ་ལས་བྱུང་བའི་པདྨ་རྣམས་ ཀྱི་འདབ་མ་ནི་ཤེལ་གྱི་རྒྱུ་ལས་བྱུང་བ་དག་གོ། ། སྙིང་པོ་ནི་ཀེ་ཀེ་རུའི་རྒྱུ་ལས་བྱུང་བའོ། ། ཟེ་བ་ནི་དུན་ལས་ཀྱི་རྒྱུ་ལས་བྱུང་བའོ། ། ཆུ་བ་ནི་གསེར་གྱི་རྒྱུ་ལས་བྱུང་བའོ། ། ཟེ་འབྲུ་ནི་ཨནྡ་རྙིལ་གྱི་རྒྱུ་ལས་བྱུང་བའོ། ། ཤེལ་གྱི་རྒྱུ་ལས་བྱུང་བའི་པདྨ་རྣམས་ཀྱི་འདབ་མ་ནི་ཀེ་ཀེ་ རུའི་རྒྱུ་ལས་བྱུང་བ་དག་གོ། ། སྙིང་པོ་ནི་དུན་ལས་ཀྱི་རྒྱུ་ལས་བྱུང་བའོ། ། ཟེ་བ་ནི་གསེར་གྱི་རྒྱུ་ལས་བྱུང་བའོ། ། ཆུ་བ་ནི་ཨནྡ་རྙིལ་གྱི་རྒྱུ་ལས་བྱུང་བའོ། ། ཟེ་འབྲུ་ནི་དངུལ་གྱི་རྒྱུ་ལས་བྱུང་བའོ། ། ཀེ་ཀེ་རུའི་རྒྱུ་ལས་བྱུང་བའི་པདྨ་རྣམས་ཀྱི་འདབ་མ་ནི་དུན་ལས་ཀྱི་རྒྱུ་ལས་བྱུང་ བ་དག་གོ། ། སྙིང་པོ་ནི་གསེར་གྱི་རྒྱུ་ལས་བྱུང་བའོ། ། ཟེ་བ་ནི་ཨནྡ་རྙིལ་གྱི་རྒྱུ་ལས་བྱུང་བའོ། ། ཆུ་བ་ནི་དངུལ་གྱི་རྒྱུ་ལས་བྱུང་བའོ། ། ཟེ་འབྲུ་ནི་བྱི་རུའི་རྒྱུ་ལས་བྱུང་བའོ། །
BOདུན་ལས་ཀྱི་རྒྱུ་ལས་བྱུང་བའི་པདྨ་རྣམས་ཀྱི་འདབ་མ་ནི་གསེར་གྱི་རྒྱུ་ལས་བྱུང་བདག་གོ། ། སྙིང་པོ་ ནི་ཨནྡ་རྙིལ་གྱི་རྒྱུ་ལས་བྱུང་བའོ། ། ཟེ་བ་ནི་དངུལ་གྱི་རྒྱུ་ལས་བྱུང་བའོ། ། ཆུ་བ་ནི་བྱི་རུའི་རྒྱུ་ལས་བྱུང་བའོ། ། ཟེ་འབྲུ་ནི་ཤེལ་གྱི་རྒྱུ་ལས་བྱུང་བའོ། ། དེ་བཞིན་དུ་སྦྱར་ཏེ། དེ་ལྟར་རིན་པོ་ཆེ་རྣམ་པ་དུ་མའི་རྒྱུ་ལས་བྱུང་བའི་པདྨ་དག་གོ། ། རིན་པོ་ཆེའི་པདྨ་རེ་རེ་ལ་ཡང་ ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་མཛེས་པའི་སྤྱོད་ལམ་ཕུན་སུམ་ཚོགས་པ་དག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། བྱང་ཆུབ་སེམས་དཔའ་རེ་རེའི་ལྟེ་བ་ནས་ཀྱང་འོད་ཟེར་འབུམ་འབུམ་འབྱུང་ངོ་། ། འོད་ཟེར་གྱི་རྩེ་མོ་རེ་རེ་ལས་ཀྱང་ རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུ་ལས་བྱུང་བའི་ཁང་པ་བརྩེགས་པ་ནོར་བུ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྟེགས་བུས་བསྐོར་བ། ཤེལ་གྱི་རྒྱུ་ལས་བྱུང་བའི་ཟླ་བས་སྤྲས་པའི་ཁང་བྲན་གྱི་རྩེ་མོ་ལ་སེང་གེའི་རྣ་བའི་སྟེང་ན་རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། རྣམ་པར་ རྒྱལ་བའི་བ་དན་དཔྱངས་པས་ནམ་མཁའ་ཀུན་དུ་ཁེབས་པས་པདྨ་རཱ་ག་དང་། ཨནྡ་རྙིལ་དང་།
BOམ་རྒད་དང་། བཻཌཱུརྱ་དང་། རྡོའི་སྙིང་བོ་དང་། སྤུག་དང་། ཀེ་ཀེ་རུ་ལས་བྱས་པའི་ཀ་བ་ཆེན་པོའི་ཀླད་ལ་འཛམ་བུའི་ཆུ་བོའི་གསེར་གྱི་ཤིང་ས་ལ་གཅོད་པ་ལྟ་བུའི་ཚོགས་བཀོད་ པས་རྣམ་པར་སྤྲས་ཏེ། མཛེས་པར་བྱས་པ་དངུལ་ལས་བྱས་པའི་ཕུག་རོན་གྱི་ཕྲེང་གི་མཐའ་མཐར་མུ་ཏིག་དམར་པོ་དང་ལྡན་པ་དྲིལ་བུ་གཡར་ཀའི་དྲ་བ་དཔྱངས་པའི་སྒྲས་སད་པར་གྱུར་ནས་རབ་ཏུ་དགའ་ཞིང་དྲེགས་པའི་ཕུག་རོན་དང་། བྱ་བང་དང་། ནེ་ཙོ་དང་། རི་སྐེགས་ དང་། རྨ་བྱའི་ང་རོ་དག་གིས་ཉམས་དགའ་བ། ཁྱམས་དང་འདུན་ཁང་ཆེན་པོའི་ཉེན་འཁོར་སྟེགས་བུར་བསྐོར་བས་མཛེས་པར་བྱས་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་ལས་བྱས་པའི་སྒོ་ཁང་ཅན་ཤེལ་གྱི་རྒྱུ་ལས་བྱས་པའི་སྟེགས་བུ་དང་ལྡན་པ་བཀྲ་ཤིས་ཀྱི་གསེར་གྱི་ བུམ་པ་དུ་མ་ནས་སྤོས་ཆུ་དྲི་ཞིམ་པོས་ཆག་ཆག་བཏབ་པ། རྫིང་ཆེན་པོའི་འགྲམ་གྱི་ནེའུ་གསིང་མརྒད་ཀྱི་རྒྱུ་ལས་བྱུང་བ། ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བས་མཛེས་པའི་ཕྱོགས་ན་བདེ་བར་ཉལ་བའི་ངང་པ་དང་། ཁྲུང་ཁྲུང་དང་། ངུར་པ་དང་། ཀ་ལན་ད་ཀའི་ ཁྱུ་གནས་པ་གསེར་གྱི་བྱེ་མ་བདལ་བའི་གཏོས་ཆེན་པོ་རིན་པོ་ཆེ་སྣ་བདུན་གྱི་ཐེམ་སྐས་ཀྱི་ཕྲེང་བས་བརྒྱན་པ།
BOཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ། གྲངས་འབུམ་ཕྲག་དུ་མས་ཀུན་ནས་ཡོངས་སུ་བསྐོར་བ་དག་བྱུང་ངོ་། རྫིང་བུ་རེ་རེ་ནས་ཀྱང་རིན་པོ་ཆེའི་པདྨ་བྱེ་ བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་རྩ་དགུ་བྱུང་ངོ་། ། རིན་པོ་ཆེའི་པདྨ་རེ་རེའི་སྙིང་པོ་ལ་ཡང་སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་རྣམས་ཀྱི་སྒྲ་ཕྱུང་བས་ལྷའི་བུ་མོ་དག་གླུ་ལེན་གར་བྱེད་ཅིང་ཡོངས་སུ་སྤྱོད་དོ། ། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་ཀྱི་ སྒྲ་བྱུང་བ་དེ་དག་ལས་ཀྱང་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། ། སྦྱིན་དང་ཚུལ་ཁྲིམས་ཀྱིས་ནི་གང་ཞིག་དཔག་མེད་ཅིང་། ། དེ་བཞིན་བཟོད་དང་བརྩོན་འགྲུས་དག་གི་སྟོབས་ལྡན་པ། ། བསམ་གཏན་གྱིས་ནི་ཞི་ཞིང་དབང་གིས་ཀུན་འབྱོར་པ། ། ཡེ་ཤེས་སྒྲོན་མ་དེ་ལ་ སྐྱབས་སུ་འདོང་བར་གྱིས། ། བསམ་གྱིས་མི་ཁྱབ་སྟོབས་དང་སྨོན་ལམ་རྣམས་དང་ལྡན། ། ཐབས་དང་བྱང་ཆུབ་ཡན་ལག་ཏིང་འཛིན་རྣམས་ཀྱིས་དག ། རྣམ་པར་གྲོལ་བའི་ལམ་དང་སྟོབས་བཅུར་ལྡན་པ་ཡི། ། ཐུབ་པ་གང་ཡིན་དེ་ལ་མཆོད་ཕྱིར་འདོང་བར་གྱིས། ། འདམ་རྫབ་ནས་ནི་པདྨ་རྒྱས་པ་ཇི་བཞིན་དུ། ། གང་ཞིག་ཉོན་མོངས་འདམ་གྱིས་རྟག་པར་མི་གོས་པ། །
BOའཆི་དང་སྐྱེ་བའི་སྡུག་བསྔལ་རྣམ་པར་བསལ་བ་ཡི། ། རྒྱལ་བ་འཇིག་རྟེན་མགོན་པོ་དེ་ལ་ལྟ་ཕྱིར་དང་། ། གཅིག་ཀྱང་མི་ལྡན་མིན་པར་གྱུར་པ་གང་ཞིག་གིས། ། སྐྱེ་དགུ་ རྣམས་ཀྱི་གཏི་མུག་སྒོ་གླེགས་རྣམས་བཤིག་ཅིང་། ། སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་རབ་ཞི་བ། ། ཤཱཀྱའི་ཏོག་ལྡན་དེ་ལ་སྐྱབས་སུ་འདོང་བར་གྱིས། ། དེ་ལྟར་ཁང་པ་བརྩེགས་པ་དཔག་བསམ་གྱི་ཤིང་ལྗོན་པས་ལེགས་པར་བརྒྱན་པ་རྣམ་པ་སྣ་ཚོགས་བྱེ་བ་ཁྲག་ཁྲིག་འབུམ་ ཕྲག་དུ་མ་ནམ་མཁའི་དཀྱིལ་ན་ཀུན་དུ་སྣང་སྟེ། ཁ་ཅིག་ཏུ་ནི་རིན་པོ་ཆེའི་སྤྲིན་གྱི་ཆར་འབབ་པར་ཀུན་དུ་སྣང་ངོ་། ། ཁ་ཅིག་ཏུ་ནི་མེ་ཏོག་གི་གདུགས་ཀྱི་སྤྲིན་གྱི་ཆར། ཁ་ཅིག་ཏུ་ནི་གོ་ཤིར་ཥའི་ཙནྡན་དང་། སྤོས་དང་། བྱུག་པ་དང་། ཕྱེ་མའི་སྤྲིན་གྱི་ཆར། ཁ་ཅིག་ཏུ་ནི་ གོས་ཀྱི་ཕྲེང་བའི་སྤྲིན་གྱི་ཆར། ཁ་ཅིག་ཏུ་ནི་ཀ་ཤི་ཀའི་རས་དང་། དུ་གུ་ལའི་རས་དང་། ཟ་འོག་གི་སྤྲིན་གྱི་ཆར། ཁ་ཅིག་ཏུ་ནི་དཔག་བསམ་གྱི་ཤིང་ལྗོན་པའི་སྤྲིན་གྱི་ཆར། ཁ་ཅིག་ཏུ་ནི་མེ་ཏོག་པདྨ་དང་། ཨུཏྤལ་དང་། ཀུ་མུ་ད་དང་། པདྨ་དཀར་ པོ་དང་། དྲི་མཆོག་དང་། ཨ་ཏི་མུག་ཏ་ཀ་དང་། ཀ་ཙ་ལིན་ད་དང་། མ་ཧཱ་ཀ་ཙ་ལིན་ད་དང་།
BOབཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོའི་སྤྲིན་གྱི་ཆར་མངོན་པར་བབ་པོ། ། མེ་ ཏོག་གི་ཆར་དེ་དག་ལས་དྲི་གང་བྱུང་བ་དེས་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་གང་གཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་རྒྱས་པར་ཁྱབ་པོ། ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གང་དག་འགྲོ་བ་དྲུག་ཏུ་སྐྱེས་པ་དེ་ དག་ཐམས་ཅད་དྲི་དེས་མཆོག་ཏུ་བདེ་བས་ཚིམ་ཞིང་སེམས་དགའ་བར་གྱུར་ཏེ། སྡུག་བསྔལ་ཐམས་ཅད་དང་བྲལ་ནས་ཕན་ཚུན་འདྲི་བ་དང་། འཇིག་རྟེན་གྱི་ཁམས་མི་མཇེད་དེ་ན་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་སྣ་ཚོགས་སྟོན་བརྒྱད་ རིང་པོ་ནས་མཐོང་ངོ་། ། དེ་དག་གིས་དེ་མཐོང་ནས་ཀྱང་ཕྱག་འཚལ་ལོ། སྐྱེས་བུ་དམ་པ་དེ་ལ་ཕྱག་བཙལ་མ་ཐག་ཏུ་སེམས་ཅན་གང་དག་ངན་འགྲོ་ལོག་པར་ལྟུང་བར་དོང་བ་དེ་དག་ཀྱང་མཆོག་ཏུ་བདེ་བ་དང་། དགའ་བ་དང་། རངས་པ་དང་།
BOདད་པ་ཐོབ་ནས་སྐད་ ཅིག་དེ་ཉིད་ལ་ངན་འགྲོ་ལོག་པར་ལྟུང་བ་ལས་གྲོལ་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་བར་སྣང་ལ་འཁོད་དེ། དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། གསང་བ་པའི་བདག་ པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་མཆོད་པའི་སྤྲིན་ཆེན་པོས་མཆོད་ནས་ལན་འབུམ་ཕྲག་དུ་མ་མཐའ་ཡས་མུ་མེད་པར་བསྐོར་བ་བྱས་ཏེ། དེ་བཞིན་གཤེགས་པའི་རྡོ་རྗེའི་འཁོར་གྱི་ཁྱམས་ཆེན་པོ་ཐམས་ཅད་དང་ལྡན་པ་ལ་ ལན་བདུན་བསྐོར་བ་བྱས་ནས་ལྷ་རྣམས་བར་སྣང་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་རང་གི་རིན་པོ་ཆེའི་གཞལ་མེད་ཁང་གི་ཁང་པ་བརྩེགས་པ་དག་ན་ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་སིལ་སྙན་དང་། ཕེག་རྡོབ་བ་དང་། གླུ་དབྱངས་ཀྱི་སྒྲ་ འབྱིན་ཅིང་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། ། གང་སླད་ངན་འགྲོ་མཆོག་ཏུ་སྡུག་བསྔལ་འཁྲུགས་པ་ཡི། ། མིང་ཡང་བདེ་གཤེགས་སྟོབས་ཀྱིས་དེང་དུ་མེད་མཛད་དང་། །
BOབསོད་ནམས་མི་ལྡན་སེམས་ཅན་ རྣམས་ལའང་རྒྱལ་བ་མཆོག ། བྱམས་པར་མཛད་པ་ཀྱེ་མ་ངོ་མཚར་རྨད་དུ་བྱུང་། ། བདག་ཅག་རྣམས་ཀྱི་རྨོངས་པའི་སྙིང་གིས་བསྒྲུབས་པ་ཡི། ། སྡིག་པའི་ལས་གང་ཤིན་ཏུ་བགྱིད་དཀའ་སྣ་ཚོགས་པ། ། དེ་དག་ཐུབ་པའི་བྱ་{དགའས་,དགས་}དེ་རིང་གློ་བུར་དུ། ། སྐད་ཅིག་ ཏུ་ནི་ཇི་ལྟར་རྣམ་པར་ཞིག་པར་གྱུར། ། ཇི་ལྟར་གདུགས་ཀྱིས་མུན་པ་མུན་ནག་ཀུན་བཅོམ་དང་། ། ཇི་ལྟར་ཞུགས་འབར་བས་ནི་རས་རྣམས་སྲེག་པ་དང་། ། བསེར་མས་ཤིང་བལ་ལྟར་ཡང་སྤྲིན་འཐོར་ཇི་བཞིན་དུ། ། དེ་ལྟར་འགྲོ་བའི་སྡིག་པ་བདེ་བར་གཤེགས་ཀྱིས་བཅོམ། ། བདེ་གཤེགས་སྲས་པོ་མཐོང་ངམ་ཐོས་སམ་དྲན་གྱུར་ན། ། ལྷན་ཅིག་སྐྱེས་དབང་འོད་ཟེར་དྲ་བས་སྡིག་འཕྲོགས་པ། ། འགྲོ་བ་ཡོངས་ཀྱི་སྲིད་པའི་སྤྲོས་བ་གཞིག་པ་ཡི། ། ཐུགས་དང་རྟག་ཏུ་ལྡན་ཞིང་སྐྱོ་བར་འགྱུར་མི་མངའ། ། མིག་དང་མགོ་དང་སྙིང་དང་ཤ་ཁྲག་ཚིལ་རྣམས་ དང་། ། སྲོག་དང་སྡུག་དང་བུ་རྣམས་རྩྭ་ལྟར་བོར་ནས་ནི། ། མི་མཚུངས་སེམས་ཅན་དོན་ཕྱིར་ཐུགས་རྗེས་ཐུགས་བརླན་པ། ། འཇིག་རྟེན་མགོན་སྲས་དེ་དག་རྣམས་ལ་ཕྱག་འཚལ་ལོ། ། {ཡི་དགས་,ཡི་དྭགས་}ལྟོགས་ལ་ཆུ་དང་རོ་བརྒྱའི་ཟས་རྣམས་དང་། །
BOདེ་བཞིན་སྐྱེ་བོའི་ནོར་འདོད་ སྙིང་དང་ལྡན་པ་ལ། ། ཐུགས་རྗེ་སྤྱོད་ཅིང་རྣམ་པ་སྣ་ཚོགས་ཚིམ་མཛད་པ། ། བྱང་ཆུབ་སེམས་དཔའ་ཁྱུ་མཆོག་དེ་ལ་སྐྱབས་སུ་མཆི། ། གང་དག་མནར་མེད་པ་ཡང་རབ་ཏུ་བསིལ་མཛད་པས། ། མཆོག་ཏུ་ཚ་བའི་སེམས་ཅན་དམྱལ་བའང་བསིལ་བར་འགྱུར། ། རང་བདེ་མི་ གཟིགས་སེམས་ཅན་དོན་བརྩོན་ཐུགས་ལྡན་པ། ། འཇིག་རྟེན་མགོན་སྲས་མཉམ་མེད་དེ་ལ་ཕྱག་འཚལ་ལོ། ། གང་དག་སྲིད་པར་འཁོར་བའི་སྲིད་པའི་སྐྱོན་ལས་གྲོལ། ། སྟོང་བ་གསུང་ཡང་ལས་ཀྱི་འབྲས་བུ་མི་འདོར་ཞིང་། ། ཡེ་ཤེས་མེ་ཡིས་རྙོག་པ་ བསྲེགས་ཀྱང་ཐུགས་རྗེས་བརླན། ། སྤྱོད་པ་བརྟག་མེད་དབང་ལྡན་དེ་ལ་ཕྱག་འཚལ་ལོ། ། ཀྱེ་མ་དཔལ་ལྡན་རྡོ་རྗེའི་སྙིང་པོ་བདེ་གཤེགས་སྲས། ། མཚན་གྱིས་མཚན་བཏབ་སྐུ་ལས་འོད་སྟོང་མང་བྱུང་བའི། ། དྲི་བ་རྣམས་དང་སྣ་ཚོགས་གླུ་ཡིས་བདག་ཅག་སིམ། ། སྐད་ཅིག་གིས་ ནི་དམྱལ་བས་སུམ་ཅུའི་ལྷ་དབང་གྱུར། ། བདག་ཅག་རྣམས་ཀྱིས་རྒྱལ་དང་དེ་བཞིན་རྒྱལ་སྲས་དང་། ། དེ་དག་རྣམས་ཀྱིས་གསུངས་པ་མཆོག་ཏུ་ཞི་ཆོས་ལ། ། གུས་བསྟོད་དགེ་བ་རྒྱ་ཆེན་དེ་རིང་གང་ཐོབ་པ། ། དེ་མྱུར་འཇིག་རྟེན་ཐམས་ཅད་བདེ་གཤེགས་ཐོབ་པར་ཤོག །
BOདེ་ལྟར་ ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་ནས། བཅོམ་ལྡན་འདས་ཀྱིས་གནང་སྟེ། དེ་དག་རང་རང་གི་རིན་པོ་ཆེའི་གཞལ་མེད་ཁང་གི་ཁང་པ་བརྩེགས་པ་རྣམས་སུ་འཁོད་དེ་ཆོས་ཉན་པའི་ཕྱིར་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་བོས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་འདི་ལྟ་བུ་འདི་བསྟན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། དེ་ བཞིན་གཤེགས་པའི་རྡོ་རྗེའི་འཁོར་གྱི་ཁྱམས་ཆེན་པོ་ཐམས་ཅད་དང་ལྡན་པ་ལ་མཆོད་པའི་སྤྲིན་ཆེན་པོ་རྣམས་ཀྱིས་མཆོད་ནས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་བར་སྣང་ལས་བབས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་ལན་འབུམ་ཕྲག་དུ་མ་མཐའ་ཡས་ མུ་མེད་པར་བསྐོར་བ་བྱས་ནས་པུས་མོ་གཡས་པའི་ལྷ་ང་རིན་པོ་ཆེའི་པདྨའི་སྙིང་པོ་ལ་བཙུགས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ལ་བལྟའོ། །
BOརིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་དགའ་བ་དང་མགུ་བ་སྐྱེས་ནས་དེ་བཞིན་དུ་བཅོམ་ལྡན་འདས་ལ་ད་ལྟའོ། ། བལྟས་ནས་ཀྱང་སྒྲ་སྐད་ཀྱི་ང་རོ་གཅིག་ཏུ་བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། དྲན་པའི་གཞུས་འཕངས་པ་ཡི་ཤེས་རབ་མདའ་མང་གིས། ། མ་འཕངས་མཐུར་ལྡན་བདུད་བཞི་ཕམ་མཇེད་ཅིང་། ། འཇིག་རྟེན་ཉོན་མོངས་ཉེན་ པའི་མུན་པ་བསལ་མཛད་ནས། ། བླ་མ་སྤྲིན་མེད་ཟླ་བ་བཞིན་དུ་ལྷང་ངེའོ། ། དམ་ཆོས་འོད་མང་གཏི་མུག་བཅོམ་པ་དྲ་བ་ཡིས། ། འདུལ་བའི་པདྨའི་གནས་རྣམས་ཁ་ཕྱེ་ནས། ། ཡེ་ཤེས་ནམ་མཁའ་ཆེ་ལ་དྲི་མེད་འབར་བའི་གཟུགས། ། ཉི་མ་ཇི་བཞིན་གདུང་བར་བགྱི་བའི་ བདུད་སྡེ་གདུངས། ། མུ་སྟེགས་ཅན་གྱི་ང་རྒྱལ་མཐའ་དག་ཕམ་མཛད་ཅིང་། ། འགྲོ་བའི་འདོད་ཆགས་རབ་གདུང་མ་ལུས་རབ་ཞི་མཛད། ། དགེ་བའི་ལོ་ཏོག་རྩི་ཆེན་ཡང་དག་འཕེལ་མཛད་པ། ། དགེ་བའི་ཆར་པ་ཕབ་ཅིང་འབྲུག་ལྟར་བསྒྲག་ཏུ་གསོལ། ། མགོན་པོ་མུ་ སྟེགས་ཅན་གྱི་ཝ་བརྒྱ་ཕམ་མཛད་ཅིང་། ། བདུད་རྣམས་བཅོམ་སྟེ་བྱང་ཆུབ་དམ་པ་རབ་བརྙེས་ནས། ། མ་འདྲེས་བསགས་པའི་བདེན་པའི་སྟོབས་ཀྱིས་མཐུ་མངའ་བ། །
BOསྐྱེ་བའི་འཇིགས་ལས་རབ་གྲོལ་སེང་གེ་ཇི་བཞིན་སྒྲོགས། ། སྤྱོད་པ་ཟབ་ཅིང་བརྟན་ལ་རྟག་ཏུ་མི་དཔོགས་པ། ། སེམས་ཅན་གནས་གྱུར་སྟོབས་དང་ཏིང་འཛིན་ནོར་བུ་བཀྲམ། ། དྲི་མེད་ཆོས་ལྷུན་འདུལ་བའི་རི་བོས་རྣམ་འཛིན་པ། ། ཡེ་ཤེས་རྒྱ་མཚོ་མཆོག་ཁྱོད་སྐྱེ་དགུ་མཆོག་གཙོ་བ། ། ཚུལ་ཁྲིམས་བཟང་པོའི་རྩ་བ་སྦྱིན་པའི་ཆུས་བཏབ་འཕེལ། ། བྱམས་དང་བཟོད་པའི་མེ་ཏོག་ཡལ་ག་ འཁྲུངས་པས་མཛེས། ། བྱང་ཆུབ་ཡན་ལག་ལམ་གྱི་འབྲུ་ཆགས་འདོད་བྱས་བསྟེན། ། བསོད་ནམས་དཔག་བསམ་ཤིང་ཁྱོད་དེ་རིང་ག་ལས་བྱུང་། ། སུམ་ཅུ་རྩ་གཉིས་འབར་བའི་མཚན་གྱིས་ཡན་ལག་བརྒྱན། ། དཔེ་བྱད་བཟང་མཆོག་རིན་ཆེན་མན་ཤེལ་གྱིས་བསྐོར་ཅིང་། ། ས་ དང་དབང་དང་དམ་མཆོག་ཕུར་པ་བརྟན་བཏབ་པ། ། ལྷུན་པོ་བཞིན་དུ་མི་གཡོ་ཁྱོད་ནི་འགྲོ་བར་མཛེས། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ཆལ་དང་འདྲ་ བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ཀྱིས་གནང་སྟེ། རིན་པོ་ཆེའི་པདྨའི་སྙིང་པོ་ལ་ཕྱོགས་གཅིག་ཏུ་འདུག་གོ། །
BOརིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པདྨའི་སྙིང་པོ་དག་ལ་ འཁོད་དོ། ། དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ལྷོ་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དཔལ་འབྱུང་བ་ནས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ཏོག་ཅེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིགས་ཀྱི་བུ་དེ་དག་དང་ལྷན་ཅིག་ཏུ་རིན་པོ་ཆེའི་ པདྨའི་སྙིང་པོ་ལ་ཕྱོགས་གཅིག་ཏུ་འདུག་པའི་བར་དུའོ། ། དེ་བཞིན་དུ་ནུབ་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་དང་།
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པདྨའི་སྙིང་པོ་ལ་འདུག་ཅིང་། རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པདྨའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ། ། དེ་བཞིན་དུ་བྱང་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་མཆོག་རང་བཞིན་གྱིས་རྣམ་པར་ངེས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་འབྱུང་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པདྨའི་སྙིང་པོ་ལ་འདུག་ཅིང་རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པདྨའི་སྙིང་པོ་ དག་ལ་འཁོད་པའི་བར་དུའོ། །
BOདེ་བཞིན་དུ་བྱང་ཤར་གྱི་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡས་རབ་གསལ་དབང་ཕྱུག་གི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དཔལ་བརྩེགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པདྨའི་སྙིང་ པོ་ལ་འདུག་ཅིང་རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པདྨའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ། ། དེ་བཞིན་དུ་ཤར་ལྷོའི་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ ཏོག་གི་རྒྱལ་མཚན་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཐེ་ཚོམ་དང་བྲལ་བ་ནས།
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་ འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པདྨའི་སྙིང་པོ་ལ་འདུག་ཅིང་རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པདྨའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ། ། དེ་བཞིན་དུ་ལྷོ་ནུབ་ཀྱི་ ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྩལ་གྱིས་རྣམ་པར་གནོན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བརྩེགས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་བློ་ གྲོས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ།
BOབཅོམ་ལྡན་འདས་ཀྱིས་གནང་ནས་ཆོས་ཉན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་རིན་པོ་ཆེའི་པདྨའི་སྙིང་པོ་ལ་འདུག་ཅིང་རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པདྨའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ། ། དེ་བཞིན་དུ་འོག་གི་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་པདྨ་ལ་རབ་ཏུ་གནས་པའི་རི་དབང་གི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་པདྨ་བཀོད་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་བློ་གྲོས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པདྨའི་སྙིང་པོ་ལ་འདུག་ཅིང་རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པདྨའི་སྙིང་པོ་དག་ལ་འཁོད་ པའི་བར་དུའོ། །
BOདེ་བཞིན་དུ་སྟེང་གི་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་གྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདུད་ཀྱི་ཚེར་མ་དཀྲུགས་པ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བདུད་ཀྱི་སྒྲིབ་པ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པདྨའི་སྙིང་པོ་ལ་འདུག་ ཅིང་། རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པདྨའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ། ། དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་དུ་མ་བསྟན་ པས་གཞལ་མེད་ཁང་དང་། མེ་ཏོག་གི་སྤྲིན་དང་། རིན་པོ་ཆེའི་སྤྲིན་དང་། བྱེ་མའི་སྤྲིན་དང་། སྤོས་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་གྱི་སྤྲིན་དང་། རིན་པོ་ཆེ་སྤུག་དང་།
BOརྡོའི་སྙིང་པོ་དང་། བཻཌཱུརྱ་དང་། ཨནྡ་ རྙིལ་དང་། བྱི་རུ་དང་། མརྒད་དང་། མུ་ཏིག་དམར་པོ་དང་འཛམ་བུའི་ཆུ་བོའི་གསེར་གྱི་སྤྲིན་དང་། དཔག་བསམ་གྱི་ཤིང་ལྗོན་པ་དང་། རིན་པོ་ཆེའི་པདྨ་དུ་མས་ཁེབས་པའི་རྫིང་གིས་ལེགས་པར་བརྒྱན་པར་གྱུར་ཏོ། ། འཇིག་རྟེན་གྱི་ཁམས་འདི་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པ་གཞལ་དུ་མེད་ཅིང་བརྗོད་དུ་མེད་པར་གཏོགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་ཤིན་ཏུ་འདས་པའི་འཇིག་རྟེན་གྱི་ཁམས་དག་ན་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་རྣམ་པར་ཐར་བའི་སྒོ་ཆེན་པོའི་ ཏིང་ངེ་འཛིན་རྣམ་པར་འཕྲུལ་བའི་བྱིན་གྱི་རླབས་ཀྱིས་དེ་བཞིན་དུ་ལེགས་པར་བརྒྱན་པར་ཀུན་དུ་སྣང་ངོ་། ། འཇིག་རྟེན་གྱི་ཁམས་དེ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་ དེ་ན་བཞུགས་བཞིན་དུ་ཕྱག་གཡས་པ་གསེར་གྱི་ཁ་དོག་ལྟ་བུ་བརྐྱང་སྟེ། འཇམ་ཞིང་མཉེན་ལ་རབ་ཏུ་གཞོན་ཞིང་པདྨ་དང་ཡལ་ག་གཞོན་ཤ་ཆགས་ཤིང་འཇམ་པའི་སོར་མོའི་ངོས་ཅན་གདུགས་དང་། རྒྱལ་མཚན་དང་།
BOལྕགས་ཀྱུ་དང་། བུམ་པ་དང་། ཉ་དང་སྒོ་ཁང་ དང་། གཞལ་མེད་ཁང་དང་། དུང་དང་། རྡོ་རྗེ་དང་། པདྨ་དང་། དཔལ་པེའུ་དང་། འཁོར་ལོའི་མཚན་གྱིས་བརྒྱན་པ། ཚེ་རབས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མཛད་པའི་རྒྱུ་མཐུན་པས་མངོན་པར་གྲུབ་པའི་ དཔེ་བྱད་བཟང་པོས་རྣམ་པར་སྤྲས་པ། སེན་མོ་ཟངས་འདྲ་ཞིང་རྒྱས་ལ་སྣུམ་ཞིང་སྲབ་པའི་ནོར་བུའི་མདངས་ཀྱི་མེ་ཏོག་གི་འོད་ཟེར་གྱིས་མཁྲིག་མ་མཛེས་པར་གྱུར་པ་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་ཡང་དག་པར་མཐུན་པའི་ཕྱག་རྣམས་ཀྱིས་གསང་བ་པའི་ བདག་པོ་ལག་ན་རྡོ་རྗེ་ལ་ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་དགའ་བར་བྱ་བའི་ཕྱིར་སྤྱི་བོ་ལ་བྱུགས་ནས་དུས་གཅིག་ཏུ་སྒྲ་སྐད་ཀྱི་ང་རོ་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གོ་བར་མཛད་ཅིང་འདི་སྐད་ཅེས། ཀྱེ་རིགས་ཀྱི་བུ་གང་གི་ ཕྱིར་བདུད་སྡིག་ཅན་དང་གཞན་ཡང་དེ་བཞིན་གཤེགས་པའི་བསྟན་པ་ལ་མ་དད་ཅིང་སྡང་བའི་བགེགས་དང་ལོག་འདྲེན་དྲག་ཤུལ་ཅན་དྲག་ཤུལ་གྱི་སེམས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་གཅོད་པའི་ཕྱིར་ཞུགས་པ་ཐམས་ཅད་ཚར་གཅད་པ་དང་།
BOརྣམ་ པར་གཞིག་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་སེམས་ཞུམ་པ་བརྩོན་འགྲུས་བརྟན་པོ་མ་ཡིན་པའི་གོ་ཆ་བགོས་པ་རྣམས་ཀྱང་ཡང་དག་པར་གཟེངས་བསྟོད་པ་དང་། རབ་ཏུ་དགའ་བར་བྱ་བ་ནས་ཁམས་གསུམ་པར་ གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་བར་དག་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་དང་། སངས་རྒྱས་དང་ཆོས་དང་། དགེ་འདུན་གྱི་རིགས་མི་གཅད་པའི་ཕྱིར་ཁྱོད་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་ མི་ཁྱབ་པར་བསགས་པ་ཡོངས་སུ་རྫོགས་པས་གྲུབ་པའི་མཚན་དང་དཔེ་བྱད་བཟང་པོས་སྤྲས་པ། ཏིང་ངེ་འཛིན་དང་། དབང་དང་། གཟུངས་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཐུས་གྲུབ་པ། སེམས་ཅན་ ཐམས་ཅད་ཀྱི་སྡུག་བསྔལ་དང་། ཉོན་མོངས་པའི་སྒྲིབ་པ་ཉེ་བར་ཞི་བ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། {ཡི་དགས་,ཡི་དྭགས་}དང་། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བའི་འཇིགས་པའི་བདུད་ཀྱི་ཚེར་མ་མ་ལུས་པར་འདོན་པར་ལྷ་དང་། ཀླུ་དང་། གནོད་ སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་།
BOམིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པའི་འཁོར་མངོན་པར་དགའ་བ་ཅན་དག་ལ་ངོ་མཚར་རྨད་དུ་བྱུང་བའི་དགའ་བ་དུ་མ་ ཀུན་དུ་བསྐྱེད་པ་ལ་སྙོམས་པར་ཞུགས་པ་ནི་ལེགས་སོ་ལེགས་སོ་ཞེས་བཀའ་སྩལ་ཏོ། ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གཟེངས་བསྟོད་དོ། ། རབ་ཏུ་དགའ་བར་མཛད་ནས་རང་རང་གི་ཕྱག་བསྐུམ་སྟེ། རང་རང་གི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཉན་དུ་གཟུད་པའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཛེད་འདིར་བགྱེའོ། ། དེ་དག་གིས་གནང་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་དེ་དག་ལ་ཕྱག་འཚལ་ནས་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་བའི་བྱིན་གྱི་རླབས་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོས་ཇི་ཙམ་དུ་སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བསྐུམ་པ་ལས་བརྐྱང་བ་དང་། བརྐྱང་བ་ལས་བསྐུམ་པ་ཙམ་གྱི་ སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་ཕྱིན་ནས།
BOབཅོམ་ལྡན་འདས་ཀྱིས་གནང་སྟེ་རིན་པོ་ཆེའི་པདྨའི་སྙིང་པོ་དག་ལ་ཕྱོགས་གཅིག་ཏུ་འཁོད་པའི་བར་དུའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་དེའི་ཚེ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བདུད་སྡིག་ཅན་འདི་རྡོ་རྗེའི་ཞགས་པས་བཅིངས་པ་འདི་ལས་ཁྲོལ་ལ་ཇི་ནས་ཀྱང་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་འགྱུར་ བ་དང་། ཆོས་ལ་སྐྱབས་སུ་འགྲོ་བར་འགྱུར་བ་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བར་འགྱུར་བ་དང་། གཞན་ཡང་གང་དག་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་གང་དག་ཇི་ཙམ་དུ་དེ་བཞིན་གཤེགས་པའི་བསྟན་པ་ལ་གནས་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་ནས་ཀྱང་ཇི་ནས་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟར་གྱིས་ཤིག ། དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་ རྗེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བཅོམ་ལྡན་འདས་ལ་ལེགས་སོ་ལེགས་སོ་ཞེས་གསོལ་ཏེ།
BOབཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཡང་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་ པར་བྱེད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ་འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ཏོ། ། ཆེམ་ཆེ་མ་རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཡང་མེ་ལྕེ་འབར་བ་གཅིག་ཏུ་གྱུར་ཏེ། འབར་རབ་ཏུ་ འབར། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། འཇིགས་སུ་རུང་བའི་མཆེ་བ་རྣོན་པོ་དྲག་པོ་གཟངས་ཅན་འཇིགས་པ་ཆེན་པོ་སྐྱེད་པ་གཙིགས་ཏེ། མཆེ་བ་མནན་ནས་མེ་ལྕེ་ཆེན་པོ་ལྟར་སྨ་ར་སེར་ཞིང་འཇིགས་འཇིགས་ལྟར་འདུག་སྟེ། མི་བཟད་པ་རྣ་བ་ལས་འཕྱང་བའི་སྦྲུལ་དུག་ འཐོར་བ་དང་། བ་ལང་རྣ་ལྟ་བུ་དང་། གཟར་བུ་ལྟ་བུ་དང་།
BOསྦྲུལ་ཆེན་པོ་ཁ་གདངས་པའི་ཁ་ནས་བྱུང་བའི་མཆེ་བའི་རྩེ་མོ་ནས་དུག་དྲག་པོ་འབར་བ་འབྱུང་བའི་ཚོགས་ཀྱི་ཕྲེང་བས་བཞིན་དུ་མེ་འབར་བ། ལག་པ་སྟོང་ཕྲག་དུ་མ་ལ་རྡོ་རྗེ་དང་ཞགས་པ་དང་། གཏུན་ཤིང་དང་། གཏུན་ཤིང་རྐེད་ཉག་དང་། རལ་གྲི་དང་། འཁོར་ལོ་དང་། ལྕགས་སྒྲོག་ལ་སོགས་པ་ཐོགས་པའི་མཚོན་ཆའི་རྩེ་མོ་ལ་མེ་སྟག་རབ་ཏུ་འཕྲོ་བའི་སྣང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཁོངས་སུ་གཏོགས་པའི་གནོད་སྦྱིན་དང་། སྲིན་པོ་དང་། ཡི་ དགས་དང་། ཤ་ཟ་དང་། མ་མོ་དང་། འབྱུང་བོའི་གདོན་དང་། བགེགས་དང་། ལོག་འདྲེན་ལ་སོགས་པ་སྡང་པ་རབ་ཏུ་སྡང་བའི་སེམས་ཅན་སྐྲག་པར་བྱེད་པ་{རི་དགས་,རི་དྭགས་}ཀྱི་དབང་པོའི་པགས་པ་ཁྲག་དང་བཅས་པ་ཤམ་ཐབས་སུ་བགོས་པ། སྦྲུལ་ཆེན་པོའི་ལུས་ཀྱིས་རྒྱ་ གྲམ་དུ་དམ་དུ་བཅིངས་པ། འཇིགས་པ་བས་ཀྱང་འཇིགས་པར་བྱེད་པ། འཆི་བདག་ཀྱང་སྐྲག་པར་བྱེད་པ། ཁམས་གསུམ་པ་ཐམས་ཅད་ཀྱིས་བསྡུས་པ་ལྟ་བུའི་ལུས་དང་ལྡན་པའི་ཁྲོ་བོར་གྱུར་ནས་ལུས་ཀྱི་ཚིགས་ཐམས་ཅད་ལས་ཀྱང་ཁྲོ་བོ་ཁ་དོག་དུ་མ་འདི་ལྟ་སྟེ། ཁ་དོག་ སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནག་པོ་སྟེ།
BOཐམས་ཅད་ཀྱང་རྡོ་རྗེའི་རང་བཞིན་ཅན་ཁྲོ་གཉེར་མི་མཉམ་པས་རྣམ་པར་སྤྲས་པའི་གཉེར་མའི་ཁྲོ་གཉེར་ཅན་གྱི་དཔྲལ་བའི་དབྱེས་ནས་མེ་སྟག་ལྟ་བུའི་རྡུལ་གྱི་ཐིགས་པ་རྩུབ་པོ་འཛག་པ་ལས་དུག་འཆང་རྣམ་ པ་སྣ་ཚོགས་ཀུན་དུ་བྱུང་བས་ཡན་ལག་དང་ཉིང་ལག་ཀུན་དུ་དཀྲིས་པའི་མངོན་རྟགས་ཅན་དུ་གྱུར་ཅིང་རྡོ་རྗེ་དྲག་ཤུལ་ཅན་དུ་སྣང་སྟེ། མཆེ་བས་མི་བཟད་པར་འདུག་པའི་ཁ་གདངས་པ་ལས་ཧ་ཧ་ཞེས་གད་མོ་རྟ་གད་འབྱུང་ཞིང་། འཇིག་པའི་དུས་ཀྱི་རླུང་གིས་ཆར་པ་དང་བཅས་པའི་སྤྲིན་ དཀྲུགས་པ་ལས་ཆར་གྱི་རྒྱུན་རགས་པ་འབབ་པས་ཡོངས་སུ་གང་བས་རྒྱ་མཚོ་དཀྲུགས་ནས་རླབས་ཆེན་པོ་གཡོ་བ་དང་། རྟ་རྒོད་མའི་ཁ་ནས་མེ་འབྱུང་བ་ལྟ་བུའི་ཧཱུྃ་ཞེས་བྱ་བ་ཟབ་ཅིང་བརྟན་པས་རྒྱུ་བའི་འབྱུང་པོའི་ཚོགས་འཇིགས་སྐྲག་སྟེ་འབྱེར་ཞིང་འཐོར་ནས་དངངས་ཏེ་སྐྱབས་སུ་ དོང་ཞིང་འདུད་པས་ཉི་མ་སྟོང་བས་འབར་བའི་ལུས་རྣམས་མཐོང་བ་ན། སྣ་སྒར་སྒུར་ཅན་ཞོམ་པ་ལྟ་བུའི་བུ་ག་ཟབ་མོའི་སྦུབས་ཀྱི་ནང་ནས་སྦྲུལ་སྣ་ཚོགས་འཁྱིལ་པའི་གཙུག་གི་ནོར་བུའི་འོད་ཀྱིས་འགྲམ་པ་རྣམ་པར་མཛེས་པ།
BOགློག་སྟོང་འདུས་པ་ལྟར་སེར་ཞིང་དམར་བའི་མིག་གི་འབྲས་ བུའི་འོད་ཟེར་གྱིས་སྐྲའི་ཚོགས་རྩུབ་ཅིང་བཤོར་ལ་གྱེན་དུ་འགྲེང་བའི་རྩེ་མོ་བརྒྱན་ཅིང་འདྲེས་ཏེ་གསལ་བར་གྱུར་པ། སྦྲུལ་གྱི་གདེངས་ཀ་སྟོང་གིས་གདུགས་བྱས་ཤིང་སྦྲུལ་རྣམ་པ་སྣ་ཚོགས་ཀྱི་དོ་ཤལ་དང་། སྐ་རགས་དང་། དཔུང་རྒྱན་དང་། གདུ་བུ་དང་། རྣ་ཆས་ལུས་བརྒྱན་པ། རྡོ་རྗེ་འབར་བ་དྲི་མ་མེད་ཅིང་དྲག་ཤུལ་ཅན་མི་བཟད་པ་ལག་ན་ཐོགས་པ་མཛུབ་མོ་རྣམས་ལས་ཧཱུྃ་ཞེས་བྱ་བའི་སེང་གེའི་སྒྲ་ཆེན་པོ་དག་གིས་བགེགས་དང་ལོག་འདྲེན་ཐམས་ཅད་ཀུན་དུ་བསྡིགས་པ་དག་འཐོན་ཏེ། གང་དེ་དག་གི་མིག་དང་ཁ་རྣམས་ནས་གནམ་གྲུམ་པ་ལྟ་བུའི་སྒྲ་ཆེན་པོའི་ ཚོགས་ལས་མེ་ལྕེ་ཆེན་པོ་འབར་བའི་ཚོགས་ཀྱི་སྣང་བ་བྱུང་སྟེ། དེས་སྡང་བའི་བགེགས་དང་ལོག་འདྲེན་ལ་སོགས་པ་དྲག་ཤུལ་ཅན་དྲག་ཤུལ་གྱི་སེམས་དང་ལྡན་པ། སྡིག་པ་ཅན་སྡིག་པའི་སེམས་དང་ལྡན་པ། སྡང་བ་ཅན་སྡང་བའི་སེམས་དང་ལྡན་པ་རྣམས་ ཚིག་པར་བྱེད། རྨོངས་པར་བྱེད་འཚོག་པར་བྱེད་དེ། མི་བཟད་པ་དྲག་པ་རྩུབ་པ་སྡུག་བསྔལ་བ་ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་བྱེད་དོ། །
BOདེ་དག་ཚོར་བས་ཉེན་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་དོང་ངོ་། ། དེའི་ཚེ་བདུད་སྡིག་ཅན་གྱིས་བགེགས་དང་ལོག་འདྲེན་དེ་དག་ ཚོར་བ་ཆེན་པོས་ཉེན་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་དོང་བ་མཐོང་ནས་འཇིགས་དངངས་སྐྲག་སྟེ་སྐྱབས་མ་རྙེད་ནས་རླུང་དྲག་པོས་བསྐྱོད་པའི་ཤིང་བཞིན་དུ་འདར་རབ་ཏུ་འདར་ཏེ། ངུ་བར་འདོད་ན་ཡང་ངུ་མ་ནུས་ནས་རི་མོ་བཞིན་དུ་ལུས་ཐམས་ཅད་གཡོ་བ་མེད་པར་གྱུར་ཏོ། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུས་བདུད་སྡིག་ཅན་འདུལ་བར་བྱེད་དེ། སྡང་བ་དང་། གདོན་དང་། བགེགས་དང་ལོག་འདྲེན་ཐམས་ཅད་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ། རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ལྟ་བུའི་གཟུགས་སུ་འདུག་པའི་རྐང་པ་གཉིས་ལས་ཁྲོ་བོ་འབར་ཞིང་འཇིགས་འཇིགས་ལྟར་འདུག་པ་དྲག་ཤུལ་གྱི་གཟུགས་ཅན། སེང་གེའི་སྒྲ་ཆེན་པོ་ཧཱུྃ་ཞེས་བྱ་བ་འདི་གཉིས་ཕྱུང་སྟེ། དེ་གཉིས་སྐར་མདའ་བཞིན་དུ་ནམ་མཁའི་ དཀྱིལ་དུ་རྒྱང་རིང་དུ་འཕུར་ཏེ།
BOནམ་མཁའ་ལ་གནས་པའི་ཤུགས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལན་འབུམ་ཕྲག་དུ་མ་མཐའ་ཡས་མུ་མེད་པར་བསྐོར་བ་བྱས་ཏེ། གསང་བ་པའི་བདག་པོ་ལག་ ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་ཅི་བགྱི་བཀའ་སྩོལ་ཅིག ། དེ་ནས་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་ཅང་མི་སྨྲ་བར་འདུག་སྟེ། ཡང་དཔྲལ་བའི་དཀྱིལ་ནས་རྡོ་རྗེ་ཁྲོ་བོ་འཇིགས་པ་ཆེན་པོའི་གཟུགས་ཅན་མཆེ་བ་མི་བཟད་པ་དྲག་པས་འཇིགས་སུ་རུང་བའི་ཁ་གདངས་ ཏེ། མཆུ་མ་རུངས་པར་བསྒྱུར་བའི་ཁ་ནས་དུས་ཀྱི་ཐ་མ་འཇིག་པའི་ཚེ་རྣམ་པར་འཐོར་བའི་རླུང་དྲག་པོའི་ཤུགས་ཀྱིས་རབ་ཏུ་བསྐྱོད་པའི་སྤྲིན་ནག་པོའི་ཚོགས་རབ་ཏུ་སྒྲོགས་པས་རྣམ་པར་དཀྲུགས་པའི་རྒྱ་མཚོ་ཆེན་པོའི་སྒྲ་དྲག་པོ་ལྟ་བུའི་ཧཱུྃ་ཞེས་བྱ་བའི་སེང་གེའི་སྒྲས་གང་བ། བགེགས་དང་ ལོག་འདྲེན་ཐམས་ཅད་འཇིགས་ནས་འབྲོས་ཤིང་སྒྱིད་ལུག་ནས་ཕྱོགས་བསླད་པར་བྱེད་པ། ལག་པ་དང་རྐང་པ་དང་། སེན་མོ་དང་། མིག་དང་། ཨག་ཚོམ་དང་སྐྲ་ཐམས་ཅད་རྡོ་རྗེ་འབར་བར་སྣང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ པ། །
BOགཟི་བརྗིད་ཐམས་ཅད་ཀྱི་གཟི་བརྗིད་རྣམས་རང་གི་གཟི་བརྗིད་ཀྱིས་ཟིལ་དུ་རླག་པར་བྱེད་ཅིང་རྒྱང་རིང་དུ་བྱེད་པའི་རྡོ་རྗེ་འབར་བའི་སྣང་བ་དེས་རྒྱུ་སྐར་དང་། གཟའ་དང་སྐར་མ་དང་། ནོར་བུ་རྣམས་ཀྱི་འོད་ལྷམ་མེར་མ་ཡིན། ལྷན་ནེར་མ་ཡིན། ལྷང་ངེར་མ་ཡིན་པར་བྱེད་ པ། གང་ཉི་མ་དང་ཟླ་བ་རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མཐུ་ཆེ་བ་ཡང་ལྷམ་མེར་མ་ཡིན། ལྷན་ནེར་མ་ཡིན། ལྷང་ངེར་མ་ཡིན་པར་བྱེད་པ། དེ་བཞིན་གཤེགས་པའི་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅུ་ལ་རབ་ཏུ་གནས་པ་ རྣམས་ཀྱི་འོད་མ་གཏོགས་པར་འོད་གཞན་ཐམས་ཅད་མོག་མོག་པོར་བྱེད་པ་གཞན་ཕྱུང་ངོ་། ། དེ་ནས་རྡོ་རྗེ་ཁྲོ་བོ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལན་འབུམ་ཕྲག་དུ་མ་མཐའ་ཡས་མུ་མེད་པར་ བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་ཅི་བགྱི་བཀའ་སྩོལ་ཅིག ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་བོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །
BOཀྱེ་ སྐྱེས་བུ་དམ་པ་དག་དེང་ལ་བདུད་སྡིག་ཅན་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་དུ་ཆུག་ཤིག ། འདི་དམ་ཚིག་ལ་གནས་པར་གྱིས་ཤིག ། གཞན་ཡང་གང་དག་སྡང་བ་གདོན་དང་། བགེགས་དང་ལོག་འདྲེན་ལ་སོགས་པ་དྲག་ཤུལ་ཅན་དྲག་ཤུལ་གྱི་སེམས་དང་ ལྡན་པ། སྡིག་པ་ཅན་སྡིག་པའི་སེམས་དང་ལྡན་པ། སྡང་བ་ཅན་སྡང་བའི་སེམས་དང་ལྡན་པ་དག་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་མི་འཇུག་པ་དང་། མི་རྟོགས་པ་དང་ཡིད་མི་ཆེས་པ་ཐམས་ཅད་དེ་བཞིན་གཤེགས་པའི་བསྟན་པ་ལ་གནས་པར་ གྱིས་ཤིག་དང་། དེས་སེམས་ཅན་ཐམས་ཅད་ཀྱི་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ། ། དེ་སྐད་ཅེས་སྨྲས་པ་དང་། ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་བོ་དེ་དག་གིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་ཚིག་མཉན་ནས་དེ་བཞིན་གཤེགས་པའི་བསྟན་པ་ཡང་བཟུང་སྟེ། དུས་གཅིག་ཏུ་སྒྲ་སྐད་ཀྱི་ང་རོ་གཅིག་ཏུ་སེང་གེའི་སྒྲ་ཆེན་པོ་ཧཱུྃ་ཞེས་བྱ་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་འགེངས་ཤིང་གསང་སྔགས་ཀྱི་གཞི་དག་སྨྲས་སོ། ། སངས་རྒྱས་ལ་ཕྱག་འཚལ་ལོ། ། ཆོས་ལ་ཕྱག་འཚལ་ལོ། ། དགེ་འདུན་ལ་ཕྱག་ འཚལ་ལོ། །
BOཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་བདུན་པོ་དག་ལ་ཕྱག་འཚལ་ལོ། ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། ། རིག་སྔགས་ཀྱི་རྒྱལ་པོ་ ཆེན་པོ་རྡོ་རྗེའི་ལྕགས་ཀྱུ་ལ་ཕྱག་འཚལ་ལོ། ། རྡོ་རྗེའི་ལུ་གུ་རྒྱུད་ལ་ཕྱག་འཚལ་ལོ། ། རྡོ་རྗེའི་གནམ་ལྕགས་ལ་ཕྱག་འཚལ་ལོ། ། རྡོ་རྗེའི་ཤུགས་ལ་ཕྱག་འཚལ་ལོ། ། རྡོ་རྗེ་བེ་ཅོན་ལ་ཕྱག་འཚལ་ལོ། ། རྡོ་རྗེ་ཡན་ལག་དམར་ལ་ཕྱག་འཚལ་ལོ། ། སྟོབས་པོ་ཆེ་ལ་ཕྱག་ འཚལ་ལོ། ། རྡོ་རྗེས་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། ། འགྲོ་ལྡིང་བ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་ལ་ཕྱག་འཚལ་ལོ། ། རྡོ་རྗེའི་ཁྲོ་བོ་རྣམས་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཨོྃ་ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥུ་ཊ་ལ། སྥུ་ཊ་ཡ། སྤོ་ཊ་ཡ། སྥ་ཊ་ཡ། མོ་ཊ་མོ་ཊ། མོ་ཊ་ཡ་མོ་ཊ་ཡ། གྷཱུརྞྞགྷཱུརྞྞ། གྷཱུརྞཱ་བ་ཡ་གྷཱུརྞྞཱ་པ་ཡ། སརྦ་ས་ཏྭཱ་ནི། ཏྲ་ས་ཏྲ་ས། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲ་མ་བྷྲ་མ། སྃ་བྷྲཱམ་ཡ་སྃ་བྷྲཱམ་ཡ། སརྦབྷཱུ་ཏཱ་ནི། ཀུ་ཊ་ཡ་ཀུ་ཊ་ཡ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། སརྦ་ཤཏྲཱུཾ་ཎཾ།
BOགྟཊ་གྷཊ། སཾ་གྷཊ་ཡ། སཾ་གྷ་ཊ་ཡ། སརྦ་བྱི་དྱཱ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། ཨུཙྪཱ་ཊ་ཡ་བཛྲ་བཛྲ། ཧ་ན་བཛྲ་བཛྲ། ད་ཧ་བཛྲ་བཛྲ། པ་ཙ་བཛྲ་བཛྲ། མཱ་ཐ་བཛྲ་བཛྲ། ཨུཏྶཱ་ད་ཡ་མ་ཧཱ་བཛྲ་བཛྲ། ཏྷཱ་ར་བཛྲ་པཱ་ཎི་བྲི་ཡ། ཀ་ཧ་ཀ་ཧ། ཧ་ས་ཧ་ས། མ་ཧཱ་ཊཊྚ་ཧ་ས། ། ཁ་ཅིག་ཏུ་རྒྱ་ མཚོའི་རླབས་འཁྲུགས་པ་ལྟ་བུར་ཟབ་ཅིང་འཇིགས་སུ་རུང་བའི་ཧཱུྃ་ཞེས་བྱ་བའི་སེང་གེའི་སྒྲས་སྡང་བ་རབ་ཏུ་སྡང་བ་བགེགས་དང་ལོག་འདྲེན་ཀུན་དུ་སྐྲག་པར་བྱེད་པ་དང་། སྡང་བ་ཐམས་ཅད་གཞོམ་དུ་གསོལ། འཇོམས་སུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། བཛྲ་པར་པྲ་ད་སྥོ་ཊ། བསྒྲུབ་པར་བྱ་བ་ལྷ་དང་། ལྷ་མ་ཡིན་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། {ཡི་དགས་,ཡི་དྭགས་}དང་། ཤ་ཟ་དང་། མ་མོ་དང་། འབྱུང་པོ་དང་། གདོན་གྱི་ཚོགས་མཐར་འབྱིན་པ། འབྱེར་བར་མཛད་པ། ཧཱུྃ་ཧཱུྃ་ཕཊ་ཧེ་ཧེ་ཕཊ། ཨ་མོ་གྷ་ཕཊ། རྒྱལ་ཆེན་བཞིའི་ རིས་ཀྱི་ལྷ་ཁང་ཁྱིམ་དང་བཅས་པ། བུ་དང་ཆུང་མ་དང་། ཕྱུགས་དང་རྩ་ལག་དང་བཅས་པ་གཡོ་བར་བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ་འབྱེར་བར་བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ།
BOསུམ་ཅུ་རྩ་གསུམ་གྱི་ལྷ་ཁང་ཁྱིམ་དང་བཅས་པ། བུ་དང་ཆུང་མ་དང་། ཕྱུགས་དང་། རྩ་ ལག་དང་བཅས་པ་གཡོ་བར་བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། འབྱེར་པར་བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། ལྷའི་དབང་པོ་བརྒྱ་བྱིན་ཁང་ཁྱིམ་དང་བཅས་པ། བུ་དང་ཆུང་མ་དང་། ཕྱུགས་དང་རྩ་ལག་དང་བཅས་པ་གཡོ་བར་བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ ཕཊ། འཐབ་བྲལ་གྱི་ལྷ་ཁང་ཁྱིམ་དང་བཅས་པ། བུ་དང་ཆུང་མ་དང་། ཕྱུགས་དང་རྩ་ལག་དང་བཅས་པ་གཡོ་བར་བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། དགའ་ལྡན་གྱི་ལྷ་ཁང་ཁྱིམ་དང་བཅས་པ། བུ་དང་ཆུང་མ་དང་། ཕྱུགས་དང་རྩ་ལག་དང་བཅས་པ་གཡོ་བར་ བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། འཕྲུལ་དགའི་ལྷ་ཁང་ཁྱིམ་དང་བཅས་པ། བུ་དང་ཆུང་མ་དང་། ཕྱུགས་དང་རྩ་ལག་དང་བཅས་པ་གཡོ་བར་བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ཁང་ཁྱིམ་དང་བཅས་པ། བུ་དང་ཆུང་མ་དང་། ཕྱུགས་ དང་། རྩ་ལག་དང་བཅས་པ་གཡོ་བར་བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ་འོད་གསལ་དང་། ཚངས་རིས་ནས་གནས་གཙང་མའི་རིས་འོག་མིན་གྱི་བར་གྱི་ལྷ་ཁང་ཁྱིམ་དང་བཅས་པ། བུ་དང་ཆུང་མ་དང་།
BOཕྱུགས་དང་རྩ་ལག་དང་བཅས་པ་གཡོ་ བར་བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། འབྱེར་བར་བགྱིད་དུ་སྩལ་དུ་གསོལ། རིགས་སྔགས་འཆང་གྲུབ་པ་རྣམས་རེངས་པར་མཛད་དུ་གསོལ། རྨུགས་པར་མཛད་དུ་གསོལ། རྨོངས་པར་མཛད་དུ་གསོལ། གཅུ་བར་གསོལ་གཅད་དུ་གསོལ། གཞིག་ཏུ་གསོལ་རྣམ་ པར་གཞིག་ཏུ་གསོལ། མནན་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། ཨོྃ་ཁྲོ་བོ་ཁྲོ་བོ་ཆེན་པོ་རྣམ་པར་བཀྲ་བ། སེར་སྐྱ་པོ་ནག་པོ། དམར་པོ་སེར་པོ། མི་ཕམ་པ། རྟག་ཏུ་འབར་བའི་ཁྲོ་བོ། ། སུ་རུ་སུ་རུ་སུ་རུ། མུ་རུ་མུ་རུ་མུ་རུ། ཏུ་རུ་ཏུ་རུ་ཏུ་རུ། གྷུ་རུ་གྷུ་རུ་གྷུ་རུ། དྷུ་རུ་དྷུ་རུ་དྷུ་རུ། ཐ་ར་ཐ་ར་ཐ་ར། བྷ་ར་བྷ་ར། ཧ་ར་ཧ་ར། ཡ་ར་ཡ་ར། མ་ར་མ་ར། ཀུ་ཧུ་ཀུ་ཧུ། ཙི་ལི་ཙི་ལི། མི་ལི་མི་ལི། ལུ་ཊུ་ལུ་ཊུ། སརྦ་ཊཱ་ལཱ་མ་མ་ཧཱུྃ། པུ་ལུ་པུ་ལུ་ལེན་ཏམ། ལོ་ཧ་སི་ལེན་ཏ་མ། མུ་ལུ་ལང་ཁཱ་སེ། ཙུ་ལུ་ཙུ་ལེན་ཏམ། མ་ལུ་ཁུ་བུ་ལེན་ཏམ། མ་ལུ་རུ་བི། ཀུརྦི་བུརྦ། ལེ་ཎྱུསྤུ་ར་གྷ་ཎྱུ་སྤུ་བི་རི་ཙུ། སུ་རུ་སུ་རུ། མུ་རུ་མུ་རུ། སུ་མུ་སུ་མུ་རུ་ཨ་ཀ་ཊེ་བི་ཀ་ཊེ། ནི་ཀ་ཊེ། ཀ་ཊ་བི་ཀ་ཊེ། ནི་ཀ་ཊེ། ཀ་ཊང་ཀ་ཊེ། ཛ་ཡེ་པི་ཛ་ཡེ། ཛ་ཡན་ཏི། བི་ཛ་ཡན་ཏི། ཏི་མིང་གི་སི།
BOམ་ཧཱ་ཏི་མིང་གི་སི། གྷུ་ཏང་ག་མེ། གྷུ་ཏ་བ་རཱ་ཡ་ཎེ། སྡང་བ་རྣམས་ལ་རྗེས་ སུ་འདོམས་པ། མ་དུལ་བ་རྣམས་འདུལ་བ། དྲག་ཤུལ་ཅན་རྣམས་འབྱེར་བར་མཛད་པ། དཔའ་བོ་རྣམས་ཀྱི་ནང་ན་དཔའ་བ། དེས་པ་རྣམས་ཀྱི་ནང་ན་དེས་པ། མ་གྲུབ་པ་རྣམས་གྲུབ་པར་མཛད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་མཛད་པ། སེམས་ཅན་ཐམས་ཅད་ལ་ཕན་ པ་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མནས་བསྒགས་པ། སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་མཛད་པ། རྡོ་རྗེའི་རིགས་ཀྱི་རིགས་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། ཚུར་གཤེགས་ཚུར་གཤེགས། རྡོ་རྗེ་རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་ པ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱི་མདུན་དུ་དམ་ཚིག་གང་བཅས་པ་དེ་རྗེས་སུ་བསྐྱང་དུ་གསོལ། རྗེས་སུ་བསྐྱང་དུ་ གསོལ། གཤེགས་སུ་གསོལ། མྱུར་དུ་གཤེགས་སུ་གསོལ། བདག་གི་ལས་རྣམས་མྱུར་བ་མྱུར་བར་བསྒྲུབ་ཏུ་གསོལ། སྐྲག་པར་བྱེད་པ། རྡོ་རྗེ་འཛིན་པ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། ཧུ་རུ་ཧུ་རུ།
BOགྲུབ་པ་དྲག་པོ་ལག་ན་རྡོ་རྗེ་བཀའ་སྩོལ་ཅིག་སྭཱ་ཧཱ། ཤིན་ཏུ་གྲུབ་ པར་བྱེད་པ་ལ་སྭཱ་ཧཱ། རྡོ་རྗེ་ཆེན་པོ་ལ་སྭཱ་ཧཱ། རྡོ་རྗེ་ཕུར་བ་ལ་སྭཱ་ཧཱ། རྡོ་རྗེ་འཇོམས་པ་ལ་སྭཱ་ཧཱ། རྡོ་རྗེས་བྱིན་གྱིས་བརླབས་པ་ལ་སྭཱ་ཧཱ། རྡོ་རྗེ་ཀཱི་ལི་ཀཱི་ལ་ལ་སྭཱ་ཧཱ། དྲག་པོ་ཀཱི་ལི་ཀཱི་ལ་ལ་སྭཱ་ཧཱ། དམར་པོ་ཀཱི་ལི་ཀཱི་ལ་ལ་སྭཱ་ཧཱ། བྱིས་པ་ཀཱི་ལི་ཀཱི་ལ་ལ་སྭཱ་ཧཱ། སངས་རྒྱས་ཐམས་ ཅད་ཀྱིས་བྱིན་གྱིས་བརླབས་པ་ལ་སྭཱ་ཧཱ། བདག་གི་གནོད་པ་དང་། ནང་འགོ་བ་ཐམས་ཅད་དང་། རིམས་ཐམས་ཅད་མེད་པར་མཛོད་ཅིག་སྭཱ་ཧཱ། དེ་ནས་རྡོ་རྗེ་ཁྲོ་བོ་ཆེན་པོས་འདི་སྐད་སྨྲས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ ཏེ། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དང་དེ་བཞིན་དུ་བར་སྣང་ལ་རྡོ་རྗེའི་སྐར་མདའ་ཆེན་པོའི་བེ་ཅོན་འབབ་པར་སྣང་ངོ་། ། གནམ་གྲུམ་པའི་སྒྲ་ཆེན་པོ་ཡང་གྲག་གོ། ། ཀུན་ནས་ས་ཆེན་པོ་འདི་གྲུམ་པར་ཀུན་དུ་སྣང་ངོ་། ། ས་ཆེན་པོའི་སེར་ཀ་དེ་དག་ནས་ཡན་ལག་ བརྒྱད་དང་ལྡན་པའི་ཆུའི་རྒྱུན་གྱེན་དུ་བྱུང་ངོ་། །
BOཆུའི་རྒྱུན་དེ་དག་གིས་རྣམ་པར་འཇིག་པའི་དུས་ཀྱི་ཆུ་བཞིན་དུས་ཆེན་པོ་ཐམས་ཅད་ཀུན་དུ་གང་བར་སྣང་ངོ་། ། གང་དག་སའི་འོག་ན་གནས་པའི་ཀླུ་ཆེན་པོ་དང་། ལྷ་ཆེན་པོ་དང་ལྷ་མ་ཡིན་ཆེན་པོ་དེ་དག་ཐམས་ཅད་ཀྱང་སའི་ འོག་ནས་འཐོན་ཅིང་རི་རབ་ཀྱི་དྲུང་དུ་འཐོན་ཏེ་གྱེན་དུ་བྱུང་ནས་བཅོམ་ལྡན་འདས་ལ་སྐྱབས་སུ་དོང་ངོ་། ། དེ་ནས་དྲག་ཤུལ་ཅན་དྲག་ཤུལ་གྱི་སེམས་དང་ལྡན་པ། སྡང་བ་ཅན་སྡང་བའི་སེམས་དང་ལྡན་པའི་འབྱུང་པོ་དང་། བགེགས་དང་ལོག་འདྲེན་གང་དག་འཁོད་པ་དེ་དག་ ཀྱང་ཀུན་དུ་འབར་རབ་ཏུ་འབར་ཞིང་། ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་དག་གིས་རང་རང་གི་ལུས་ཀུན་དུ་རྣམ་པར་འཇོམས་པར་ཤེས་ཏེ། དེ་དག་སྡུག་བསྔལ་ནི་བཟད་ཅིང་དྲག་ལ་རྩུབ་པས་ཉེན་ནས་ཧ་ཧ་ཞེས་བྱ་བའི་ངུ་སྐད་འཐོན་ཏེ་ཚིག་འདི་ སྐད་ཅེས་ཀྱང་སྨྲས་སོ། ། གསང་བ་པའི་བདག་པོ་བདག་ཅག་སྐད་ཅིག་གིས་སྲོག་ཀྱང་མ་མཆིས་པར་འགྱུར་དུ་བགྱིད་ན་འཇིགས་པ་ཆེན་པོར་ལྷུང་བ་འདི་ལས་ཡོངས་སུ་བསྐྱབ་ཏུ་གསོལ། བགེགས་དང་ལོག་འདྲེན་རྣམས་ཇི་ལྟ་བ་དེ་བཞིན་དུ་གཞན་འཇིག་རྟེན་གྱི་ཁམས་གཞན་ ཐམས་ཅད་ན་གནས་པ་དང་། རི་དང་། ཆུ་བོ་དང་། ལྟེང་ཀ་དང་། རྫིང་དང་།
BOདུར་ཁྲོད་དང་། ཤིང་དང་། ཐིབས་པོ་དང་། ཁྲོན་པ་རྙིང་བ་དང་། བཏུང་ཆུ་དང་། ལམ་གྱི་བཞི་མདོ་དང་། སུམ་མདོ་དང་། གཙུག་ལག་ཁང་ཞིགས་པ་དང་། གནས་དང་། ལྷ་ཁང་ན་ གནས་པ་དག་ཐམས་ཅད་ཀྱིས་ཀྱང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འཇིགས་པ་ཆེན་པོར་ལྷུང་པ་འདི་ལས་ཡོངས་སུ་བསྐྱབ་ཏུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ། ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། ། དེ་བཞིན་དུ་ལྷའི་ཁང་པ་ཐམས་ཅད་གཡོས། རབ་ཏུ་གཡོས་ ཀུན་ཏུ་རབ་ཏུ་གཡོས་ཏེ། མོག་མོག་པོར་གྱུར་ཅིང་འོད་མེད་པར་ཀུན་དུ་སྣང་ངོ་། ། བདུད་ཀྱི་ཁྱིམ་ཐམས་ཅད་ཀྱང་ཀུན་དུ་འབར། རབ་ཏུ་འབར་ཞིང་། ཀུན་དུ་རབ་ཏུ་མཆིང་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པར་སྣང་ངོ་། ། གང་དག་བདུད་ཀྱི་རིས་ཀྱི་ལྷའི་བུ་དེ་དག་ ཐམས་ཅད་ཀྱང་རྡོ་རྗེ་ཁྲོ་བོ་ཆེན་པོས་དངངས་སྐྲག་སྟེ་རང་རང་གི་མགོ་རྡོ་རྗེ་རྣམས་ཀྱིས་རྣམ་པར་འཇོམས་པ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ ལ་སྐྱབས་སུ་དོང་ངོ་། །
BOབདུད་སྡིག་ཅན་ཡང་ཤིན་ཏུ་སྡུག་བསྔལ་བའི་ཚོར་བས་ཉམ་ཐག་ཅིང་སྐྲག་ལ་ཞུམ་སྟེ་གནོད་པས་དངངས་ནས་སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་ལ་སྐྱབས་སུ་སོང་། དགེ་འདུན་ལ་སྐྱབས་སུ་སོང་ངོ་། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ ཕྱག་འཚལ་ཏེ། ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་བོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་དག་ཡོངས་སུ་སྐྱོབས་ཤིག ། ཡོངས་སུ་སྐྱོབས་ཤིག ། བདག་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སངས་རྒྱས་ལ་སྐྱབས་སུ་འགྲོའོ། ། ཆོས་ལ་སྐྱབས་སུ་འགྲོའོ། ། དགེ་ འདུན་ལ་སྐྱབས་སུ་འགྲོའོ། ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་པ་ལྟ་བུ་དང་། མ་ལྟ་བུ་དང་། སྤུན་ལྟ་བུ་དང་། གཉེན་ལྟ་བུ་དང་། སྣག་གི་གཉེན་མཚམས་ལྟ་བུར་འགྱུར་བར་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བདག་དེང་ཕྱིན་ཆད་སེམས་ཅན་ཐམས་ཅད་ཀྱི་ཕ་ དང་། མ་དང་། སྤུན་དང་། གཉེན་དང་། སྣག་གི་གཉེན་མཚམས་སུ་འགྱུར་བར་བྱའོ། ། ལུས་དང་ངག་དང་། ཡིད་ཀྱི་ལས་ཅུང་ཟད་གང་ཅི་བྱེད་པ་དེ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། བདག་དབུགས་ཕྱུང་ནས་ གཞན་ཡང་དབུགས་དབྱུང་ངོ་། །
BOབདག་གྲོལ་ནས་གཞན་ཡང་དགྲོལ་ལོ། ། བདག་མྱ་ངན་ལས་འདས་ནས་གཞན་ཡང་མྱ་ངན་ལས་བཟླའོ། ། རུས་པ་དང་། རྐང་དང་། ཁྲག་དང་། ཤ་དང་། ཉམས་མཐུ་དང་། སྲོག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་རིམ་གྲོར་བྱའོ། ། མཆོད་པར་བྱའོ། ། རྗེད་པར་བྱའོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་། སློབ་དཔོན་དང་། བླ་མའི་གནས་ཐམས་ཅད་ལ་ཡང་བསྙེན་བཀུར་བྱའོ། ། བསྟི་སྟང་བྱའོ། ། རིམ་གྲོར་བྱའོ། ། མཆོད་པར་ བྱའོ། ། དེ་ནས་བདུད་སྡིག་ཅན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བཟུང་སྟེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ། དགའ་བ་ཐོབ་ནས་སྒྲ་སྐད་ཀྱི་ང་རོ་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ། ། གང་ གི་ཕྱིར་ན་བདུད་ཁྱོད་ཀྱིས། ། སེམས་ཅན་ཀུན་ལ་བདེ་བའི་ཕྱིར། ། བླ་མེད་བྱང་ཆུབ་སེམས་བསྐྱེད་པ། ། བདག་ཅག་རྗེས་སུ་ཡི་རང་ངོ་། ། རིན་ཆེན་སེམས་འདིས་མི་རིང་བར། ། རྣམ་འདྲེན་སངས་རྒྱས་གྱུར་ནས་ནི། ། སེམས་ཅན་ཤིན་ཏུ་སྡུག་བསྔལ་ཀུན། ། མྱ་ངན་ལས་ ནི་བཟླ་བར་གྱིས། ། རྒྱལ་བའི་མཆོག་འདི་ཇི་བཞིན་དུ། །
BOསྐྱེ་དགུ་ཐམས་ཅད་གདུལ་བར་བྱོས། ། སྟོབས་པོ་ཆེ་དང་ལྡན་པ་ཡི། ། བདུད་བཞི་པོ་དག་གདུལ་བར་གྱིས། ། དེ་སྐད་ཅེས་སྨྲས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་ཆེན་པོ་དེ་སངས་རྒྱས་ཀྱི་མཐུས་ རང་རང་གི་ལག་གི་སྙིམ་པ་ན་མེ་ཏོག་གི་ཕུར་མ་ཐོགས་པར་ཤེས་ཏེ། མེ་ཏོག་གི་ཕུར་མ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཁྲོ་བོ་ཆེན་ པོ་རྡོ་རྗེའི་ཁྲོ་བོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་གཏོར་བ་དང་དེ་ཡང་སངས་རྒྱས་ཀྱི་མཐུས་མེ་ཏོག་གི་གཞལ་མེད་ཁང་ཆེན་ པོར་གྱུར་ཏོ། ། བདུད་སྡིག་ཅན་ནི་མཆོག་ཏུ་བདེ་བས་ཚིམ་པར་གྱུར་ནས་སངས་རྒྱས་རྗེས་སུ་དྲན་པ་སྒོམ་ཞིང་རང་གི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྫུ་འཕྲུལ་གྱི་མཐུ་དང་། དེ་བཞིན་གཤེགས་པ་རྗེས་སུ་སེམས་པས་མདུན་དུ་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་དཔག་བསམ་ གྱི་ཤིང་དུ་མས་མིག་{མངས་,མང་}རིས་བརྒྱད་དུ་བྲེས་པ།
BOརིན་པོ་ཆེ་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། མརྒད་དང་། བཻཌཱུརྱ་དང་། ཨནྡ་རྙིལ་དང་། མཐོན་ཀ་ཆེན་པོ་དང་། ཀེ་ཀེ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། རྡོ་རྗེ་དང་། རྡོ་རྗེ་ཆེན་པོ་དང་། དུན་ལས་དང་། དུན་ལས་ཆེན་པོ་དང་། འཛམ་བུའི་ཆུ་བོའི་གསེར་གྱི་དྲ་བས་རྣམ་པར་སྤྲས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་བསྒྲེང་བས་ལེགས་པར་བརྒྱན་པ། མེ་ཏོག་གི་ཕྲེང་བས་བཀླུབས་པ། པོག་སྣོད་དུ་མ་ནས་ བདུག་པ་དྲི་ཞིམ་པོའི་ངད་ཀྱི་དྲི་ཞིམ་པར་བྱས་པ། ཕྱེ་མའི་དྲི་ཞིམ་པོའི་བསྒོ་བས་བསྒོས་པས། ལྷའི་བུ་མོ་འབུམ་ཕྲག་དུ་མ་སིལ་སྙན་དང་། ཕེག་རྡོབ་པ་དང་གླུ་ལེན་ཅིང་གར་བྱེད་པ། རྫིང་བུ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཅན་འབུམ་ཕྲག་དུ་མའི་དབུས་ནས་རིན་པོ་ཆེ་སྣ་ ཚོགས་ཀྱི་པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། ཨུཏྤལ་དང་། དྲི་མཆོག་བྱུང་བས་མཛེས་པར་བྱས་པའི་ཕྱོགས་དང་ལྡན་པ་བྱུང་ནས། དེ་མཆོག་ཏུ་དགའ་བ་དང་། རངས་པ་དང་། ཡིད་བདེ་བ་སྐྱེས་ཏེ་གུས་པ་ཐམས་ཅད་ཀྱིས་དེ་བླངས་ནས་བདུད་ཀྱི་མཐུ་ཆེན་པོ་དང་། བདུད་ ཀྱི་རྣམ་པར་འཕྲུལ་བ་ཆེན་པོ་དང་།
BOབདུད་ཀྱི་རྫུ་འཕྲུལ་ཆེན་པོས་ལག་པ་གཉིས་ཀ་སྤྱི་བོ་ལ་བླངས་ཏེ། དགེ་བའི་བཤེས་གཉེན་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་ལ་དགའ་བ་དང་། མཆོད་པའི་ཕྱིར་ཕུལ་ཏེ། ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ དོ། ། འཇིག་རྟེན་དག་ལ་དབང་བྱེད་དབང་གིས་འབྱོར་གྱུར་པ། ། སྟོབས་བཅུའི་སྲས་རབ་མཆོག་ལྡན་ཁྱོད་ལ་བརྟེན་ནས་སུ། ། བྱང་ཆུབ་ཕྱིར་ནི་ཆགས་བྲལ་དྲི་མེད་བྱང་ཆུབ་སེམས། ། སེམས་ཅན་བདེ་སྒྲུབ་གཏེར་དང་འདྲ་བ་བདག་གིས་ཐོབ། ། བདག་མིག་གཏི་མུག་མུན་པས་ དྲི་ཅན་དྲི་མེད་གྱུར། ། སྲིད་པའི་འདོད་ཆགས་རབ་ཏུ་ཞི་ཞིང་སྤྲོས་དང་བྲལ། ། མྱ་ངན་ལས་འདས་དྲང་པོའི་ལམ་ནི་བདག་ལ་བསྟན། ། སེམས་དམྱལ་མི་བཟད་ཐམས་ཅད་རབ་ཏུ་ཞི་བར་གྱུར། ། སྡིག་བྲལ་འཇིག་རྟེན་མགོན་ལ་སྐྱབས་སུ་མ་སོང་བ། ། ཀྱེ་མ་དམན་པ་ ཡུན་རིང་ཇི་ལྟ་བསླུས་ཤིག་གུ། ། དེ་རིང་ཐུབ་དབང་སྲས་པོ་རྣམས་ལ་བསོད་ནམས་དང་། ། དད་དང་སྙིང་རྗེ་ཏིང་འཛིན་ཐོབ་ནས་ངོ་མཚར་གྱུར། ། ས་མདོག་གཅིག་པུར་སངས་རྒྱས་མྱུར་དུ་གྲུབ་པར་ཤོག ། གཅིག་པུས་འགྲོ་བ་མ་ལུས་མྱ་ངན་བཟླ་བར་བྱ། ། སྲིད་པ་གཞན་ན་ཀུན་དུ་ རྒྱུ་རྩེ་བདག་གི་ཡིད། །
BOརང་ཕན་འཇུག་དང་དགེ་བཤེས་བྲལ་བར་མ་གྱུར་ཅིག ། དེ་ནས་བདུད་སྡིག་ཅན་གྱིས་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་མངོན་པར་བསྟོད་ནས་ཅང་མི་སྨྲ་བར་གྱུར་ཏོ། ། དེ་ནས་གསང་བ་པའི་ བདག་པོ་ལག་ན་རྡོ་རྗེས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་བོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་དག་སྡང་བ་དང་། གདོན་དང་བགེགས་དང་། ལོག་འདྲེན་དེ་དག་ཐམས་ཅད་གང་གིས་སེམས་ཅན་ཐམས་ཅད་ལས་རྣམ་པར་རྩོམ་པ་ལ་རྣམ་པར་མི་འཚེ་བ་དང་། བགེགས་མི་ བྱེད་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་འགྱུར་བར་དེ་བཞིན་གཤེགས་པའི་དམ་ཚིག་འཛིན་དུ་ཆུག་ཤིག ། རིགས་ཀྱི་བུ་དག་འདི་དག་ལ་མི་འཇིགས་པ་ཡང་བྱིན་ཅིག་དང་། དེ་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་བདེ་བ་དང་། མྱ་ངན་ལས་འདས་པ་བླ་ན་མེད་པ་ཡང་ཐོབ་པར་འགྱུར་རོ། ། དེ་སྐད་ཅེས་སྨྲས་པ་དང་། ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་བོ་དེ་དག་གིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ལེགས་སོ། ། ཞེས་ཏེ་ཚིག་ལ་མངོན་པར་དགའ་ནས་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་།
BOལྟོ་འཕྱེ་ཆེན་པོ་ལ་སོགས་པ་དེ་དག་ཐམས་ཅད་དང་། སྡང་བ་བགེགས་དང་། ལོག་འདྲེན་དང་། མ་མོ་དང་། {ཡི་དགས་,ཡི་དྭགས་}དང་། ཤ་ཟ་དང་། འབྱུང་པོ་དང་། གདོན་དང་། བརྗེད་བྱེད་དང་། སྲུལ་པོ་ དང་། ལུས་སྲུལ་པོ་དང་། རོ་ལངས་དང་། མཁའ་འགྲོ་དང་། སྒྲུབ་པ་དང་། སྦྲུལ་འཛིན་བཅས་པ་ལ་སོགས་པ་དེ་དག་ཐམས་ཅད་དང་། གདོན་གྱི་ཚོགས་དེ་དག་ཐམས་ཅད་ཀྱིས་རྡོ་རྗེ་ཆེན་པོ་མང་པོ་འབབ་པས་དཀྲུགས་པའི་མཚོ་ཆེན་པོ་ཟབ་མོ་ཀློང་འཁྱིལ་པ། འུར་འུར་ སྒྲ་འབྱུང་བ་ལྟ་བུར་དྲག་ཅིང་རྒྱུན་རིང་བའི་སྐད་གསང་མཐོན་པོས་འདི་སྐད་ཅེས་སྨྲས་སོ། ། སྡང་བ་འབྱུང་པོ་དང་། གདོན་དང་། བགེགས་དང་། ལོག་འདྲེན་ལ་སོགས་པ་དྲག་ཤུལ་ཅན་དྲག་ཤུལ་གྱི་སེམས་དང་ལྡན་པ། སྡིག་པ་ཅན་སྡིག་པའི་སེམས་དང་ལྡན་པ། སྡང་བ་ ཅན་སྡང་བའི་སེམས་དང་ལྡན་པ་ཁྱེད་ཐམས་ཅད་ཉོན་ཅིག ། ཁྱེད་ཀྱིས་དེང་ཕན་ཆད་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པ་དག་དང་། དེ་ལ་སོགས་པ་གང་དག་གསང་སྔགས་སྒྲུབ་བམ། ཀློག་པ་དེ་དག་ལ་བགེགས་འབྱུང་བར་མི་བྱ་ཞིང་འཚོ་བར་མི་ བྱ་སྟེ། སྒྲུབ་པ་དང་རྗེས་སུ་མཐུན་པར་སྟོབས་སྦྱིན་པར་བྱའོ། །
BOསེམས་ཅན་གང་དག་དམ་ཚིག་ལ་མ་ཞུགས་པ་དེ་དག་ལ་བསྲུང་བར་བྱ། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། རིག་སྔགས་འགྲུབ་པ་ སྦྱིན་པར་བྱའོ། ། སྦྲང་རྩི་དང་། ཚིགས་མ་དང་། སྒོག་པ་དང་། ཀིའུ་དང་། གཏོར་མ་དང་། འབྱུང་པོ་དང་། མི་བགྲུངས་པ་རྣམས་ཀྱི་ཤ་དང་ཟས་ཟོས་ཀྱང་སྐྱོན་དུ་མི་བཟུང་ཞིང་ཉེས་པར་མི་བརྩིའོ། ། དེ་ནས་སྡང་བ་འབྱུང་པོ་དང་། བགེགས་དང་། ལོག་འདྲེན་ལ་སོགས་པ་ ཐམས་ཅད་ཅེས་བྱ་བ་ནས་སྒྲ་སྐད་ཀྱི་ང་རོ་གཅིག་གིས་འདི་སྐད་ཅེས་སྨྲས་སོ། ། ཞེས་བྱ་བའི་བར་དུ་སྦྱར་རོ། ། རིགས་ཀྱི་བུ་དག་བཀའ་ལུང་ཅི་སྩལ་བ་དེ་བཞིན་དུ་སྦྱར་བར་བགྱིའོ། ། དེང་སླན་ཆད་སངས་རྒྱས་བཅོམ་ལྡན་འདས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། ། སེམས་ ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་བོ་དེ་དག་དང་། སྡང་བ་བགེགས་དང་། ལོག་འདྲེན་དང་། འབྱུང་པོ་དང་། གདོན་གྱི་ཚོགས་དེ་དག་ཐམས་ཅད་ལ་ལེགས་སོ་ ཞེས་བྱ་བ་བྱིན་ཏེ།
BOརིག་སྔགས་ཀྱི་ལས་དང་དམ་ཚིག་དང་། ཕྱག་རྒྱ་ཐམས་ཅད་འཛིན་དུ་བཅུག་གོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཡང་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་དེ་ལས་ལངས་སོ། ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་གསང་བ་པའི་བདག་པོ་ ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་གང་ལ་གནས་ནས་ཁྱོད་ཀྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་འདི་ལྟ་བུ་འདི་བསྟན་པ་དང་། བདུད་སྡིག་ཅན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གཞན་ཡང་སྡང་བ་གདོན་དང་། འབྱུང་པོ་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་ ཀྱང་དམ་ཚིག་ལ་བཀོད་ཅིང་བྱང་ཆུབ་ཀྱི་སེམས་འཛིན་དུ་བཅུག་པའི་ཏིང་ངེ་འཛིན་འདིའི་མིང་ཅི་ཞེས་བྱ་དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། ། བཙུན་པ་ཤ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་འདི་ནི་མིང་དང་ཡི་གེ་དང་ སྒྲ་སྐད་ཀྱིས་རྟོགས་པར་བྱ་བ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། གང་མིང་ངམ་གཟུགས་སམ། དབྱིབས་སམ། གནས་སམ། མཉམ་པར་བཞག་པའམ། གཡེངས་པ་ཡང་རུང་སྟེ། ཏིང་ངེ་འཛིན་ཅེས་བྱ་བའི་ཆོས་དེ་གང་ཡང་མེད་དོ། ། གང་ལ་མིང་མེད་པ་དང་།
BOགཟུགས་ མེད་པ་དང་། དབྱིབས་མེད་པ་དང་། གནས་མེད་པ་དང་། མཉམ་པར་བཞག་པ་མེད་པ་དང་། གཡེང་བ་མེད་པ་འདི་བཙུན་པ་ཤ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་འདི་མིང་ཅི་ཞིག་བྱ་ཞེས་དེ་ལ་ཇི་སྙམ་དུ་སེམས། ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་གསལ་བར་བྱེད་པ་འདི་ནི་བདག་ ལ་གསལ་བར་བྱེད་པ་མ་ཡིན་གཞན་ལ་གསལ་བར་བྱེད་པ་མ་ཡིན། གཉིས་ཀ་ལ་ཡང་གསལ་བར་བྱེད་པ་མ་ཡིན་ནོ། ། འོན་ཀྱང་གསལ་བར་བྱེད་པར་བཏགས་པ་ཡོད་དོ། ། དེ་ལ་གསལ་བར་བྱེད་པ་ནི་གསལ་བར་བྱེད་པའི་བདག་ཉིད་ཀྱིས་སྟོང་པ་དག་ནི་བདག་གིས་སྟོང་། གཞན་ཡང་གཞན་གྱི་བདག་ཉིད་ཀྱིས་སྟོང་། གཉིས་ཀ་ཡང་གཉིས་ཀའི་བདག་ཉིད་ཀྱིས་སྟོང་སྟེ། ཡང་དག་པ་མ་ཡིན་པ་ཀུན་དུ་བརྟགས་པའི་ཕྱིར་རོ། ། འདི་ཅི་ཞེས་བྱ་བའི་ཡི་གེ་གཉིས་ཀྱི་ཚིག་དེ་ཡང་ཚིག་གི་བདག་ཉིད་ཀྱིས་སྟོང་སྟེ་ཡི་གེ་ཡང་ཡི་གེ་མ་ཡིན་ནོ། ། དེ་ལྟར་ན་ རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་རྟོགས་པར་བྱེད་པ་ཡིན་ནོ། ། དོན་དེ་བརྗོད་པ་ན་ཡང་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་མོད་ཀྱི་གཞན་གྱི་དབང་ལ་རྟེན་པའི་ཕྱིར་ཡི་གེར་བཏགས་པ་ཡང་ཡོད་དོ། ། ཡོངས་སུ་བཏགས་པ་ཡིན་པའི་ཕྱིར་བརྟགས་པ་ཡང་སྟོང་བའོ། །
BOརྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་གཞན་གྱི་དབང་ཉིད་སྟོང་བའོ། ། རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་སྟོང་པའོ། ། གློ་བུར་དུ་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་འབྱུང་བ་ཡང་འབྱུང་བའི་བདག་ཉིད་ཀྱིས་སྟོང་ངོ་། ། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ ནི་རང་གི་མཚན་ཉིད་ཀྱིས་སྟོང་ངོ་། ། རང་གི་མཚན་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་མཚན་ཉིད་མེད་པའོ། ། མཚན་ཉིད་མེད་པ་གང་ཡིན་པ་དེ་དེ་བཞིན་ཉིད་དོ། ། དེ་བཞིན་ཉིད་གང་ཡིན་པ་དེ་མ་ནོར་བ་དེ་བཞིན་ཉིད་དོ། ། མ་ནོར་བ་དེ་བཞིན་ཉིད་གང་ཡིན་པ་དེ་གཞན་མ་ཡིན་པ་དེ་བཞིན་ ཉིད་དོ། ། གཞན་མ་ཡིན་པ་དེ་བཞིན་ཉིད་གང་ཡིན་པ་དེ་ཏིང་ངེ་འཛིན་ཏོ། ། ཏིང་ངེ་འཛིན་གང་ཡིན་པ་དེ་རྟོགས་པའོ། ། རྟོགས་པ་གང་ཡིན་པ་དེ་སྟོང་པ་ཉིད་དོ། ། སྟོང་པ་ཉིད་གང་ཡིན་པ་དེ་ལྷག་མཐོང་ངོ་། ། ལྷག་མཐོང་གང་ཡིན་པ་དེ་ཞི་གནས་སོ། ། ཞི་གནས་གང་ཡིན་པ་ དེ་རྣམ་པར་ཐར་པའོ། ། རྣམ་པར་ཐར་པ་གང་ཡིན་པ་དེ་དབུ་མའི་ལམ་ཡིན་ནོ། ། དབུ་མའི་ལམ་གང་ཡིན་པ་དེ་ལ་མཐའ་གཅིག་མེད། མཐའ་གཉིས་མེད། གཟུང་བ་མེད། འཛིན་པ་པོ་མེད། འཛིན་པ་མེད། ཆད་པ་མེད། རྟག་པ་མེད།
BOསྐྱེ་བ་མེད། འགག་པ་མེད། རྟོག་པ་མེད། རྣམ་པར་རྟོག་པ་མེད། རང་དབང་མེད། གཞན་གྱི་དབང་མེད། འགྲོ་བ་མེད། འོང་བ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད། འདུ་བ་མེད། འབྲལ་བ་མེད་དེ། དེ་ནི་ལྷག་མཐོང་ཡིན་ནོ། ། ལྷག་མཐོང་གང་ཡིན་པ་དེ་ལ་ཕུང་པོ་རྣམས་མེད། ཁམས་རྣམས་མེད། དབང་པོ་རྣམས་མེད། སྐྱེ་མཆེད་རྣམས་མེད། ཡུལ་རྣམས་མེད། ཡུལ་དུ་གདགས་པ་མེད། ལས་མེད་ལས་ཀྱི་འབྲས་བུ་མེད་དོ། ། གང་ལ་ལས་མེད་ཅིང་ལས་ཀྱི་འབྲས་བུ་མེད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། ། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་སོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཡིན་པ་དེ་ཆོས་སོ། ། ཆོས་གང་ཡིན་པ་དེ་མི་སྐྱེ་མི་འཆིའོ། ། མི་སྐྱེ་མི་འཆི་བ་གང་ཡིན་པ་དེ་ནམ་མཁའ་དང་ མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། ། བཙུན་པ་ཤ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཏིང་ངེ་འཛིན་བསྟན་པ་བཤད་པ་འདི་ནི་ཤིན་ཏུ་ཟབ་སྟེ། འདི་ལ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བ་ཡང་མེད་ན། འཇིག་རྟེན་པའི་མུ་སྟེགས་ཅན་དང་།
BOཕས་ཀྱི་རྒོལ་བ་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་ཆོས་ཀྱི་རྣམ་གྲངས་འདི་ནི་དགེ་བའི་རྩ་བ་མ་བསྐྱེད་པ་དང་། མོས་པ་ཆུང་བ་ཐམས་ཅད་ཀྱིས་ཤེས་པར་དཀའ་བ་སྟེ། གཞན་དུ་ན་འདི་དེ་བཞིན་གཤེགས་པའི་སྤྱན་གྱི་ཡུལ་དུ་གྱུར་པ་ནི་མ་གཏོགས་སོ། ། དེ་ལ་དེ་བཞིན་གཤེགས་པའི་ སྤྱན་ནི་དམིགས་པ་མེད་པ་གནས་པ་མེད་པའོ། ། དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དོ། ། དེ་བཞིན་ ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་སྟོང་པ་ཉིད་དོ། ། སྟོང་པ་ཉིད་གང་ཡིན་པ་དེ་ལ་དེ་བཞིན་གཤེགས་པ་མེད་དོ། ། དེ་བཞིན་གཤེགས་པའི་མཚན་ཉིད་མེད་དོ། ། ཤ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་གལ་ཏེ་དེ་བཞིན་གཤེགས་པ་མཚན་ཉིད་མེད་པ་ཡིན་ ན། དེ་ལ་ཇི་ལྟར་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དེ་བཞིན་གཤེགས་པ་ཞེས་བསྟན་ཅིང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་ལེགས་པར་བརྒྱན། ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གསུམ་རྣམ་པར་གཞག་པར་བལྟ།
BOཇི་ལྟར་དེ་བཞིན་གཤེགས་པ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་དེ་ནི་ཀུན་རྫོབ་ཀྱི་བརྡའི་ཚིག་གོ། ། བརྒྱན་ཅེས་བྱ་བ་དེ་ནི་སྤྲོས་པའི་ཡི་གེ་དང་ སྒྲའོ། ། དཔེ་བྱད་བཟང་པོ་ཞེས་བྱ་བ་དེ་ནི་སྒྱུ་མ་དང་རྨི་ལམ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་དེ་ནི་ནམ་མཁའི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། ། སྐུ་གསུམ་རྣམ་པར་གཞག་པ་ཞེས་བྱ་བ་དེ་ནི་ཚོགས་གཉིས་ཀྱིས་སྤྲུལ་པའི་མཚན་ཉིད་དོ། ། བཙུན་ པ་ཤ་ར་དྭ་ཏིའི་བུ་ཡང་འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའི་ཡུལ་ཏེ། དེ་ལ་སྐུའི་གསང་བ་ཞེས་བྱ་བ་དེ་ནི་བསོད་ནམས་ཆེན་པོའི་རྒྱུ་མཐུན་པའི་མཚན་ཉིད་དོ། ། བསོད་ནམས་ཀྱི་རྒྱུ་མཐུན་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་རྫོགས་པར་ལོངས་སྤྱོད་པའི་སྐུ་སྟེ། འདི་ ཡང་དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་དང་སྐུའི་གསང་བའོ། ། བཙུན་པ་ཤ་ར་དྭ་ཏིའི་བུ་གསུང་ཞེས་བྱ་བ་དེ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་མཚན་ཉིད་དོ།
BO། ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་མཚན་ཉིད་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུའོ། ། རྟེན་ཅིང་ འབྲེལ་བར་འབྱུང་བ་ཆད་པ་མེད་པ་དང་། རྟག་པ་མེད་པར་འཇུག་པ་ཐུགས་སུ་ཆུད་པ། ཡིད་ཀྱི་རྣམ་པར་ཤེས་པའི་ལམ་གྱིས་འཇུག་པ། བསམ་གཏན་གོམས་པར་བྱ་བར་ཤེས་པར་བྱ་བ་སྟེ། དམིགས་པ་མེད་པ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བས་ སྟོང་བ། ལུས་ཀྱི་ཡུལ་མ་ཡིན་པ། ངག་གི་སྤྱོད་ཡུལ་མ་ཡིན་པ། ཡིད་ཀྱི་རང་གི་ངོ་བོའི་ཡུལ་མ་ཡིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནམ་མཁའི་ཁམས་སུ་ཡང་དག་པར་འདུ་བའོ། ། དེ་བཞིན་གཤེགས་པའི་སྐུ་གསུམ་རྣམ་པར་གཞག་པ་ནི་དེ་ལྟར་ བལྟ་བར་བྱའོ། ། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུའོ། ། ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་ཆོས་རྣམས་ཀྱི་དབུ་མའི་ལམ་དུ་བལྟའོ། ། དབུ་མའི་ལམ་གང་ཡིན་པ་དེ་ནི་མི་སྐྱེ་མི་འཆི་བ་སྟེ། དེ་བཞིན་གཤེགས་ པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཀྱི་སྐུ་འདི་ནི་གནས་པ་ཉིད་དོ། །
BOབཙུན་པ་ཤ་ར་དྭ་ཏིའི་བུ་བསོད་ནམས་ཀྱི་རྒྱུ་མཐུན་པ་ཞེས་བྱ་བ་དེ་ནི་ཕ་རོལ་དུ་ཕྱིན་པ་དག་གི་རྣམ་གྲངས་སུ་གཏོགས་པའོ། ། དེ་ལ་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་དེ་ཡང་བསོད་ནམས་ཀྱི་རྒྱུ་མཐུན་པ་ཉིད་ དུ་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤ་ར་དྭ་ཏིའི་བུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་དེ་ནི་ཕྱི་ནང་གི་དངོས་པོ་རྣམ་པ་གཉིས་ཡོངས་སུ་གཏང་བར་བྱ་བའོ། ། དེ་ལ་ཕྱི་ཞེས་བྱ་བ་དེ་ནི་ཀུན་རྫོབ་ཀྱི་ཚིག་གོ། ། ནང་ཞེས་བྱ་བ་དེ་ནི་དོན་དམ་པའི་ཚིག་གོ། ། དེ་ལ་ཕྱི་ཞེས་ བྱ་བ་དེ་ནི་གང་ཟས་འདོད་པ་རྣམས་ལ་ཟས་དང་། སྐོམ་འདོད་པ་རྣམས་དང་། དེ་བཞིན་དུ་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། ས་དང་། མགོ་དང་། ལག་པ་དང་། རྐང་པ་དང་། མིག་ དང་། ཤ་དང་། ཁྲག་དང་། རྐང་དང་། ཚིལ་དང་། རུས་པའི་བར་དུ་སྦྱིན་པ་སྟེ། དེ་ཡང་ཐབས་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་ཟིན་པས་ཡོངས་སུ་བསྔོས་པ་རྣམ་པར་སྨིན་པ་ལ་མི་རེ་བ་དང་། གྱ་ནོམ་པ་དང་། རྒྱ་ཆེ་བ་དང་། རང་གི་བསྟི་སྟང་དུ་བྱས་ཏེ་རྣམ་པ་ ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྦྱིན་པ་འདི་ནི་ཕྱིའི་འོ། །
BOནང་གི་ནི་ཆོས་སྦྱིན་པའོ། ། དེ་ཡང་རྣམ་པ་གཉིས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པར་ཡང་དག་པར་གཞོལ་བ་དང་། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། བཟོད་པའི་གཏམ་ དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་གཏམ་དང་། སྙིང་རྗེས་ཡོངས་སུ་ཟིན་པ་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་འདུ་བའོ། ། གཞན་ཡང་ནང་གི་སྦྱིན་པ་ནི་གང་འདི་ མཐར་འཛིན་པ་དང་། སྐྱེ་བ་དང་འགག་པར་ཡོངས་སུ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཤེས་པ་དང་ཤེས་བྱ་རྣམ་པར་སྤངས་པ་དགའ་བས་ཡོངས་སུ་ཟིན་པ་སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་འདུ་བ་སྟེ། འདི་ནི་ཆོས་ཀྱི་སྦྱིན་པའོ། ། གང་འདི་ཉིད་ལ་ལུས་དང་ངག་ དང་། ཡིད་རྒོད་པ་མེད་པ་དང་། ཁེངས་པ་མེད་པ་དང་། ལུས་རྣམ་པར་གཡེང་བ་མེད་པ་དང་། ངག་རྣམ་པར་གཡེང་བ་མེད་པ་དང་། ཡིད་རྣམ་པར་གཡེང་བ་མེད་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་ཟིན་པ། གཅིག་ཏུ་ཉོན་མོངས་པ་མེད་པར་གནས་པ་ བཏང་སྙོམས་ཀྱིས་ཡོངས་སུ་ཟིན་པ། ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་འདུ་བ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའོ། །
BOགང་འདི་ཉིད་ལ་རང་གི་ལུས་དང་། སྲོག་ལ་མི་ལྟ་བར་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། ཆོས་དང་། ཆོས་མ་ ཡིན་པ་དང་། བདེན་པ་དང་། བདེན་པ་མ་ཡིན་པ་དང་། གཡོ་བ་དང་། མི་གཡོ་བའི་དངོས་པོ་རྣམ་པར་སྤོང་ཞིང་བྱམས་པས་ཡོངས་སུ་ཟིན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་འདུ་བ་འདི་ནི་འདིར་བཟོད་པའི་ཕ་རོལ་དུ་ཕྱིན་པའོ། ། གང་སྦྱིན་པ་དང་། ཚུལ་ ཁྲིམས་དང་། བཟོད་པ་དང་། ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་སེམས་སྤྲོ་ཞིང་རྩོམ་པ་དང་། ཡོངས་སུ་མི་སྐྱོ་བར་རྟག་ཏུ་གནས་པ་མེད་པ་དང་། དེ་དམིགས་པ་མེད་པ་དང་། བྱམས་པས་ཡོངས་སུ་ཟིན་པ་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་འདུ་བ་འདི་ནི་འདིར་ བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བསོད་ནམས་ཀྱི་ཚོགས་ཏེ། དེ་བཞིན་གཤེགས་པའི་རྫོགས་པར་ལོངས་སྤྱོད་པའི་སྐུའི་གསང་བ་གྲུབ་པར་བྱེད་པའོ། ། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་གང་ཕ་རོལ་དུ་ཕྱིན་པ་བཞི་ པོ་འདི་དག་ཉིད་རྟོགས་པ་སྟེ། ཕ་རོལ་དུ་ཕྱིན་པ་རྣམས་འབྱེད་པ་དང་། འབྲེལ་པ་དང་གསལ་བར་བྱེད་པ་དང་། དེ་ལ་གཞོལ་ཞིང་མི་རྟག་པ་དང་།
BOབདག་མེད་པ་དང་། སྟོང་པ་དང་། གསོ་བ་དང་། གསོ་བ་དང་། དངོས་པོ་མེད་པ་དང་། དངོས་པོ་ཐམས་ཅད་དངོས་པོ་མེད་ པར་ཡང་དག་པར་སྟོན་ཏོ། ། མདོར་བསྡུ་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སེལ་ཅིང་ཆོས་ཀྱི་དབྱིངས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་མཉམ་པར་ཡང་དག་པར་སྟོན་ཏེ། དམིགས་པ་དང་བྲལ་བ་འདི་ནི་འདིར་ བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའོ། ། དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཕྱི་མའི་མཐའ་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོ་ཉིད་གང་ཡིན་པ་འདི་ནི་འདིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ནི་ ཡེ་ཤེས་ཀྱི་ཚོགས་སོ། ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་དང་། ཚོགས་འདི་གཉིས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ཤེས་པ་དང་། ཤེས་བྱ་མཐའ་དག་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་རྟོགས་པར་བྱེད་པ་སྟེ། བཙུན་པ་ ཤ་ར་དྭ་ཏིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བ་མདོར་བསྡུས་ཏེ་བསྟན་པའོ། །
BOརྒྱ་ཆེར་རྣམ་པར་དབྱེ་བ་ནི་གལ་ཏེ་དེ་བཞིན་གཤེགས་པ་ཉིད་ཀྱིས་སྐུ་ཚེའི་ཚད་བསྐལ་པར་བཞུགས་ཏེ་བསྟན་ཅིང་བཤད་ཀྱང་མཐར་ཕྱིན་པར་མི་འགྱུར་རོ། ། སྐུའི་གསང་བ་ཇི་ལྟ་བ་བཞིན་དུ་ གསུང་གི་གསང་བ་ཡང་དེ་བཞིན་ནོ། ། ཐུགས་ཀྱི་གསང་བ་ནི་དེ་བཞིན་གཤེགས་པས་རྣམ་པ་དང་། སོ་སོའི་རྣམ་པ་དང་། ཁ་དོག་དང་། རྟགས་དང་། དབྱིབས་དང་། ངག་གི་རྣམ་པར་རྟོག་པའི་སྤྱོད་ཡུལ་དང་། བྱ་བ་ཐ་དད་པའི་སྦྱོར་བ་རྣམས་ཀྱིས་ཀྱང་བསྟན་པར་མི་ སྤྱོད་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའི་སོ་སོ་རང་གིས་རིག་པ་ནི་ཐུགས་ཀྱི་གསང་བ་ཡིན་པར་ཤེས་པར་བྱའོ། ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ནི་དེའི་ཕྱིར་རྣམ་གྲངས་འདིས་ཀྱང་དེ་ལྟར་རིག་པར་བྱ་སྟེ། བདག་ཅག་ལྟ་བུ་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ པ་རྣམས་ཀྱིས་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་སེམས་ཅན་གྱི་ཁམས་མཐའ་ཡས་མུ་མེད་པའི་བསམ་པ་དང་། ལྷག་པའི་བསམ་པ་དང་། མོས་པ་དང་། བློ་གྲོས་དང་། བློ་དང་། རྟོགས་ པ་དང་། མངོན་པར་འདོད་པ་མཐའ་ཡས་མུ་མེད་པ་དང་།
BOསེམས་ཀྱི་རྒྱུན་རྣམ་པ་ཐ་དད་པ་སྣ་ཚོགས་ཀྱི་རྗེས་སུ་འགྲོ་བའི་སྤྱོད་ཡུལ་དང་། སྐྱེ་གནས་སྣ་ཚོགས་དང་། ལྷན་ཅིག་སྐྱེས་པའི་ལས་སྣ་ཚོགས་དང་། མི་ཤེས་པ་དང་མ་རིག་པའི་མུན་པ་དང་། མི་སྣང་བ་ དང་། མུན་ནག་དང་། འགྲོ་བ་ལྔ་དང་། འགྲོ་བ་དྲུག་དང་། ཁམས་གསུམ་པ་ཐོག་མ་དང་། དབུས་དང་། འཇིག་པར་གནས་པ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་མ་ཆད་པར་གནས་པར་དུས་གསུམ་དང་། ཕྱོགས་ལ་མགོ་རྨོངས་པ། སྐྱེ་བ་དང་རྒ་བ་ལ་སོགས་པ་ ན་བ་དང་། ནད་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལ་སོགས་པས་ཉིན་གཅིག་བཞིན་དུ་བཅོམ་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་གྱི་ཁམས་མ་རྒལ་བ་བསྒྲལ་བ་དང་། མ་གྲོལ་བ་དགྲོལ་བ་དང་། དབུགས་ མ་ཕྱིན་པ་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་གཟུད་པ་དང་། གནས་པ་ཐམས་ཅད་གྱུར་པའི་ལམ་ལ་དགོད་པ་དང་། མྱ་ངན་ལས་འདས་པ་ཤིན་དུ་བདེ་བ། དོན་དམ་པ། ཞི་བ་འཁྲུག་པ་མེད་པ། དགེ་བ་ནད་མེད་པ་དང་།
BOསངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་མི་མཉམ་པ་དང་མཉམ་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྦྱར་བ་དང་། ཡང་དག་པར་འཛིན་དུ་འཇུག་པ་དང་། ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང་། དགའ་བ་དང་། དང་བ་དང་། མགུ་བའི་ས་ལ་ཡང་དག་པར་གཟུང་པ་དང་། ཆོས་རྟོགས་པའི་ཁྱད་པར་བརྗོད་པ་དང་། རྒྱ་མཚོ་ཆེན་པོ་ལྟར་ འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དུས་དང་། ཚོད་ལས་མི་འདའ་བར་བྱ་བ་དང་། དེ་དག་ལ་རྒྱུ་དེའི་དབང་དུ་བྱས་ཏེ་སྐྱེ་བོའི་ཚོགས་ཆེན་པོའི་དོན་དང་། ཕན་པ་དང་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཐེག་པ་ཆེན་པོ་བླ་ན་མེད་པའི་ཆོས་ཀྱི་ཚུལ་གཅིག་ ནས་གཅིག་ཏུ་བརྒྱུད་དེ་གནས་པར་བྱ་བ་དང་། གཅིག་ནས་གཅིག་ཏུ་ལུང་བྱིན་པས་ཐོས་པ་དང་། བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཤེས་རབ་དང་། ཡེ་ཤེས་གོམས་པ་རྣལ་འབྱོར་དུ་གྱུར་པའི་རྒྱུད་ཀྱི་རྒྱུན་མི་གཅད་པ་དང་།
BOསྐལ་བ་ཡོད་ལ་ཡོངས་སུ་མ་སྨིན་པ་ཡོངས་ སུ་སྨིན་པར་བྱ་བའི་འོས་སུ་གྱུར་པའི་དོན་གྱི་ཕྱིར་ཕྱོགས་ཙམ་གྱི་སྒོ་གཅིག་མདུན་དུ་བྱས་ཏེ་འཇུག་པར་བྱེད་པ་ཅུང་ཟད་ཅིག་བཤད་པར་བྱའོ། ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་མཆོག་ཏུ་ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བར་གྱུར་ཏེ་དགའ་བ་ཐོབ་ནས་གསང་བ་ པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། ། གང་གི་ཕྱིར་ཁོ་བོ་ཅག་ལྟ་བུ་ཉི་ཚེ་བའི་ཤེས་པ་དང་ལྡན་པ་གཞན་གྱིས་སྒྲ་བསྒྲགས་པའི་རྗེས་སུ་འགྲོ་བའི་ཉན་ཐོས་རྣམས་ལ་ཆོས་ཟབ་མོའི་ཚིག་གི་དོན་འདི་ལྟ་བུ་གསལ་བར་བྱས་ པ་ནི་རིགས་ཀྱི་བུ་ཁྱོད་ཡང་ལེགས་སོ། ། ལག་ན་རྡོ་རྗེས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། ། བཙུན་པ་ཤ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་འདིའི་མིང་ཅི་ཞེས་བྱ་ཞེས་དེ་སྐད་ཟེར་བ་ནི་ཏིང་ངེ་འཛིན་འདིའི་མིང་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ ཆེན་པོ་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ལྟ་བུ་བརྐྱང་སྟེ།
BOཕྱག་གཡས་པ་འཇམ་ཞིང་མཉེན་ལ་ཤིན་དུ་གཞོན་ཤ་ཆགས་པ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་མགོ་ལ་བཞག་སྟེ། ཆེད་དུ་བཀའ་སྩལ་པ་འདི་དག་ཀྱང་ཆེད་ དུ་བཀའ་སྩལ་ཏོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་ཀྱིས་གང་མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་གསང་བ་པའི་ཚིག་གི་དོན་བཞིན་དུ་སེམས་ཅན་ཐམས་ཅད་ལ་ལུང་བསྟན་ཅིང་བཤད་དེ་དཀྲོལ་ཞིང་རྣམ་པར་ཕྱེ་བ་ལེགས་སོ་ལེགས་སོ། ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ལག་ན་རྡོ་རྗེ་ལ་ཇི་ལྟར་ལེགས་སོ་ཞེས་བྱ་བ་བྱིན་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་གསང་བ་པའི་ བདག་པོ་ལག་ན་རྡོ་རྗེའི་མགོ་ལ་ཕྱག་བཞག་སྟེ། ཆེད་དུ་བཀའ་སྩལ་པ་འདི་དག་ཀྱང་ཆེད་དུ་བཀའ་སྩལ་ཅིང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་འཇིག་རྟེན་གྱི་ཁམས་མང་པོ་དག་ན་མིང་འཛིན་པ་ཡང་དཀོན་ན་རབ་ཏུ་གསལ་བར་བྱེད་པ་ལྟ་ཅི་སྨོས།
BOགསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷའི་བུ་གང་གཱའི་ཀླུང་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་བྱེ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་ལས་ཤིན་ཏུ་འདས་བསྙེད་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རབ་ཏུ་མང་པོ་དག་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ ཐོབ་པར་གྱུར་ཏོ། ། དེ་བས་ཀྱང་ཆེས་མང་བའི་སེམས་ཅན་རྣམས་ནི་ཕྱིར་མི་ལྡོག་པ་ཉིད་དུ་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་། དེ་མ་ཡིན་པ་སངས་རྒྱས་ཀྱི་ཞིང་གཞན་ དཔག་ཏུ་མེད་ཅིང་གྲངས་མེད་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཡང་ཆོས་ཀྱི་དགའ་པ་དང་།
BOམཆོད་པའི་ཕྱིར་ནམ་མཁའི་དཀྱིལ་ན་རྔ་རྣམས་མ་བརྡུངས་པར་ཀུན་ནས་སྒྲ་བྱུང་ངོ་། ། བྱང་ཆུབ་ སེམས་དཔའི་རྫུ་འཕྲུལ་གྱི་གཞལ་མེད་ཁང་གི་ཁང་བ་བརྩེགས་པ་རྣམས་སུ་ཀུན་ནས་སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་བླངས་པས་ལྷའི་བུ་མོ་རྣམས་གར་བྱེད་དོ། ། སྤོས་དང་། བྱུག་པ་དང་། བདུག་པ་དང་། ཕྱི་མ་དང་། གོས་དང་། གདུགས་དང་། རྒྱལ་ མཚན་དང་། བ་དན་དང་། དཔག་བསམ་གྱི་ཤིང་ལྗོན་པ་དང་། རིན་པོ་ཆེ་དང་། མུ་ཏིག་གི་རྒྱན་ཕྲེང་དང་། མེ་ཏོག་པདྨ་དང་། ཀུ་མུ་ད་དང་། ཨུཏྤལ་དང་། དྲི་མཆོག་དང་། སྣ་མའི་མེ་ཏོག་དང་། པ་རི་ཥ་ཀ་དང་། པ་རི་ཥ་ཀ་ཆེན་པོ་དང་། བཏང་བཟུང་དང་། བཏང་བཟུང་ ཆེན་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོ་དང་། ཀུན་ནས་སྐྱེས་དང་། ཀུན་ནས་སྐྱེས་ཆེན་པོའི་མེ་ཏོག་གི་ཆར་གྱི་སྤྲིན་ཀུན་ནས་མངོན་པར་བབ་པོ། ། སྤོས་ཆུའི་ཆར་གྱི་སྤྲིན་ཡང་མངོན་པར་བབ་པོ། ། དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་།
BOམ་མོའི་གདོན་གྱི་ཚོགས་དང་། འབྱུང་པོ་དང་། བརྗེད་བྱེད་དང་། སྐེམ་བྱེད་དང་། སྒྲུབ་པ་དང་། སྦྲུལ་འཛིན་བཅས་དང་། གནོན་པོ་དང་། མ་མོ་དང་། {ཡི་དགས་,ཡི་དྭགས་}དང་། ཤ་ཟ་དང་། བྲམ་ཟེའི་སྲིན་པོ་དང་། མཁའ་འགྲོ་མ་དང་། ཕྱོགས་དང་ཕྱོགས་མཚམས་དང་། མཁར་དང་རི་དང་། སའི་ལྷ་ལ་སོགས་པ་སྡང་བ་གདོན་བགེགས་དང་། ལོག་འདྲེན་ཐམས་ ཅད་དང་། དེ་མ་ཡིན་པ་གཞན་ཡང་ལྷ་དང་། མི་དང་མི་མ་ཡིན་པ་དག་བླ་གོས་རྣམས་ཕྲག་པ་གཅིག་ཏུ་གཟར་ཏེ་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་གིས་བདག་ཅག་གཟིར་ཅིང་ཉེ་བར་གཟིར་བས་རིག་སྔགས་འཆང་ཐམས་ཅད་དངོས་གྲུབ་སྩོལ་བ་དང་། དམ་ཚིག་ཐམས་ཅད་དུ་འཇུག་པ་ལ་ཡང་དག་པར་གནང་བར་བགྱིད་པར་འགྱུར་བ་རང་གི་སྙིང་པོ་འདི་བདག་ཅག་ལ་བསྟན་དུ་གསོལ། དེ་ནས་ བཅོམ་ལྡན་འདས་ཀྱིས་ཚངས་པ་ལ་སོགས་པ་ལྷའི་ཚོགས་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གྲོགས་པོ་དག་གང་གི་ཕྱིར་ཁྱེད་ཅག་འདི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ནི་ལེགས་སོ་ལེགས་སོ། །
BOདེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ ཤིག་དང་། ངས་ཁྱེད་རང་གི་སྙིང་པོ་བསྙན་པར་བྱའོ། ། དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་ལེགས་སོ་ལེགས་སོ་ཞེས་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་རྔ་བོ་ཆེ་དང་། རྒྱ་མཚོ་དང་། སྤྲིན་ཆེན་པོའི་སྒྲ་ལྟ་བུའི་གསུང་ཚངས་པ་ཆེན་པོའི་སྒྲ་ བས་ལྷག་པ་སྣ་ཚོགས་སྙན་ཅིང་རྒྱ་ཆེ་ལ་ཟབ་པ་ཐོག་མ་དང་། བར་དང་ཐ་མར་དགེ་བ། སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་འཐད་པ། གསལ་བ། འཇེབས་པ་དག་པ། མཉེན་པ་སྙན་པ། བརྗོད་པའི་ཚིག་ཁམས་གསུམ་པ་ཐམས་ཅད་ལ་གོ་བར་བྱེད་པ། དེ་བཞིན་གཤེགས་ པའི་སེང་གེའི་སྒྲ་བླ་ན་མེད་པ་དེས་གྲུབ་པའི་གསང་སྔགས་ཀྱི་གཞི་འདི་དག་གསུངས་སོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཛ་ཡ་ཛ་ཡ། ཛ་ཡ་བ་ཧ། ཙི་ལི་ཙི་ལི། མི་ལི་མི་ལི། ལུ་ཊུ་ ལུ་ཊུ། ཛ་ཡེ་བི་ཛ་ཡེ། ཛ་ཡནྟི། བི་ཛ་ཡནྟི། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། ཏདྱ་ཏེ། སརྦ་དུཥྚ་པྲ་དུཥྚ་སྟ་མ་བྷ་ནི། ཛམ་བྷ་ནི། མོ་ཧ་ནི། ཤྭེ་ཏེ་ཀ་རཱ་ལེ། ཀེ་ཡཱུ་རེ། སརྦ་བུདྡྷ་ཨ་དྷིཥྛི་ཏེ། བནྡྷ་རཱ་བཱ་སི་ནི། པརྞ་ཤ་བ་རི།
BOཤྲི་ཡེ་མ་ཧཱ་ཤྲི་ཡེ་སརྦ་ཨདྡྷཱུ་ཏ་ཡ་ཤྲི་ཏེ། པདྨ་བ་ཧེ། པདྨ་མཱ་ལི་ནི། བཛྲ་ཨྃ་ཀུ་ཤི། བཛྲ་མཱ་ཏེ། བཛྲ་པཱ་ཏཱ་ལི། ཤཱུ་ལི་ནི། བཛྲ་དྷ་རེ། ཧི་ཧི་ཧི་ཧི། བཛྲ་པཱ་ཎི། ཧེ་ཧེ་ཧེ་ཧེ། བཛྲ་པཱ་ཎི། བཛྲ་ཤཱུ་ལི་ཎི། ཙཀྲ་དྷ་རེ། ཧི་ཧི་བཛྲ་པཱ་ཎི། ཧེ་ཧེ་བཛྲ་པཱ་ཎི། ཧི་ཧི་ཧི་ཧི། ཧེ་ཧེ་ཧེ་ཧེ། བཛྲ་པཱ་ཎི། ཀ་ལ་ཀ་ལ། བ་ལ་བ་ལ། ར་ལ་ར་ལ། དྷ་མ་དྷ་མ། ས་ར་ས་ར། ཧཱ་ཧཱ་ཧཱ་ཧཱ་ཧཱ། ཙི་ལི་མེ་ལེ། ཚི་ལེ། དི་ལེ། དི་དི་ལ། དི་མི་ལེ། ཛྭ་ལེ། མ་ཧཱ་ཛྭ་ལེ། ཛྭ་ལི་ཏི། པྲ་ཛྭ་ལི་ཏི། ཐ་ར་ཐག་གེ་ཐ་རེ། མུ་ཀུ་ཏི། ཀྵ་མེ། ཀྵ་མ་མེ། གྲུབ་པའི་ཚོགས་ཀྱིས་ཕྱག་བྱས་མ། ལྷ་ཐམས་ ཅད་ཀྱི་སྙིང་ཀུན་དུ་འཇུག་པར་བྱེད་མ། སེམས་ཅན་ཐམས་ཅད་ཀྱི་སྙིང་འབིགས་མ། སྡང་བ་རབ་ཏུ་སྡང་བ་ཐམས་ཅད་ཀྱི་སྙིང་འཇོམས་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྗེས་སུ་སྐྱོང་མ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་པོ་ལ་འཇུག་མ་ཚུར་ ཤོག ། དམ་ཚིག་རྗེས་སུ་སྐྱོངས་ཤིག ། སེམས་ཅན་ཐམས་ཅད་ཀྱི་སྙིང་རྣམས་ཁུག་ལ་དམ་ཚིག་ལ་ཁོད་ཅིག ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་སྭཱ་ཧཱ། འཇིག་རྟེན་མཁྱེན་པ་ཐམས་ཅད་ལ་ཕྱག་འཚལ་ལོ་སྭཱ་ཧཱ། ཏྲ་ཊ་ཏྲ་ཊ།
BOསྥོ་ཊ་ཡ་སྭཱ་ཧཱ། གྱེན་དུ་ལྟ་ལ་སྭཱ་ཧཱ། རྣམ་ པར་ལྟ་ལ་སྭཱ་ཧཱ། ཆུ་སྲིན་ལ་སྭཱ་ཧཱ། མི་ལ་སྭཱ་ཧཱ། ཚངས་པ་ལ་སྭཱ་ཧཱ། ཁྱབ་འཇུག་ལ་སྭཱ་ཧཱ། དྲག་པོ་རྣམས་ལ་སྭཱ་ཧཱ། བརྒྱ་བྱིན་ལ་སྭཱ་ཧཱ། འཇིག་རྟེན་སྐྱོང་བ་རྣམས་ལ་སྭཱ་ཧཱ། ཐམས་ཅད་ལ་སྭཱ་ཧཱ། ལྷ་རྣམས་ལ་སྭཱ་ཧཱ། ནོར་རྣམས་ལ་སྭཱ་ཧཱ། མ་མོ་རྣམས་ལ་སྭཱ་ཧཱ། མཚུན་རྣམས་ལ་སྭཱ་ཧཱ། བགེགས་དང་ལོག་འདྲེན་ཐམས་ཅད་ལ་སྭཱ་ཧཱ། ས་ལ་སྭཱ་ཧཱ། དབྱངས་ཅན་ལ་སྭཱ་ཧཱ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། སྲིན་པོ་ལ་ སོགས་པ་ཁམས་གསུམ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་སྭཱ་ཧཱ། ཚུར་ཤོག་ཚུར་ཤོག ། དམ་ཚིག་རྗེས་སུ་སྐྱོངས་ཤིག ། ཀུ་རུ་ཀུ་རུ། ས་ར་ས་ར། ཏིཥྛ་ཏིཥྛ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཧཱུྃ་ཡཱུྃ་པཱུྃ། ཙཎྜ་ལི། མ་ཏང་གི། ཌོམྤི་ནི། བུཀྐ་ སི། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། ། བདག་ལ་གསང་སྔགས་གཞི་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། དེ་བཞིན་གཤེགས་པས་རང་གི་སྙིང་པོ་དང་།
BOལྷ་ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་པ་ན་ཐམས་ཅད་དང་ལྡན་པའི་ལྷའི་འཁོར་དེ་འཇིགས། དངངས་སྐྲག་པར་གྱུར་ནས། ཆུ་ཤིང་གི་ཚལ་རླུང་དྲག་པོ་ཆེན་པོས་བསྐྱོད་དེ་རྩ་བ་བཅད་པ་བཞིན་དུ་གཡོ་ཞིང་འགུལ་ལ་སྙིང་ཚིག་སྟེ། རྡོ་རྗེའི་ཕུར་བུས་བཏབ་པ་བཞིན་དུ་ཟུག་ཅིང་ཞིགས་ལ་འགྲེ་ཞིང་སྐྱབས་བཙལ་བའི་ཕྱིར་འདུ་ཤེས་ཙམ་གྱིས་སངས་རྒྱས་བཅོམ་ལྡན་འདས་ ལ་འབོད་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ལྷའི་འཁོར་འདི་སློང་ཤིག ། ངས་དམ་ཚིག་འདི་ཡོངས་སུ་འཛིན་དུ་གཞུག་གོ། ། རིག་སྔགས་གྲུབ་པ་འབྱོར་བར་བྱེད་པའི་སྙིང་པོ་ལ་གཞོལ་ བ་བསྒྲགས་སོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གསང་བ་པའི་སྙིང་པོ་འདིས་ལྷའི་འཁོར་དེ་དག་ཐམས་ཅད་བསླང་ངོ་། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་ པོ་ལ་ཕྱག་འཚལ་ལོ། ། ཨོྃ་ཀི་ལི་ཀི་ལ། བཱ་ལ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་བདག་གི་སྙིང་པོ་མཆོག་ཏུ་གསང་བ་ལགས་ཏེ། རིག་སྔགས་ཐམས་ཅད་འགྲུབ་པར་བགྱིད་པ་ལགས་སོ། །
BOདེས་ནི་བདག་ཀྱང་དྲངས་ནས་གཞན་གྱིས་མ་བཏང་བར་མཆིའོ། ། དབང་ དུ་མཆིའོ། ། དངོས་གྲུབ་སྩལ་བར་བགྱིའོ། ། ལུང་བཞིན་བགྱིའོ། ། བསྲུང་བར་བགྱིའོ། ། དཔལ་བསྐྱེད་པར་བགྱིའོ། ། བགེགས་དང་ལོག་འདྲེན་ཐམས་ཅད་རྣམ་པར་བཤིག་གོ། ། སེམས་ཅན་ཐམས་ཅད་གདུལ་བར་བགྱིའོ། ། འབྱུང་པོ་ཐམས་ཅད་རྣམ་པར་ བཤིག་པར་བགྱིའོ་ནད་ཐམས་ཅད་བསལ་བར་བགྱིའོ། ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། ། བཅོམ་ལྡན་འདས་བདག་གི་སྙིང་པོ་མཆོག་ཏུ་གསང་བ་འདི་ནི་འདི་ནས་བསྐལ་པ་གྲངས་མ་མཆིས་པ་གསུམ་དུ་དཀའ་བ་སྤྱོད་པ་ཆེན་པོ་བགྱིད་པ་ན་གནོད་པ་ བགྱིད་པ་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་རྣམ་པར་གཙེས་པའི་ཚེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོ་མཆོག་འཛིན་མེ་ལྟར་བློས་རྣམ་པར་བསྒྱིངས་ཤིང་རྣམ་པར་རོལ་པ་མངོན་ཤེས་དྲི་ཞིམ་སྣང་དཔལ་ གྱིས་བདག་ལ་བསྲུང་བའི་སླད་དུ་སྩལ་ཏོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་སྙིང་པོ་མཆོག་ཏུ་གསང་བ་འདི་སྨྲས་མ་ཐག་ཏུ་འཁོར་དེ་ཐམས་ཅད་བསམ་གཏན་གྱི་དགའ་བ་དང་བདེ་བས་ཚིམ་པར་གྱུར་ཏེ།
BOགསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་དམ་ཚིག་གི་བསྟན་པ་ལ་ གནས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག ། ཆོངས་ཤིག་ལྷོགས་ཤིག ། འཛིན་དུ་ཆུག་ཤིག ། ཀུན་ཆུབ་པར་གྱིས་ཤིག ། གཞན་དག་ལ་ཡང་རྒྱ་ཆེར་ ཡང་དག་པར་རབ་ཏུ་སྟོན་ཅིག་དང་། དེས་སེམས་ཅན་མང་པོ་ལ་ཡུན་རིང་པོར་ཕན་པ་དང་། བདེ་བ་དང་ཐ་མར་དེ་བཞིན་གཤེགས་པའི་ཡེ་ཤེས་བླ་ན་མེད་པ། ཆགས་པ་མེད་པ། སྒྲིབ་པ་མེད་པ་ཐོབ་ཅིང་རྟོགས་པར་འགྱུར་རོ། ། སུ་ཆོས་ཀྱི་རྣམ་གྲངས་ འདི་འཆང་བ་དང་། ཀློག་པ་དང་། འཛིན་དུ་འཇུག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། མཆོད་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། ཁ་ཏོན་བྱེད་པ་ དང་། ཉན་པ་དང་། སེམས་པ་དེ་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ངན་འགྲོ་ལོག་པར་འགྲོ་བར་མི་འགྱུར་རོ། ། རིགས་ དམའ་བ་རྣམས་སུ་སྐྱེ་བར་མི་འགྱུར།
BOདབུལ་པོའི་རིགས་རྣམས་སུ་སྐྱེ་བར་མི་འགྱུར་ཏེ། ཤེས་རབ་མེད་པར་ཡང་མ་ཡིན། མ་དུལ་བར་མ་ཡིན། ཚེ་ཐུང་བར་མ་ཡིན་ཞིང་། ཚེ་རབས་ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར་རོ། ། བྱང་ཆུབ་ཀྱི་སེམས་བརྗེད་ པར་མི་འགྱུར་རོ། ། ཐོས་པ་འཛིན་པར་འགྱུར་རོ། ། རབ་ཏུ་དབེན་པ་ལ་མངོན་པར་དགའ་བར་འགྱུར་རོ། ། འཁོར་ངན་པ་ཅན་མ་ཡིན་པར་འགྱུར་རོ། ། ཚིག་གཟུང་བར་འོས་ཤིང་སྙན་པར་འགྱུར་རོ། ། སྐལ་བ་བཟང་ཞིང་གཟུགས་བཟང་བར་འགྱུར་རོ། ། ཤེས་རབ་ཆེན་པོ་དང་། སྤོབས་པ་ཆེན་པོ་དང་། དབང་དང་ལྡན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་ལ་མཁས་པར་འགྱུར་རོ། ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་རོ། ། སྡིག་པའི་གྲོགས་པོ་ཡོངས་ སུ་སྤོང་བར་འགྱུར་རོ། ། ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་ཆེ་ཞིང་མཐའ་ཡས་པ་ལ་རྫུ་འཕྲུལ་དང་ལྡན་པར་འགྱུར་ རོ། ། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་དེ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་འགྱུར་རོ། ། ཚེ་འདི་ཉིད་ལ་བགེགས་དང་། ལོག་འདྲེན་དང་།
BOརིག་སྔགས་འཆང་གྲུབ་པ་དང་། འབྱུང་པོ་དག་དང་། གདོན་གྱི་ཚོགས་དང་། མ་མོ་དང་། {ཡི་དགས་,ཡི་དྭགས་}དང་། ཤ་ཟ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱིས་མི་ཐུལ་བར་འགྱུར་རོ། ། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། ། ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། ། དེ་ལ་རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། ། དེ་ལ་ལྷ་ཐམས་ཅད་ཀྱང་སྲུང་ཞིང་སྦེད་པ་དང་ཡོངས་སུ་སྐྱོབ་པར་འགྱུར་རོ། ། དེའི་རྩོམ་པ་ཐམས་ཅད་ཀྱང་སླ་བར་འགྱུར་རོ། ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་དམ་ཚིག་ལ་ཞུགས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BOཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཆོད་པའི་སྤྲིན་དུ་བསྟན་པ་ཞེས་བྱ་བར་ཟུང་ཤིག ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་སྒྲིབ་པ་མེད་པ་བསྐོར་བ་ཞེས་བྱ་བར་ཡང་ཟུང་ཤིག ། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ལ་མཁས་པ་ཞེས་བྱ་བར་ཡང་ཟུང་ཤིག ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག ། བདུད་ཀྱི་ཕྱོགས་འདུལ་བ་ཞེས་བྱ་བར་ཡང་ཟུང་ཤིག ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་རབ་ཏུ་རྟོགས་པ་ཞེས་བྱ་བར་ཡང་ཟུང་ཤིག ། དམ་པའི་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་ཅེས་བྱ་བར་ཡང་ཟུང་ཤིག ། རིག་སྔགས་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་ དང་དམ་ཚིག་ཐམས་ཅད་ལ་རབ་ཏུ་འཇོག་པ་ཞེས་བྱ་བར་ཡང་ཟུང་ཤིག ། ལག་ན་རྡོ་རྗེའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཞེས་བྱ་བར་ཡང་ཟུང་ཤིག ། རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ཞེས་བྱ་བར་ཟུང་ཤིག ། དེ་ནས་ཚེ་དང་ལྡན་པ་ ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ལེགས་སོ་ཞེས་གསོལ་ཏེ་མངོན་པར་དགའ་ནས་ཅང་མི་སྨྲ་བར་གྱུར་ཏོ། །
BOདེ་ནས་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་དེ་དག་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་ མ་ཡིན་པ་དེ་དག་ཐམས་ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་རྫོགས་{སྷོ,སོ}། ། ། ། རྒྱ་གར་གྱི་ མཁན་པོ་ཤཱེ་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །