The Secret of All That Exists

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ།

The Secret of All That Exists

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ།

BO
༄༅༅། ། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏགུ་ཧྱ་མ་ཧཱ་གུཔྟ་ཀོ་ཥ་ཨཀྵ་ཡ་ནི་དྷི་དཱི་པ་མ་ཧཱ་པྲ་ཏ་སཱ་དྷ་ན་ཏནྟྲ་ཛྙཱ་ནཱ་ཤྩརྱ་དྱུ་ཏི་ཙཀྲ་ན་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་མཛོད་ཆེན་པོ་མི་ཟད་པ་ གཏེར་གྱི་སྒྲོན་མ། བརྟུལ་ཞུགས་ཆེན་པོ་བསྒྲུབ་པའི་རྒྱུད། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། བཅོམ་ལྡན་འདས་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་ འདས་གསང་བ་མཆོག་གི་བདག་པོ་དཔལ་ཀུན་དུ་བཟང་པོ་ཆེན་པོ་ཡེ་ཤེས་རྔམ་པའི་རྒྱལ་པོ་ཞེས་བྱ་བ་ཕྱོགས་བཅུ་དང་དུས་བཞེས་བསྡུས་པའི་བདེ་བར་གཤེགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་མི་ཕྱེད་པའི་བདག་ཉིད་ཆེན་པོ། གསང་ བ་མཆོག་གི་དགྱེས་པ་ན། ལྷུན་གྱིས་གྲུབ་པའི་ལོངས་སྤྱོད་ཆེན་པོ། ཆོས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་ཀྱི་རང་བཞིན་ཆེན་པོ།
BO
ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེན་པོའི་བདག་ཉིད་དེ་འོག་མིན་གྱི་གནས་མཐའ་དང་དབུས་བརྗོད་དུ་མེད་པ་ན་རང་བཞིན་ ལྷུན་གྱིས་གྲུབ་པའི་གསང་བ་མཆོག་གི་དཀྱིལ་འཁོར་གསང་བ་ཡུམ་གྱི་མཁའ་རྣམ་པར་དག་པའི་གཞལ་ཡས་ཁང་ན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཆོས་ཐམས་ཅད་གཉིས་སུ་མེད་པའི་དབྱིངས་སུ་ཐིམ་པའི་འོད་ཟེར་གསལ་ བ། སྤྲོས་པ་མེད་པའི་ཚུལ་གྱིས་ཕོ་བྲང་གི་སྙིང་པོ་ཟླུམ་པོར་གྱུར་པ། དབྱིངས་དང་ཡེ་ཤེས་རྒྱུ་དང་འབྲས་བུར་ལྡན་པའི་འཁོར་ལོ་རྩིབས་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་སྣང་བའི་ཐབས་ལས་བྱུང་བའི་མུ་ཁྱུད་ཀྱིས་བསྐོར་བ། བསོད་ནམས་དང་ཡེ་ཤེས་ ཀྱི་ཚོགས་ཐུགས་རྗེ་རྒྱས་པའི་ཕྱིར་གྲུ་བཞིར་གསལ་བ། རྣམ་པར་ཐར་པའི་སྒོ་ནས་འཇུག་པའི་སྒོ་བཞི་ན་རྣམ་པར་ཐར་པ་བརྒྱད་ཀྱི་ལམ་སྟེགས་སུ་ཤར་བ། ཕྱི་དང་ནང་མེད་པར་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དེ་ན་ཉི་མ་དང་ཟླ་བ་རངས་པ་དང་ཕྱེད་ཀྱིས་འོད་གསལ་ བར་སྣང་བ་དང་། ཆེ་བའི་ཡོན་ཏན་རྣམ་པ་སྣ་ཚོགས་པའི་དྲིལ་བུ་དང་མུ་ཏིག་གི་ཆུན་མཛེས་འཕྱང་བ་དང་། ཤར་བུའི་རྒྱན་དང་། བླ་རེ་དང་། གདུགས་དང་།
BO
རྒྱལ་མཚན་ལ་སོགས་པའི་རྒྱན་གྱི་ཁྱད་པར་དང་། མཉམ་པ་ཉིད་ཀྱི་ཏ་ལའི་ལྗོན་ཤིང་ དང་། རེ་བ་སྐོང་བའི་དཔག་བསམ་གྱི་ཤིང་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་མཚན་དང་། འཇིག་རྟེན་པའི་ལྷ་དང་། ལྷའི་བུ་མོ་རྣམ་པ་སྣ་ཚོགས་པའི་རོལ་མོ་དང་གླུ་དབྱངས་ཀྱི་ཚིགས་སུ་བཅད་པས་བརྒྱན་པའི་གནས་ཁྱད་པར་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་ གྲུབ་པའི་གནས་དེ་ཉིད་ན་ཐབས་དང་ཤེས་རབ་རང་བཞིན་གྱིས་འོད་གསལ་བའི་ཉི་ཟླ་དང་མ་ཆགས་མ་གོས་པའི་པདྨ་དང་མི་ཟད་པའི་རིན་པོ་ཆེ་འབར་བའི་གདན་ཁྲི་དང་གཟིམས་ཆ་དང་སྣམ་རྟེན་དུ་ལྡན་པར་གནས་སོ། ། གཞན་ཡང་ཁྲག་འཐུང་གི་ཚོགས་འདུས་པའི་གནས་སུ་ ཡང་འགྱུར་ཏེ། དུར་ཁྲོད་ཀྱི་རྒྱན་གྱི་ཁྱད་པར་གྱི་བྱེ་བྲག་ཞིང་གི་གདན་དང་སྦྲུལ་ནག་གི་ཆུན་འཕྱང་དང་ཐོད་པ་རྣམ་གསུམ་གྱི་མཚན་མ་དང་། རླུང་ནག་གི་ཕུང་པོ་སྤུངས་ཤིང་རཀྟའི་རྒྱ་མཚོ་མི་བཟད་པར་འཁྲུག་པ་དང་། མེ་རི་སེར་ནག་ཏུ་འཁྱིལ་ཅིང་འབར་བ། ཀེང་རུས་ ཀྱི་རི་རབ་ལས་རཀྟའི་ཁྲག་ཞག་གི་ཆུ་འབབ་པ། འབར་བའི་འཕྲོ་བ་མང་པོ་འཁྲུག་པའི་གནས་ན་དྲེགས་པ་ཁྱོ་ཤུག་དང་།
BO
སེམས་ཅན་ཆེན་པོའི་གདན་དང་བཅས་པའི་གནས་ཀུན་དུ་བཟང་པོའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་གྲུབ་པ། རྣལ་འབྱོར་གྱི་དབང་ ཕྱུག་ཆེན་པོའི་རྡོ་རྗེ་གསང་བའི་གྲལ་དུ་གྱུར་པ་ན་རྣལ་འབྱོར་གྱི་དབང་ཕྱུག་གི་འཁོར་ཚོགས་བརྗོད་པ་ལས་འདས་པའི་ཡང་བརྗོད་པ་ལས་འདས་པ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་འཁོད་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ཁྲག་འཐུང་རོལ་པའི་ཚོགས་དང་། དད་པས་འདུས་པའི་ཚོགས་རྣམས་དང་ཐབས་ཅིག་ཏུ་བཞུགས་པ་འདི་ལྟ་སྟེ། ནམ་མཁའི་དབྱིངས་དང་མཉམ་པའི་དེ་བཞིན་གཤེགས་པ་བཙུན་མོ་དང་བཅས་པ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། དེ་བཞིན་ གཤེགས་པ་རིན་ཆེན་འབྱུང་ལྡན་དང་། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དང་། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་དང་། བཙུན་མོ་དམ་པ་དབྱིངས་ཕྱུག་མ་དང་། བཙུན་མོ་དམ་པ་སངས་རྒྱས་སྤྱན་དང་། བཙུན་མོ་དམ་པ་མཱ་མ་ཀཱི་དང་། བཙུན་ མོ་དམ་པ་གོས་དཀར་མོ་དང་། བཙུན་མོ་དམ་པ་སྒྲོལ་མ་དང་། གཞན་ཡང་རིགས་ཀྱི་རྣལ་འབྱོར་གྱི་འཁོར་བཙུན་མོའི་ཚོགས་དང་བཅས་པ་ནམ་མཁའ་དང་མཉམ་པ་རྣལ་འབྱོར་ཆེན་པོ་སེམས་དཔའི་རྡོ་རྗེ་དང་།
BO
རྣལ་འབྱོར་ཆེན་པོ་རིན་ཆེན་རྡོ་རྗེ་དང་། རྣལ་འབྱོར་ ཆེན་པོ་ཆོས་རྡོ་རྗེ་དང་། རྣལ་འབྱོར་ཆེན་པོ་ལས་རྡོ་རྗེ་དང་། རྣལ་འབྱོར་ཆེན་མོ་རྡོ་རྗེ་སེམས་མ་དང་། རྣལ་འབྱོར་ཆེན་མོ་རིན་ཆེན་སེམས་མ་དང་། རྣལ་འབྱོར་ཆེན་མོ་ཆོས་ཀྱི་སེམས་མ་དང་། རྣལ་འབྱོར་ཆེན་མོ་ལས་ཀྱི་སེམས་མ་དང་། གཞན་ཡང་ནམ་ མཁའ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་བཙུན་མོ་དང་བཅས་པ་བྱང་ཆུབ་ཆེན་པོ་སའི་སྙིང་པོ་དང་། བྱང་ཆུབ་ཆེན་པོ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ ཆུབ་ཆེན་པོ་འཇམ་དཔལ་གཞོན་ནུ་དང་། བྱང་ཆུབ་ཆེན་པོ་སྒྲིབ་པ་རྣམ་པར་སེལ་བ་དང་། བྱང་ཆུབ་ཆེན་པོ་བྱམས་པ་མཻ་ཏྲི་དང་། བྱང་ཆུབ་ཆེན་པོ་ཀུན་དུ་བཟང་པོ་དང་། བྱང་ཆུབ་ཆེན་མོ་སྒེག་མོ་དང་། བྱང་ཆུབ་ཆེན་མོ་ཕྲེང་བ་དང་། བྱང་ཆུབ་ཆེན་མོ་དབྱངས་ དང་། བྱང་ཆུབ་ཆེན་མོ་གར་མ་དང་། བྱང་ཆུབ་ཆེན་མོ་པོག་མེ་མ་དང་། བྱང་ཆུབ་ཆེན་མོ་མེ་ཏོག་མ་དང་། བྱང་ཆུབ་ཆེན་མོ་མར་མེ་མ་དང་། བྱང་ཆུབ་ཆེན་མོ་དྲི་དང་།
BO
གཞན་ཡང་འཇོམས་པ་ཆེན་པོའི་འཁོར་བཙུན་མོ་དང་བཅས་པ་ནམ་མཁའ་དང་མཉམ་ པ་འཇོམས་པ་ཆེན་པོ་གཤིན་རྗེ་གཤེད་པོ་དང་། འཇོམས་པ་ཆེན་པོ་སྟོབས་པོ་ཆེ་དང་། འཇོམས་པ་ཆེན་པོ་རྣམ་པར་རྒྱལ་བ་དང་། འཇོམས་པ་ཆེན་པོ་རྟའི་རྒྱལ་པོ་དང་། འཇོམས་པ་ཆེན་པོ་བདུད་རྩི་ཐབ་སྦྱོར་དང་། འཇོམས་མ་ཆེན་མོ་ལྕགས་ཀྱུ་མ་དང་། འཇོམས་མ་ཆེན་མོ་ཞགས་པ་མ་དང་། འཇོམས་མ་ཆེན་མོ་ལྕགས་སྒྲོག་མ་དང་། འཇོམས་མ་ཆེན་མོ་འབེབས་མ་དང་། གཞན་ཡང་ཐུབ་པའི་སྲས་ཀྱི་འཁོར་རྡུལ་ཕྲ་རབ་སྙེད་དང་མཉམ་པ། ཐུབ་པ་ཆེན་པོ་ལྷའི་དབང་པོ་དང་། ཐུབ་པ་ཆེན་པོ་ལྷ་མ་ཡིན་ གྱི་དབང་པོ་དང་། ཐུབ་པ་ཆེན་པོ་མིའི་དབང་པོ་དང་། ཐུབ་པ་ཆེན་པོ་དུད་འགྲོའི་དབང་པོ་དང་། ཐུབ་པ་ཆེན་པོ་{ཡི་དགས་,ཡི་དྭགས་}ཀྱི་དབང་པོ་དང་། ཐུབ་པ་ཆེན་པོ་དམྱལ་བའི་དབང་པོ་དང་། དེ་དག་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྲས་ཀྱི་ཚོགས་གྲངས་མེད་པ་དང་། ཡང་ཐབས་ཅིག་ཏུ་བཞུགས་སོ། ། གཞན་ཡང་ཁྲག་འཐུང་རོལ་པའི་དཔལ་ཧེ་རུ་ཀ་བཙུན་མོའི་ཚོགས་དང་བཅས་པ་འདི་ལྟ་སྟེ། ཁྲག་འཐུང་ཆེན་པོ་དཔལ་བུདྡྷ་ཧེ་རུ་ཀ་ཞེས་བྱ་བ་དང་། ཁྲག་འཐུང་ཆེན་པོ་དཔལ་བཛྲ་ཧེ་རུ་ཀ་ཞེས་བྱ་བ་དང་།
BO
ཁྲག་འཐུང་ཆེན་པོ་དཔལ་ རཏྣ་ཧེ་རུ་ཀ་ཞེས་བྱ་བ་དང་། ཁྲག་འཐུང་ཆེན་པོ་དཔལ་པདྨ་ཧེ་རུ་ཀ་ཞེས་བྱ་བ་དང་། ཁྲག་འཐུང་ཆེན་པོ་དཔལ་ཀརྨ་ཧེ་རུ་ཀ་ཞེས་བྱ་བ་དང་། བཙུན་མོ་བུདྡྷ་ཀྲོ་དྷི་ཞེས་བྱ་བ་དང་། བཙུན་མོ་བཛྲ་ཀྲོ་དྷི་ཞེས་བྱ་བ་དང་། བཙུན་མོ་རཏྣ་ཀྲོ་དྷི་ཞེས་བྱ་བ་དང་། བཙུན་མོ་པདྨ་ ཀྲོ་དྷི་ཞེས་བྱ་བ་དང་། བཙུན་མོ་ཀརྨ་ཀྲོ་དྷི་ཞེས་བྱ་བ་དང་། གཞན་ཡང་གསང་བ་ཆེན་པོ་འཁོར་བཙུན་མོ་དང་བཅས་པ་གསང་བ་ཆེན་པོ་རཀྵ་ཧེ་རུ་ཀ་ཞེས་བྱ་བ་དང་། གསང་བ་ཆེན་པོ་ཡཀྵ་ཧེ་རུ་ཀ་ཞེས་བྱ་བ་དང་། གསང་བ་ཆེན་པོ་བི་ཤྭ་ཧེ་རུ་ཀ་ཞེས་བྱ་བ་དང་། གསང་བ་ ཆེན་པོ་ས་མ་ཡ་ཧེ་རུ་ཀ་ཞེས་བྱ་བ་དང་། གསང་བ་ཆེན་མོ་རཀྵ་ཀྲོ་དྷི་ཞེས་བྱ་བ་དང་། གསང་བ་ཆེན་མོ་ཡཀྵ་ཀྲོ་དྷི་ཞེས་བྱ་བ་དང་། གསང་བ་ཆེན་མོ་བི་ཤྭ་ཀྲོ་དྷི་ཞེས་བྱ་བ་དང་། གསང་བ་ཆེན་མོ་ས་མ་ཡ་ཀྲོ་དྷི་ཞེས་བྱ་བ་དང་། གཞན་ཡང་ཕྲ་མེན་མ་ཉི་ཤུའི་ཚོགས་ ཀྱི་འཁོར་དཀར་མོའི་ཚོགས་ཞེས་བྱ་བ་དང་། རྐུན་མོའི་ཚོགས་ཞེས་བྱ་བ་དང་། སྦོས་མོའི་ཚོགས་ཞེས་བྱ་བ་དང་། གཏུམ་མོའི་ཚོགས་ཞེས་བྱ་བ་དང་། རྨོངས་མོའི་ཚོགས་ཞེས་བྱ་བ་དང་། ཐལ་བྱེད་མའི་ཚོགས་ཞེས་བྱ་བ་དང་།
BO
སྨེ་ཤ་ཅན་གྱི་ཚོགས་ཞེས་བྱ་བ་དང་། མ་ ཚོགས་ཞེས་བྱ་བ་དང་། སེང་གདོང་གི་ཚོགས་ཞེས་བྱ་བ་དང་། སྟག་གདོང་གི་ཚོགས་ཞེས་བྱ་བ་དང་། ཝ་གདོང་གི་ཚོགས་ཞེས་བྱ་བ་དང་། ཁྱི་གདོང་གི་ཚོགས་ཞེས་བྱ་བ་དང་། བཞད་གདོང་གི་ཚོགས་ཞེས་བྱ་བ་དང་། ཀང་ཀའི་གདོང་གི་ཚོགས་ཞེས་བྱ་བ་དང་། དུར་ བྱའི་གདོང་གི་ཚོགས་ཞེས་བྱ་བ་དང་། བྱ་རོག་གདོང་གི་ཚོགས་ཞེས་བྱ་བ་དང་། འུག་པའི་གདོང་གི་ཚོགས་ཞེས་བྱ་བ་དང་། རྟ་གདོང་གི་ཚོགས་ཞེས་བྱ་བ་དང་། ཕག་གདོང་གི་ཚོགས་ཞེས་བྱ་བ་དང་། སེང་གདོང་གི་ཚོགས་ཞེས་བྱ་བ་དང་། སྤྲེ་གདོང་གི་ཚོགས་ཞེས་བྱ་བ་ ལ་སོགས་པ། ཕྲ་མེན་མའི་ཚོགས་ཤིན་ཏུ་མང་བ་དང་། གཞན་ཡང་རྡོ་རྗེ་སྲིན་པོ་ཁྲོ་བོའི་ཚོགས་རྡོ་རྗེ་སྲིན་པོ་ཁྲོ་བོ་རྣམ་པར་རྒྱལ་བ་ཞེས་བྱ་བ་དང་། དབྱུག་པ་སྔོན་པོ་ཞེས་བྱ་བ་དང་། གཤིན་རྗེ་གཤེད་ཅེས་བྱ་བ་དང་། མི་གཡོ་མགོན་པོ་ཞེས་བྱ་བ་དང་། རྟ་མགྲིན་ ཞེས་བྱ་བ་དང་། གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་དང་། བདུད་རྩི་འཁྱིལ་པ་ཞེས་བྱ་བ་དང་། ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ་དང་། ཧཱུྃ་ཀཱ་ར་ཞེས་བྱ་བ་དང་། སྟོབས་པོ་ཆེ་ཞེས་བྱ་བ་དང་།
BO
གཞན་ཡང་རྡོ་རྗེ་སྲིན་མོའི་ཁྲོ་མོའི་འཁོར་རྡོ་རྗེ་སྲིན་མོ་སྙེམས་མ་ཞེས་ བྱ་བ་དང་། སྡེར་མོ་ཞེས་བྱ་བ་དང་། དུར་ཁྲོད་མ་ཞེས་བྱ་བ་དང་། གཏུན་ཁུང་མ་ཞེས་བྱ་བ་དང་། གཏུམ་མོ་ཞེས་བྱ་བ་དང་། མདའ་སྙེམས་མ་ཞེས་བྱ་བ་དང་། སྒྲ་འབྱིན་མ་ཞེས་བྱ་བ་དང་། གསོད་མ་ཞེས་བྱ་བ་དང་། བསྐྱོད་མ་ཞེས་བྱ་བ་དང་། རླུང་འབྱིན་མ་ཞེས་ བྱ་བ་ལ་སོགས་པ་རྡོ་རྗེ་གཞོན་ནུའི་འཁོར་རིགས་འཛིན་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་གསང་སྔགས་ཀྱི་མཐུ་དང་། སྟོན་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས་རང་དབང་མེད་པར་འཁོར་དུ་འདུས་པའི་དབང་ཕྱུག་དང་། དབང་ཕྱུག་མ་ཉི་ཤུ་རྩ་ བརྒྱད་ལ་སོགས་པ་ཀུན་བྲན་དང་ཡང་བྲན། གཡོག་དང་ཡང་གཡོག་དང་བཅས་པ་རྫུ་འཕྲུལ་གྱི་ཤུགས་ཀྱི་འཁོར་འདུས་པ་རྣམས་ནི་བདག་དང་གཞན་གྱི་ཤེས་པའི་རྒྱུད་ནི་ཐམས་ཅད་ཞི་བ་དང་། རྒྱས་པ་དང་དབང་དང་དྲག་པོ་དང་དགུག་པ་དང་བཅིང་བ་དང་གཏང་ བ་དང་དགྲོལ་བ་དང་དྲང་བ་དང་རེངས་པ་དང་རྨུགས་པ་དང་དབྲལ་བ་དང་བཟའ་བ་དང་བཏུང་བ་དང་འཇིབ་པ་དང་ཉམས་པ་དང་གསད་པ་དང་། གནོན་པ་དང་སྤར་བ་དང་ཕམ་པ་དང་།
BO
རྒྱལ་བ་ལ་སོགས་པ་བྱེད་ཅིང་ཐབས་ཅིག་ཏུ་རྡོ་རྗེ་གསང་བའི་གྲལ་དུ་ འཁོད་དོ། ། དེ་ནས་ཡང་དཔལ་འབར་ཡུམ་ཀྲོ་དྷིའི་རྒྱལ་མོ་ཡང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོའི་སྐུ་ལ་འཁྲིལ་ཏེ་བཞུགས་སོ། ། བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོ་དང་། བཙུན་མོ་བྱ་བ་མོ་ཀུན་དུ་བཟང་མོ་ཡང་གཉིས་སུ་མེད་པར་མདུན་ གྱིས་བལྟས་ཏེ་བཀའ་ནོད་པའི་ཚུལ་དུ་གནས་སོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དཔལ་ཀུན་དུ་བཟང་པོ་ཡེ་ ཤེས་རྔམ་པའི་རྒྱལ་པོས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་གཟིགས་སོ། ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་གཟིགས་ནས་ཕྱི་སྣོད་ཀྱི་ཁམས་ནམ་མཁའ་དང་ས་དང་། ཆུ་དང་། མེ་དང་། རླུང་དང་རི་དང་། ཚལ་ལ་སོགས་པ་ཐམས་ཅད་ལ་རྣམ་ པར་གཟིགས་སོ། ། དེ་དག་ཐམས་ཅད་ལ་རྣམ་པར་གཟིགས་ནས་ཡང་ནང་བཅུད་ཀྱི་ཁམས་སེམས་དང་སེམས་ལས་བྱུང་བའི་གཡོ་བ་དང་། འགུལ་བ་དང་། དམྱལ་བ་དང་། {ཡི་དགས་,ཡི་དྭགས་}དང་། བྱོལ་སོང་དང་། མི་དང་། ལྷ་མ་ཡིན་དང་།
BO
ལྷའི་རིགས་སོ་སོའི་ཁམས་ དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་ཁམས་དང་། མུ་སྟེགས་ཀྱི་ཁམས་དང་། བདུད་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རུ་ཏྲ་དང་། རུ་ཏྲ་ཅན་ལ་ སོགས་པའི་ཁམས་ལ་རྣམ་པར་གཟིགས་སོ། ། དེ་དག་ཐམས་ཅད་ལ་རྣམ་པར་གཟིགས་ནས་ཡང་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་། རིག་འཛིན་ས་པའི་བསྟི་གནས་དང་། ཕྱོགས་བཅུ་དུས་ བཞིའི་སངས་རྒྱས་ཐམས་ཅད་ས་ལ་རྫུ་འཕྲུལ་གྱི་སྤྱན་གྱིས་རྣམ་པར་གཟིགས་ནས་སྨྲ་བསམ་ལས་འདས་པ་དེ་བཞིན་ཉིད་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཅང་མི་མཛད། རྣམ་པར་མི་མཛད། མཛད་པ་མི་འགོག ། མཛད་པ་རྣམ་པར་ ཡང་མི་འགོག ། མི་མཛད་པ་ཡང་མི་གནས། ཅང་མི་གསུང་། རྣམ་པར་མི་གསུང་མི་སྒྲོགས། གསུངས་པ་ཡང་མི་འགོག ། གསུངས་པ་རྣམ་པར་ཡང་མི་འགོག ། མི་གསུང་མི་འགོག་པ་ལ་ཡང་མི་གནས། འཁོར་གྱི་དཀྱིལ་འཁོར་དང་། སྣོད་ཀྱི་ཁམས་ ཐམས་ཅད་དང་། སའི་ཁྱད་པར་ཐམས་ཅད་ལ་ཡང་མི་གཟིགས་མི་དགོངས། གཟིགས་ཤིང་དགོངས་པ་ལ་ཡང་མི་འགོག །
BO
རྣམ་པར་ཡང་མི་འགོག ། མི་འགོག་པ་ལ་ཡང་མི་གནས་སོ། ། དེ་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་འཁོར་གྱི་ དཀྱིལ་འཁོར་དེ་དག་དང་། སྣོད་ཀྱི་ཁམས་དེ་དག་དང་། བཅུད་ཀྱི་ཁམས་དེ་དག་དང་། སའི་ཁྱད་པར་དེ་དག་ཐམས་ཅད་ཀྱང་སྒྱུ་མའི་མཚན་ཉིད་ཙམ་དུ་ཡང་དམིགས་སུ་མེད་དོ། ། དཔེར་ན་ནམ་མཁའ་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་ཡང་སོང་ལ་ཇི་ལྟ་བུའི་ ངོ་བོར་ཡང་གདགས་སུ་མེད་པ་དེ་བཞིན་དུ་དོན་དམ་པ་བྱང་ཆུབ་སེམས་དེ་ཡང་ཆོས་ཐམས་ཅད་ལ་ཡང་ཁྱབ་ལ་སྨྲ་བསམ་ལས་ཀྱང་འདས་སོ། ། དེ་ལྟར་ཆོས་ཀྱི་སྐུའི་ངོ་བོར་བརྗོད་དུ་མེད་པ་ལ་བརྣལ་བཞིན་དུ་ཡུམ་ཀུན་དུ་བཟང་མོ་རྔམ་པའི་ཀྲོ་དྷིའི་རྒྱལ་མོས་སྟོང་ ཉིད་ཀྱི་ངང་ལས་གླུ་འདིས་བསྐུལ་ལོ། ། ཨོྃ་སྣང་སྟོང་སྟོང་པའི་རྡོ་རྗེ་ཆོས་ཀྱི་སྐུ། ། སྨྲ་བསམ་ལས་འདས་དོན་དམ་བྱང་ཆུབ་སེམས། ། སྟོང་ཉིད་ངང་ལས་མི་འདའི་དམ་ཚིག་གིས། ། སྙིང་རྗེ་ནམ་མཁའི་ངོ་བོ་བསྟན་དུ་གསོལ། ། ཞེས་བསྐུལ་བས། བསྐུལ་བར་ ཐུགས་སུ་ཆུད་ནས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་ལས་རིག་པའི་ཡེ་ཤེས་སྙིང་རྗེ་ཆེན་པོ་ཡིས་ཀུན་དུ་ཀློང་བདལ་བར་ཁྱབ་སྟེ།
BO
སྙིང་རྗེ་ཆེན་པོ་དེས་འཁོར་གྱི་དཀྱིལ་འཁོར་ཀུན་དུ་ཁྱབ་པར་མཛད་དོ། ། འཁོར་གྱི་དཀྱིལ་འཁོར་ཀུན་དུ་ཁྱབ་པར་མཛད་ནས་ཡང་སྣོད་ ཀྱི་ཁམས་ཀུན་ལ་ཁྱབ་པར་མཛད་ནས་ཡང་བཅུད་ཀྱི་ཁམས་ཀུན་ལ་ཁྱབ་པར་མཛད་དོ། ། བཅུད་ཀྱི་ཁམས་ཀུན་ལ་ཁྱབ་པར་མཛད་ནས་སའི་ཁམས་ཀུན་ལ་ཁྱབ་པར་མཛད་དོ། ། དཔེར་ན་ཉི་མ་བར་སྣང་ལ་ཤར་བའི་འོད་ཀུན་ལ་སྙོམས་ པ་བཞིན་དུ་རིག་པའི་ཉི་མ་སྙིང་རྗེས་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་སྟོང་ཉིད་ཀྱི་ངང་ཀུན་ལ་སྙོམས་པར་ཁྱབ་བདལ་ཏོ། ། དེའི་ཚེ་གསང་བ་མཆོག་གི་བདག་པོ་དེ་ཉིད་ཡང་ཏིང་ངེ་འཛིན་ལས་ལངས་ནས་སྙིང་རྗེ་ནམ་མཁའི་ངོ་བོ་ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་སོ། ། ཞུགས་མ་ཐག་ཏུ་སྙིང་རྗེས་ཀུན་ལ་ཁྱབ་པར་གྱུར་པ་ནི་ཏིང་ངེ་འཛིན་དེའི་མཐུ་ཡིན་ནོ། ། དེ་ནས་ཡུམ་ཀུན་དུ་བཟང་མོ་རྔམ་པ་ཀྲོ་དྷིའི་རྒྱལ་མོས་ཡང་གླུ་འདིས་བསྐུལ་ལོ། ། མ་ལྟར་བྱམས་པའི་ཐུགས་རྗེས་ཀུན་དུ་ཁྱབ། ། མཁའ་ལྟར་གོ་འབྱེད་ཆོ་ འཕྲུལ་འབྱུང་གནས་ལས། ། ལོངས་སྤྱོད་རྫོགས་དང་ཐུགས་རྗེ་སྤྲུལ་པའི་སྐུ། ། འབར་བའི་སྐུ་མཆོག་བདག་ལ་བསྟན་དུ་གསོལ། །
BO
ཨ་ལ་ལ་ཧོ་ཞེས་གསོལ་བ་བཏབ་པས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཆོས་ཐམས་ཅད་དོན་དམ་པ་བྱང་ཆུབ་སེམས་ ལ་ཤར་བར་མཁྱེན་ནས་མི་དམིགས་ནམ་མཁའི་དབྱིངས་ནས་རྡོ་རྗེའི་མངོན་དུ་ཕྱུང་སྟེ། དཔེར་ན་ཟླ་བ་དྲི་མ་མེད་པ་ནམ་མཁའ་དང་བ་ལ་ཤར་བ་བཞིན་ནོ། ། རྡོ་རྗེའི་སྐུ་དེ་ལས་རིག་པའི་ཆོ་འཕྲུལ་གྱི་འོད་ཟེར་རྣམ་པར་འཕྲོ་བ་ནི་དཔེར་ན་ཉི་འོད་ཀྱི་འོད་ཟེར་དུས་གཅིག་ཤར་བ་ ལྟ་བུའོ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཏིང་ངེ་འཛིན་ལས་ལངས་ནས་འདོད་ཆགས་ཆེན་པོའི་ཚུལ་རྡོ་རྗེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞུགས་ནས་ཀྱང་ཡུམ་ཀྲོ་དྷིའི་རྒྱལ་མོ་ལ་གཟིགས་ཏེ་འཛུམ་ པ་རྣམ་པར་མཛད་དོ། ། དེ་ནས་ཡུམ་ཀྲོ་དྷིའི་རྒྱལ་མོས་ཀྱང་སྤྱན་ཟིམ་བག་གི་ཚུལ་གྱིས་གཟིགས་ནས་ལན་སྟོང་དུ་བརྐྱང་ཕྱག་བཙལ་ཏེ་གཡོན་པ་སློང་བའི་གླུ་འདིས་རྣམ་པར་བསྐུལ་ལོ། ། ཨེ་མའོ་ཡིད་བཞིན་སྐུ་མཆོག་ཚོགས་ཆེན་མངོན་རྫོགས་ལྷ། ། རྡོ་རྗེ་གར་ གྱི་ཚུལ་གྱིས་གར་མཛད་ཅིང་། ། དགའ་མཆོག་རྡོ་རྗེའི་བྱང་ཆུབ་སེམས་ཆེན་དེ། ། འཛུམ་ཞིང་འཁྱིལ་པའི་པདྨའི་གནས་སུ་ཕོབ་ཧོ། ། ཨེ་མའོ། །
BO
དཀར་ལ་འཚེར་བའི་བྱང་ཆུབ་སེམས་སྤྲིན་དང་། ། ཆགས་པ་དམར་པོ་དབང་གི་རང་བཞིན་དུ། ། གཉིས་མེད་འཕྲོས་ པའི་བྱིན་བརླབས་བསམ་ཡས་ལས། ། ཡེ་ཤེས་ལྷ་ཚོགས་སྤྲུལ་སྐུ་བསམ་ཡས་འཐོན། ། མ་རིག་མུན་པས་ལྡོངས་པས་དོན་གྱིས་ཕྱེ། ། དགོན་གདུངས་གནས་ནས་བྱང་ཆུབ་མྱུ་གུ་སྐྱེད། ། ཞི་བ་འགོག་པའི་ས་ལས་རྣམ་པར་སློང་། ། ཞེས་རྣམ་པར་བསྐུལ་བས་ གཉིས་སུ་མེད་པའི་རྣམ་པར་རོལ་པས་རོལ་ཞིང་བརྗིད་པ་དང་བཅས་ནས་གར་མཛད་པ་དང་། ཞལ་འཛུམ་པ་དང་། འདོར་བ་དང་། སྐུམ་པ་དང་། འགྱིང་བ་དང་། སྤྱན་མཛེས་པའི་སྨིན་རིང་བསྐྱོད་ཅིང་སྒྱུར་བ་དང་། དུང་གི་ཕུར་པས་གཡན་པ་སློང་བ་དང་། འདོར་ ཞིང་སྐུམ་པ་དང་། འཇོག་ཅིང་འདེག་པ་དང་། རྣམ་པར་འདོར་བའི་རོལ་པའི་གར་གྱིས་ནམ་མཁའི་ཁམས་ཀུན་དུ་ཁྱབ་པར་མཛད་དོ། ། རྣམ་པར་རོལ་པ་དེས་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་ཐམས་ཅད་ལ་ཁྱབ་པར་མཛད་དོ། ། དེས་སེམས་དང་ སེམས་ལས་བྱུང་བ་ཀུན་ལ་ཁྱབ་པར་མཛད་པས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་སེམས་ཞི་ཞིང་འཁྱིལ་བས་རོལ་པའི་ཆར་མངོན་པར་ཕབ་པས་སྣོད་ཀྱི་ཁམས་དང་། བཅུད་ཀྱི་ཁམས་དང་། བསམ་གཏན་པ་དང་། འགོག་པ་པ་དང་། སའི་ཁྱད་པར་ ཐམས་ཅད་དང་།
BO
བྱང་ཆུབ་ཀྱི་རོལ་པ་སྣ་ཚོགས་སྒེག་པ་དང་། སྟེག་པ་དང་། སྦྱོར་བ་དང་། འཁྱུད་པ་དང་། སྡོམ་པ་དང་། བསྟིམ་པ་དང་། མཉེས་པ་དང་། གསོལ་བ་དང་། མྱང་བ་དང་། བཅའ་བ་དང་། བདེ་བ་དང་། སྤྲོད་པ་དང་། འཇོག་པ་ལ་སོགས་ པ་བཅོམ་ལྡན་འདས་ཀུན་དུ་བཟང་པོའི་རྡོ་རྗེ་འཛིན་གྱིས་ཀུན་དུ་རྒྱས་པར་བྱས་ཏེ་ཡང་དག་པར་གནས་སོ། ། དེ་ནས་དེའི་ཚེ་ཐུགས་རྣམ་པར་དག་པའི་མཁའ་ཀློང་ནས་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་བརྗོད་ཀྱིས་མི་ལང་བ་འབྱམ་ཀླས་པ་ཤར་བ་དེ་ལས་གསུང་ གི་ཡིག་འབྲུ་འཁོར་ལོའི་ཚོགས་སུ་ཡང་སྣང་ངོ་། ། ཡིག་འབྲུ་དེ་ཉིད་ཐུགས་ཕྱག་མཚན་དུ་ཡང་གྱུར། ཐུགས་དམ་ཚིག་གི་ཕྱག་རྒྱ་འོད་དུ་འཕྲོས་ཤིང་རྣམ་པར་འདུ་བའི་ཚུལ་གྱིས་རྣལ་འབྱོར་གྱི་དབང་ཕྱུག་གི་འཁོར་རྒྱལ་བ་ཡབ་ཡུམ་དང་། སེམས་ དཔའ་དང་། སེམས་མ་དང་། ཐུབ་པ་དང་། འཇོམས་པ་དང་། འཇོམས་པ་རྣམས་ཀྱི་སྐུར་ཡང་རང་རང་གི་དམ་ཚིག་གི་ཕྱག་རྒྱ་ལས་སྣང་བར་བྱས་ཏེ་གསང་བ་མཆོག་གི་བདག་པོ་ལ་མདུན་གྱིས་བལྟས་ནས་རྡོ་རྗེ་གསང་བའི་གྲལ་དུ་འཁོད་དེ། དེ་ལྟར་རེ་རེ་ལའང་སངས་རྒྱས་ ཀྱི་འཁོར་ཞབས་འབྲིང་དང་བཅས་པ་འབྱམ་ཀླས་པ།
BO
ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ་ལྷུན་གྱིས་གྲུབ་བོ། ། ཡང་འོད་ཟེར་དེ་དག་རེ་རེ་ལས་ཧེ་རུ་ཀ་མང་པོའི་ཚོགས་ཀྱང་ཤར་ཏོ། ། ཧེ་རུ་ཀ་རེ་རེ་ལ་ཡང་སངས་རྒྱས་འབུམ་ཕྲག་གི་འཁོར་སོ་སོའི་ཞབས་འབྲིང་དང་བཅས་ པ་ལྷུན་གྱིས་གྲུབ་པར་མཛད་དོ། ། ཧེ་རུ་ཀ་རེ་རེ་ལས་རིག་པའི་ཉི་མའི་ཆར་མངོན་པར་ཕབ་སྟེ་མུན་ནག་གི་ཀློང་གསལ་བར་མཛད་དོ། ། ཆོས་ཀྱི་གླུ་དང་གར་དང་། ཆོས་ཀྱི་ཆར་དང་། མཆོད་པ་དང་། ཆོས་ཀྱི་ངོ་མཚར་རྨད་དུ་བྱུང་བ་རྔམ་པའི་ཆོ་འཕྲུལ་ཡན་མན་ དང་སྣྲེལ་ཞི་ཐམས་ཅད་དུ་ལིང་ལོང་ཕྱད་དོ། ། དེའི་ཚེ་ཧེ་རུ་ཀ་འོད་ཀྱི་ཕྲེང་བ་དེས་རུ་ཏྲ་ཅན་དང་། བདུད་དང་སྲིན་པོ་དང་། གནོད་སྦྱིན་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་རང་རང་གི་ཆེ་བའི་ང་རྒྱལ་རབ་ཏུ་སྟོན་པ་རྣམས་ཞི་ཞིང་དུལ་བར་གྱུར་ཏེ། རང་རང་ གི་དབང་ཕྲོགས་ནས་སངས་རྒྱས་ཀྱི་བསྟན་པ་འདི་ལ་དད་པར་གྱུར་ནས་འདུས་རབ་ཏུ་འདུས་སོ། །
BO
དེའི་ཚེ་ན་བྱང་ཆུབ་སེམས་ཀྱི་འོད་ཟེར་ཀུན་དུ་ཁྱབ་པ་དེས་འདུ་ཤེས་མེད་པ་དང་འགོག་པ་ལ་གནས་པའི་མུར་ལྷུང་བ་རྣམས་ས་བོན་མེས་ཚིག་པ་དང་འདྲ་བ་དེ་ཡང་དྲི་མ་ མེད་པའི་བྱང་ཆུབ་སེམས་རིན་པོ་ཆེའི་ཆུ་དེས་དབང་བསྐུར་བས་བྱང་ཆུབ་སེམས་ཀྱི་དབང་ཐོབ་སྟེ་འགྲོ་བའི་དོན་བྱེད་པར་གྱུར་ཏོ། ། གཞན་ཡང་སའི་ཁྱད་པར་ལ་གནས་པ་རྣམས་ཀྱང་རང་རང་གི་ས་ལ་སྐྱོ་སེམས་སྐྱེས་ཏེ་ལས་ཀྱི་ཚེ་བཀག་ནས་སངས་རྒྱས་ཀྱི་བསྟན་པ་ འདི་ལ་རབ་ཏུ་དད་དོ། ། དེ་ནས་འདུས་པའི་འཁོར་ཚོགས་རྣམས་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ་འདུས་ནས་ཤིན་ཏུ་སྐྲག་སྟེ་གསོལ་བ་བཏབ་པ། ཨེ་མའོ་ཨེ་མའོ་ཡ་མཚན་ཆེ། ། གཉིས་མེད་རོལ་པ་ཡ་མཚན་ཆེ། ། འོད་ཟེར་འཕྲོ་འདུ་ཡ་མཚན་ཆེ། ། བྱང་ཆུབ་ ཆར་སྤྲིན་ཡ་མཚན་ཆེ། ། སངས་རྒྱས་འབྱུང་བ་ཡ་མཚན་ཆེ། ། སྤྲུལ་པ་འབྱུང་བ་ཡ་མཚན་ཆེ། ། ཁྲོ་བོ་འབྱུང་བ་ཡ་མཚན་ཆེ། ། བྱིན་བརླབས་ཆོ་འཕྲུལ་ཡ་མཚན་ཆེ། ། དགོན་གདུངས་སྤངས་པ་ཡ་མཚན་ཆེ། ། འགོག་པ་གསོས་པ་ཡ་མཚན་ཆེ། ། བདག་ ཅག་འཁོར་ཚོགས་འདུས་པ་རྣམས། ། དམ་ཚིག་ཅན་དུ་བྱིན་བརླབས་མཛོད། ། བླ་འོག་རིམ་པ་ཇི་བཞིན་དུ། ། རྡོ་རྗེ་གསང་བའི་གྲལ་དུ་འཁོད། །
BO
ཅེས་གསོལ་བ་བཏབ་པས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་སྐུ་གསུང་ཐུགས་གཉིས་སུ་མེད་ པའི་སྒོ་ནས་འཁོར་རྣམ་པར་སྦྱོར་བའི་རྡོ་རྗེའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོ་ལ་གཟིགས་ནས་ཞལ་འཛུམ་པ་མཛད་དོ། ། དེ་ནས་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོ་དེས་བསྐུལ་བར་རྣམ་པར་རིག་ནས་བཙུན་མོ་བྱ་བ་མོ་ ཀུན་དུ་བཟང་མོ་དང་གཉིས་སུ་མེད་པར་སྦྱོར་ཞིང་རང་གི་སྟན་ལས་རྣམ་པར་ལངས་ཏེ་བྱང་ཆུབ་སེམས་ཀྱི་མཚན་མ་གནས་ལྔར་བཏབ་ནས་ལྕེ་པདྨོའི་སྟེང་དུ་ལས་ཀྱི་རྡོ་རྗེ་བཞག་སྟེ། བརྐྱང་ཕྱག་བཙལ་ནས་མི་འཇིགས་པའི་ལྟ་བས་སྟོན་པའི་ཞལ་དུ་བལྟས་ནས་དོན་ བསྡུ་བར་གསོལ་བ་བཏབ་པ། གསང་བའི་བདག་པོ་ཡབ་ཡུམ་དགོངས་སུ་གསོལ། ། འདུས་པའི་འཁོར་ཚོགས་མང་པོ་དགོངས་སུ་གསོལ། ། གསང་མཛོད་ཡེ་ཤེས་གློག་གི་འཁོར་ལོ་འདི། ། ཆོས་ཀྱི་རྒྱལ་པོ་ཆེན་པོས་བཤད་དུ་གསོལ། །
BO
ཞེས་གསོལ་བ་བཏབ་པས་ གསང་བ་མཆོག་གི་བདག་པོས་བྱེད་པ་པོ་ཀུན་དུ་བཟང་པོ་རྡོ་རྗེ་ལས་ཀྱི་བཀའ་བར་བྱིན་གྱིས་བརླབས་པའི་ཕྱིར་ཐུགས་གསང་བའི་མཁའ་ལས་བྱང་ཆུབ་སེམས་སྤྲིན་སྤྲོས་པས་ལས་ཀྱི་འཁོར་ལོ་རྡོ་རྗེ་རྒྱ་གྲམ་གཅིག་ལག་ཏུ་བཞག་སྟེ། ལས་ཀྱི་དབང་བསྐུར་ནས་མིང་ཡང་ ལས་ཀྱི་སེམས་དཔའ་བྱེད་པ་པོ་ཀུན་དུ་བཟང་པོར་བཏགས་ཏེ་ལས་ཀྱི་དབང་ཐོབ་པར་གྱུར་ཏོ། ། ཆོས་ཀྱི་འཁོར་ལོ་པདྨ་འདབ་མ་བརྒྱད་པ་ལྕེ་སྟེངས་སུ་བཞག་སྟེ། སྨྲ་བའི་སེང་གེ་ཆོས་ཀྱི་སེམས་དཔའ་ཞེས་མིང་དུ་དབང་བསྐུར་ཏེ་ཆོས་སྨྲ་བའི་དབང་ ཐོབ་བོ། ། དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོ་དེ་བཙུན་མོ་བྱ་བ་མོ་ཀུན་དུ་བཟང་མོ་ལ་འཇུག་ཅིང་སྤོབས་པ་ཅན་དུ་གྱུར་ཏོ། ། དེ་ནས་སྨྲ་བའི་སེང་གེ་ཀུན་དུ་བཟང་པོ་དེས་འདུས་པའི་འཁོར་རྣམས་སྣོད་དུ་རུང་བར་བྱིན་གྱིས་བརླབས་པའི་ཕྱིར་ལས་ཀྱི་འཁོར་ ལོ་དང་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་བསྐོར་ཏེ་ཆོ་འཕྲུལ་འདི་དག་རྣམ་པར་བསྟན་ཏེ། ཞིང་ཁམས་མཐའ་དག་ཀྱང་གཡོས། རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག ། འཁྲུགས། རབ་ཏུ་འཁྲུགས།
BO
ཡན་མན་དང་སྣྲེལ་ ཞིའི་ཞིང་ཁམས་མཐའ་དག་ཀྱང་ལིང་ལོང་ཕྱད་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་ཀྱི་མཚན་མས་འདུས་པའི་འཁོར་རྣམས་ཀྱི་གནས་ལྔར་རེག་པར་བྱས་སོ། ། ཧཱུྃ་བཛྲ་ས་མ་ཡ། གུ་ཧྱ་ས་མ་ཡ་ཀྲོ་དྷ་ས་མ་ཡ། རྡོ་རྗེ་འདུ་བར་འདུས་པ་ཡི། ། འདུས་པ་ཆེན་པོའི་རིག་ འཛིན་རྣམས། ། གོང་འོག་རིམ་པ་ཇི་བཞིན་དུ། ། རྡོ་རྗེ་གསང་བའི་གྲལ་དུ་གནོས། ། བསྐལ་བཟང་དམ་ཚིག་ཆེན་པོ་སྟེ། ། དེ་ལས་འདས་ན་བརླག་པར་འགྱུར། ། ཞེས་བསྒོ་བས་འདུས་པའི་འཁོར་ཚོགས་རྣམས་རང་རང་གི་སེམས་རངས་པར་བྱས་ཏེ་དམ་ཚིག་ཐོབ་ནས་ རྡོ་རྗེ་གསང་བའི་གྲལ་དུ་འཁོད་རྣམ་པར་འཁོད་དོ། ། དེ་ནས་བྱེད་པ་པོ་ཀུན་དུ་བཟང་པོ་ལས་ཀྱི་བཀའ་བ་དེས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་གཙུག་གིས་འདུད་ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ཏེ་ཕྱི་དང་། ནང་དང་། གསང་བ་མཆོད་པ་ དེ་ཁོ་ན་ཉིད་ཀྱིས་མཆོད་དེ་གསོལ་བ་བཏབ་བོ། ། འདི་ལྟར་རྨད་བྱུང་ངོ་མཚར་ཁྱོད། ། སངས་རྒྱས་ཡབ་གྱུར་རྒྱལ་བའི་སྲས། ། ཡ་མཚན་ཆེན་པོ་སྟོན་པར་སྤྱོད། ། བཀའ་ཡི་འཁོར་ལོ་དམ་པ་དེ། ། སྨྲ་བརྗོད་ཡུལ་ལས་རབ་འདས་ཀྱང་། ། ངག་གི་ལམ་ནས་ རབ་བརྗོད་ཅིང་། །
BO
དཔེས་མཚོན་ཚིག་གི་ལྡེ་མིག་གིས། ། གསལ་བར་མཚོན་ཏེ་གོ་བར་མཛོད། ། ཨ་ལ་ལ་ཧོ་ཞེས་གསོལ་བ་བཏབ་བོ། ། དེ་ནས་གསང་བ་མཆོག་གི་བདག་པོ་དེས་གསོལ་བ་བཏབ་པར་མཁྱེན་ནས་བརྗོད་དུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་ནས་ཅང་མི་གསུང་བར་བཞུགས་སོ། ། དེ་ནས་འདུས་པའི་འཁོར་ཚོགས་ཀྱིས་སྨྲ་བའི་སེང་གེ་བྱེད་པ་པོ་ཀུན་དུ་བཟང་པོ་དེ་ལ་ལུགས་སུ་བཏུད་དེ་བརྐྱང་ཕྱག་བཙལ་ནས་རྨད་དུ་བྱུང་བའི་མཆོད་པ་སྣ་ཚོགས་བྱས་ནས་གསོལ་བ་བཏབ་པ། སྨྲ་བའི་སེང་གེ་བྱེད་ པ་པོ་རྡོ་རྗེ་ཀུན་དུ་བཟང་པོ་ཁྱོད་ལ་བདག་ཅག་ཞུ་བར་སྤོབས་ན་གནང་བའི་སྐབས་དབྱེ་བར་གསོལ། སྨྲ་བའི་སེང་གེ་ཀུན་དུ་བཟང་པོས་བཀའ་སྩལ་པ། འདུས་པའི་འཁོར་ཚོགས་ཁྱོད་ཅི་དང་ཅི་འདོད་པ་བདག་ལ་ཞུས་ཤིག ། བདག་གིས་གནང་བའི་སྐབས་དབྱེའོ། ། འདུས་པའི་འཁོར་རྣམས་ཀྱིས་གསོལ་པ། སྨྲ་བའི་སེང་གེ་བྱེད་པ་པོ་དང་ཀུན་དུ་བཟང་པོ་ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི་ཡབ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེ་བཙན། རྣལ་འབྱོར་པ་ཐམས་ཅད་ཀྱི་ལྷ་ཕུད། ཆོས་ཐམས་ཅད་ཀྱི་མཛོད་ལགས་ན། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་བདག་ཅག་འཁོར་གྱི་དཀྱིལ་འཁོར་འདིར།
BO
གསང་བའི་ཚིག་ལམ་གྱིས་སྟོན་པར་མི་སྣང་བའི་རྒྱུ་དང་རྐྱེན་བདག་ཅག་རྣམས་ལ་བསྟན་དུ་གསོལ། སྨྲ་བའི་སེང་གེ་ལེགས་པར་བསྟན་དུ་གསོལ་ཞེས་ཞུས་པ་ དང་། སྨྲ་བའི་སེང་གེས་བཀའ་སྩལ་པ། ཨོྃ་ཨཱཿཧཱུྃ་ཨ་ལ་ལ་ཧོ། རྒྱལ་བའི་སྲས་པོ་ཅང་མི་གསུང་། ། མི་གསུང་བ་ཉིད་རྒྱ་ཆེར་བཤད། ། བཤད་དུ་མེད་པའི་དོན་དེ་ནི། ། རྒྱལ་བ་རྣམས་ཀྱིས་མ་བཤད་དེ། ། དེ་ལྟར་སྟོན་པ་རྒྱལ་མཆོག་ཀྱང་། ། རྣམ་ པར་བརྗོད་པར་མི་མཛད་དེ། ། བཀའ་མི་སྩལ་བར་དགོངས་པའོ། ། འདུས་པའི་འཁོར་རྣམས་ཉོན་ཅིག ། དེ་བས་ན་གསང་བ་དོན་དམ་པའི་བྱང་ཆུབ་ཀྱི་སྙིང་པོ་དེ་སྨྲ་བསམ་ལས་འདས་ཤིང་བརྗོད་དུ་མེད་པས་དེ་ལ་ཚིག་ཏུ་སྨྲ་བ་ལེགས་པ་མ་ཡིན་ཏེ། ཚིག་ཏུ་ སྨོས་པའི་དུས་ཉིད་ན་གོལ་བ་ཡིན་པར་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱིས་ཀྱང་བཤད་དེ། ད་ལྟར་སྟོན་པ་ཉིད་ཀྱང་དོན་དེ་ཉིད་དགོངས་ནས་མ་གསུངས་སོ། །
BO
འདུས་པའི་འཁོར་ཚོགས་རྣམས་དེ་བས་ན་མ་སྐྱེས་པའི་སྙིང་པོ་བྱང་ཆུབ་ སེམས་ཚིག་ཏུ་སྤྲོས་པ་དང་བྲལ་གྱིས་ཀྱང་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་མཚན་མའི་ཚིག་གི་རྣལ་འབྱོར་པ་རྣམས་ཚིག་གི་ཕྱིར་འབྲང་བའི་ཕྱིར་དོན་རྟོགས་པའི་བཀྲི་བའི་ཕྱིར་རྒྱལ་བ་རྣམས་ཀྱི་ཚིག་གི་སྒོ་ནས་གསུངས་པ་ཡིན་ནོ། ། འདུས་པའི་འཁོར་ཚོགས་ རྣམས་ཀྱིས་གསོལ་པ། སྨྲ་བའི་སེང་གེ་དེ་ལྟར་ན་བདག་ཅག་དང་མ་འོངས་པའི་རྣལ་འབྱོར་པའི་ཚིག་གི་རྗེས་སུ་འབྲང་བ་རྣམས་ཀྱི་དོན་དུ། རྡོ་རྗེ་ཚིག་གི་ལམ་དུ་བརྗོད་པས་དོན་གསལ་བར་བྱེད་པ་དེ་སྨྲ་བའི་སེང་གེ་ལས་ཀྱི་བཀའ་བ་ཁྱོད་ཉིད་ཀྱིས་ཞུ་བར་སྤོབས་ ཤིག ། སྨྲ་བའི་སེང་གེ་དབང་བས་ན་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་ཞུས་ཤིག་དང་། དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་འདུས་པའི་འཁོར་ཚོགས་རྣམས་ཀྱི་རྣམ་པར་རྟོག་པ་མཁྱེན་ནས་བཅོམ་ལྡན་འདས་གསང་བ་མཆོག་ གི་བདག་པོ་ལ་ལན་སྟོང་དུ་བསྐོར་བ་བྱས་ཏེ་རྨད་དུ་བྱུང་བའི་མཆོད་པ་རྒྱས་པ་དེ་ཁོ་ན་ཉིད་ཀྱིས་མཆོད་ནས་འདི་སྐད་གསོལ་བ་བཏབ་བོ། ། ཨེ་མ་ཧོ་སྟོན་པའི་ངོ་མཚར་ཁྱོད། ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །
BO
བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ། ། ཚིག་ཏུ་བརྗོད་པ་མ་ལགས་ནའང་། ། མཚན་མའི་རྗེས་འབྲང་རྣལ་འབྱོར་པ། ། དོན་ལ་རྩིང་ལ་ཚིག་ལ་ཞིབ། ། ཚིག་གིས་བསམ་པ་རངས་བྱའི་ཕྱིར། ། སྙིང་པོ་བྱང་ཆུབ་དོན་འདི་ལ། ། དཔེས་མཚོན་ཚིག་གི་ལྡེ་མིག་གིས། ། གསང་བ་དེ་ཉིད་བཤད་དུ་གསོལ། ། ཞེས་གསོལ་བ་བཏབ་པ་ལས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་སྨྲ་བའི་སེང་གེས་གསོལ་བ་བཏབ་པ་ཡང་མཁྱེན། འདུས་པའི་འཁོར་ཚོགས་རྣམས་ཀྱི་སེམས་ཀྱི་རྟོག་པ་ཡང་མཁྱེན་པ་དང་། ཚིག་གི་རྗེས་སུ་འབྲང་བའི་རྣལ་འབྱོར་ཡང་ཐུགས་སུ་ ཆུད་ནས་རྣམ་པར་ཐར་པའི་སྒོ་གསུམ་ཕྱུང་སྟེ། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་ཡང་ནས་ཡང་དུ་གསོར་ཞིང་རྨད་དུ་བྱུང་བའི་ཆོས་ཀྱི་སྒྲ་ཆེན་པོ་རབ་ཏུ་བསྒྲགས་སོ། ། ཨོྃ་ཨཱཿཧཱུྃ་སྭཱ་ཧཱ། བོ་དྷི་ཙིཏྟ་གུ་ཧྱ་ས་མ་ཡ། འདི་ནི་གསུངས་མ་ཐག་ཏུ་ཡང་། ། སངས་རྒྱས་ གྲགས་པ་ཆེན་པོ་ཀུན། ། རབ་ཏུ་སྔངས་ཏེ་བརྒྱལ་བར་གྱུར། ། འཁོར་ཚོགས་གཞན་ལ་སྨོས་ཅི་དགོས། ། དེ་ནས་གསང་བ་མཆོག་གི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་རྣམས་ཉོན་ཅིག ། གང་ཚིག་གིས་བརྗོད་དུ་རུང་བ་ཐམས་ཅད་ནི་ ཀུན་རྫོབ་ཀྱི་བདེན་པའོ། །
BO
ཇི་སྲིད་བརྗོད་དུ་རུང་བ་མ་ཡིན་པའི་ཆོས་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པའོ། ། གང་ཚིག་དང་ཡི་གེ་ལས་འདས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུའོ། ། གང་ཚིག་དང་ཡི་གེས་བརྗོད་དུ་རུང་བ་ཐམས་ཅད་ནི་གཟུགས་ཀྱི་སྐུའོ། ། རིགས་ཀྱི་ བུ་སྔགས་ཀྱི་ལྟ་བ་དང་སྤྱོད་པ་ཡང་དེ་ཉིད་ཡིན་ཏེ། གང་དོན་དམ་པའི་བདེན་པ་དང་། ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་སྔགས་ཀྱི་ལྟ་བ་ཡིན་པར་ཤེས་པར་བྱའོ། ། དེ་ཉིད་རྒྱུའི་ཚུལ་དུ་གནས་པ་ལས། འབྲས་བུའི་ཚུལ་དུ་ཀུན་རྫོབ་ཀྱི་བདེན་པ་དང་། གཟུགས་ཀྱི་སྐུར་ སྣང་སྟེ། ཇི་ལྟར་སྤྱད་པ་དང་སྤྱད་དུ་རུང་བ་ཐམས་ཅད་ནི་སྤྱོད་པར་རྣལ་འབྱོར་ཅན་གྱིས་བལྟའོ། ། དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་ཨ་ལ་ལ་ཧོ་ཞེས་པའི་སྒྲ་བརྗོད་དེ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། དེ་ལྟར་ལགས་ན། བཅོམ་ལྡན་འདས་སྔགས་ཀྱི་ལྟ་བ་ལ་བློ་གནས་པ་གང་ལགས། ལྟ་བ་དང་སྤྱོད་པ་ལ་བློ་གནས་པ་ནི་གང་ལགས། སྤྱོད་པ་འབའ་ཞིག་ལ་བློ་གནས་པ་ནི་གང་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་ལེགས་སོ། ། དེའི་དོན་ཁྱོད་ང་ལ་ཞུ་བ་ནི་ལེགས་སོ། །
BO
སྨྲ་བའི་སེང་གེ་གསང་སྔགས་ནི་དེ་བཞིན་གཤེགས་པ་འབའ་ཞིག་གི་དགོངས་པའི་ཡུལ་ལོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་དོན་དམ་པའི་བདེན་པ་ཙམ་ཀྱང་སྤངས་ན་ཀུན་རྫོབ་ཀྱི་བདེན་པ་ལྟ་ག་ལ་ཡོད་དེ་ བདེན་པ་གཉིས་སུ་ཡང་དབྱེར་མེད་པའི་ཕྱིར་རོ། ། ལྟ་བ་དང་སྤྱོད་པ་ལ་བློ་གནས་པ་ནི་རྣལ་འབྱོར་པས་ཐོབ་པ་དང་། ས་ལ་བསྙེན་པ་རྣམས་ཏེ། དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་པ་བློ་མཉམ་པ་ཉིད་དུ་བློ་ཆུང་བ་རྣམས་ལ་ནི། ། བདེན་པ་རྣམ་པ་གཉིས་ ཀྱི་ཚུལ་ཡོད་དེ་དོན་དམ་པར་མ་སྐྱེས་པའི་ཚུལ་དུ་བློ་ཆུང་ལ། ཀུན་རྫོབ་ཏུ་མཚན་མ་ཐབས་ཀྱི་ཕྱག་རྒྱ་སྒྱུ་མའི་ཚུལ་དུ་ཡང་མེད་པ་མ་ཡིན་ཏེ། མཚན་མ་མེད་པའི་རྣལ་འབྱོར་དང་མཚན་མའི་རྣལ་འབྱོར་གཉིས་དང་ལྡན་པའི་ཕྱིར་རོ། ། སློབ་པའི་རྣལ་འབྱོར་དེ་ནི་ བདེན་པ་རྣམ་པ་གཉིས་ལ་བརྟེན་ནས་ལྷུན་གྱིས་གྲུབ་པའི་ས་ལ་གོམས་པ་ཆེ་ཆུང་གིས་གྲུབ་པ་ཡིན་ནོ། ། སྒྲའི་རྗེས་སུ་འབྲང་བའི་རྣལ་འབྱོར། དོན་ལས་རིང་དུ་གྱུར་པ་རྣམས་ནི་སྤྱོད་པ་འབའ་ཞིག་ལ་བློ་གནས་ཏེ། ཅིའི་ཕྱིར་ཞེ་ན།
BO
ལོག་པའི་ཀུན་རྫོབ་འབའ་ ཞིག་ལ་རྟོག་གི་ཡང་དག་པའི་ཀུན་རྫོབ་ལྷའི་དཀྱིལ་འཁོར་ཡང་མཐོང་བ་མེད་པའི་ཕྱིར་རོ། ། སྨྲ་བའི་སེང་གེ་དེ་བས་ན་ལོག་པའི་ཀུན་རྫོབ་སོ་སོའི་སྐྱེ་བོ་ལྟ་བུའི་ཆོས་ལ་བརྟེན་ནས་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ ཤེས་པར་བྱའོ། ། ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དོན་དམ་པའི་བདེན་པ་ཁོང་དུ་ཆུད་པར་ནུས་པ་ནི་རིག་པའི་སྐྱེས་བུ་ཞེས་གྲགས་སོ། ། སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་གསང་སྔགས་ཀྱི་སྤྱོད་པའི་ རང་བཞིན་གང་ལགས། དཔེར་བརྗོད་ན་ཇི་སྐད་དུ་བརྗོད་པ་ལགས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་གསང་སྔགས་ཀྱི་སྤྱོད་པའི་ཚུལ་རྣམས་ངས་བཤད་ཀྱིས་ཉོན་ཅིག ། ངས་ཡིད་ཚིམ་པར་བྱའོ། ། སྨྲ་བའི་སེང་ གེ་གསང་སྔགས་ཀྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་སྟེ་རབ་ཏུ་བརྗོད་པར་དཀའ་ན་མདོར་བསྡུ་ན་རྣམ་པ་བཅུར་འདུས་སོ། ། བཅུ་གང་ཞེ་ན། གསང་སྔགས་ཀྱི་སྒྲུབ་པ་དང་། གསང་སྔགས་ཀྱི་མིང་གི་ཁྱད་པར་དང་། གསང་སྔགས་ཀྱི་སྤྱོད་པ་དང་། གསང་ སྔགས་ཀྱི་དངོས་གྲུབ་དང་།
BO
གསང་སྔགས་ཀྱི་གྲུབ་པའི་གནས་དང་། གསང་སྔགས་ཀྱི་བཟླས་པ་དང་། གསང་སྔགས་ཀྱི་ཕྱག་རྒྱ་དང་། གསང་སྔགས་ཀྱི་ཏིང་ངེ་འཛིན་དང་། གསང་སྔགས་ཀྱི་ལྟ་བ་དང་། གསང་སྔགས་ཀྱི་ཆོ་འཕྲུལ་ལོ། ། སྨྲ་བའི་སེང་ གེ་དེ་དག་གི་དཔེར་བརྗོད་པ་ཡང་རྣམ་པ་བཅུ་སྟེ། སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། བྲག་ཅ་དང་། ཆུ་ཟླ་དང་། ཆུའི་ཆུ་བུར་དང་། མིག་འཁྲུལ་དང་། མགལ་མེ་བསྐོར་བ་ལྟ་བུའི་རྣམ་པར་སྣང་ངོ་། ། སྨྲ་བའི་ སེང་གེ་དེ་ཡང་ཇི་ལྟ་ཞེ་ན། སྒྱུ་མ་ཞེས་བྱ་བའི་མཚན་ཉིད་ནི་སྐྱེས་བུའི་རྩོལ་བ་དང་། སྨན་དང་སྦྱོར་སྔགས་ཀྱི་སྦྱོར་བ་ལས། དབང་པོའི་ཡིད་འཕྲོག་པའི་རྣམ་པ་ཅིར་ཡང་སྣང་ཡང་སླུ་བའི་བདག་ཉིད་ཅན་དེ་སྣང་བ་མེད་དོ། ། དེ་བཞིན་དུ་གསང་སྔགས་སྒྲུབ་པའི་ མཚན་ཉིད་ཀྱང་ཏིང་ངེ་འཛིན་དང་ཡིག་འབྲུ་དང་རྫས་ཀྱི་སྦྱོར་བ་ལས་གྲུབ་པའི་རྟགས་དག་སྣང་ཡང་དེ་ལ་རང་བཞིན་མེད་དོ། ། སྨིག་རྒྱུ་ཞེས་བྱ་བའི་མཚན་ཉིད་ཀྱང་འགྲོ་བ་སྐོམ་གྱིས་གདུངས་པའི་དུས་སུ་ཉི་མ་དྲོ་བ་ལས་སྨིག་རྒྱུ་ལ་ཆུར་མཐོང་ཡང་དེ་ལ་ཆུའི་རང་ བཞིན་མེད་དོ། །
BO
དེ་བཞིན་དུ་གསང་སྔགས་མིང་གི་ཁྱད་པར་ཡང་གདགས་པའི་གཞི་མེད་པ་ལ་མིང་དང་ཐ་སྙད་བཏགས་པ་ཡང་མིང་ཉིད་དམིགས་སུ་ག་ལ་ཡོད། རྨི་ལམ་ཞེས་བྱ་བའི་མཚན་ཉིད་ནི་སྐྱེས་བུ་གཉིད་ལོག་པའི་ཚེ་བདེ་སྡུག་གི་རྣམ་པ་མང་པོ་རྨིས་ ཀྱང་སངས་ནས་ཅི་ཡང་དམིགས་སུ་མེད་དོ། ། དེ་བཞིན་དུ་གསང་སྔགས་ཀྱི་སྤྱོད་པ་ཡང་ཇི་ལྟར་སྤྱད་ན་ཡང་སྤྱད་པའི་དམིགས་པ་ཀུན་དང་བྲལ་ལོ། ། གཟུགས་བརྙན་ཞེས་བྱ་བའི་མཚན་ཉིད་ཀྱང་ཆུའམ་མེ་ལོང་ངམ་འབྲུ་མར་ལ་བརྟེན་ནས་བཞིན་གྱི་གཟུགས་ སུ་སྣང་ཡང་བཞིན་དེ་ཉིད་དུ་འཕོས་པ་མེད་དོ། ། དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་ཀྱང་བསྒྲུབ་པ་དང་། ཏིང་ངེ་འཛིན་དང་། ཡོ་བྱད་ལ་བརྟེན་ནས་འབྱུང་ཡང་དམིགས་པ་དང་བྲལ་ལོ། ། དྲི་ཟའི་གྲོང་ཁྱེར་ཞེས་བྱ་བའི་མཚན་ཉིད་ནི་བར་སྣང་ན་དྲི་ཟ་གང་ན་ གནས་པ་དེར་གྲོང་ཁྱེར་ཡང་དེ་ན་གནས་ཏེ་དེ་བྱུང་མ་ཐག་ཏུ་རྟག་པ་མ་ཡིན་པ་དང་གསང་སྔགས་ཀྱི་གནས་ཀྱང་རྣལ་འབྱོར་པ་བདག་ཉིད་ཀྱིས་ཀྱང་བསྐྱེད་པར་འབྱུང་ལ། དེ་ཡང་ཐེར་ཟུག་མ་ཡིན་ནོ། ། བྲག་ཅ་ཞེས་བྱ་བའི་མཚན་ཉིད་ནི་བྲག་གི་ངོས་ ལ་སྒྲ་ཇི་སྐད་རྐྱེན་པ་སྐད་བྲག་ཅ་ལ་ཡང་དེ་བཞིན་དུ་འབྱུང་ངོ་། །
BO
འབྱུང་ཡང་སྒྲར་མི་དམིགས་པ་དེ་བཞིན་དུ་གསང་སྔགས་བཟླས་པའི་སྒྲ་ཡང་བཟླས་པ་ཙམ་ཉིད་ན་སྟོང་པའོ། ། ཆུ་ཟླ་ཞེས་བྱ་བའི་མཚན་ཉིད་ནི་ཟླ་བའི་གཟུགས་བརྙན་ཆུའི་ནང་དུ་སྣང་ཡང་ཆུ་ལ་ཟླ་བ་མེད་དོ། ། དེ་བཞིན་དུ་ཕྱག་རྒྱའི་དཀྱིལ་འཁོར་ལ་ཡང་གཟུང་འཛིན་ཀྱི་རྟོག་པ་མེད་དོ། ། ཆུའི་ཆུ་བུར་ཞེས་བྱ་བའི་མཚན་ཉིད་ནི་ཆུའི་རླབས་ཆེན་གཅིག་ལས་ཆུ་བུར་མང་དུ་འབྱུང་ཞིང་སླར་ཡང་འདུ་བ་དེ་བཞིན་དུ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་རྣམ་པ་ཡང་གཅིག་ཏུ་མ་ཆད་དོ། ། མིག་ འཁྲུལ་པ་ཞེས་བྱ་བའི་མཚན་ཉིད་ནི་མི་མིག་ནད་ཅན་གྱིས་བར་སྣང་ལ་བལྟས་ན་ཟླ་བ་གཉིས་སུ་སྣང་ཡང་ཟླ་བ་ལ་གཉིས་སུ་གྱུར་པ་མེད་དོ། ། དེ་བཞིན་དུ་གསང་སྔགས་ཀྱི་ལྟ་བ་ཡང་འཛིན་རྟོག་གི་ལྟ་བ་ཅིར་རྣམ་པར་རྟོག་པ་རྣམ་མང་ཡོངས་སུ་གྲུབ་པར་ཡོངས་ སུ་མི་ལྟའོ། ། མགལ་མེ་བསྐོར་བ་ཞེས་བྱ་བའི་མཚན་ཉིད་ནི་གང་དག་ལག་ན་མགལ་མེ་ཐོགས་ནས་བསྐོར་ན་དབྱིབས་ཀྱི་རྣམ་པ་ཇི་ལྟར་ཡང་སྣང་སྟེ། དེ་ལ་དབྱིབས་མེད་དོ། ། དེ་བཞིན་དུ་རྣལ་འབྱོར་པའི་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་སྣང་ཞིང་འབྱུང་ལ་དངོས་ པོར་མ་གྲུབ་པའོ། །
BO
སྨྲ་བའི་སེང་གེ་དེ་ལྟར་ན་གསང་སྔགས་ཀྱི་སྤྱོད་པ་ནི་དེ་ལྟར་ཤེས་པར་བྱའོ། ། སྨྲ་བའི་སེང་གེ་དེ་ལྟ་བས་ན་རྣལ་འབྱོར་པས་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དོན་དམ་པའི་བདེན་པ་ཁོང་དུ་ཆུད་པར་བྱའོ། ། འཕགས་པ་རྒྱུད་ཀྱི་ རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བའི་སྒོ་ནས་གླེང་བསླང་བ་དང་སྔགས་ཀྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་ཀུན་དུ་བཟང་པོས་བཅོམ་ལྡན་འདས་ གསང་བ་མཆོག་གི་རྒྱལ་པོ་ལ་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས་རྨད་དུ་བྱུང་བའི་མཆོད་པ་རྒྱས་པ་དེ་ཁོ་ན་ཉིད་ཀྱིས་རབ་ཏུ་མཆོད་དེ་ཀུན་དུ་རབ་ཏུ་མཆོད་ནས་གཙུག་གི་འདུད་པས་ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ཏེ་འདི་སྐད་ཅེས་གསོལ་བ་བཏབ་བོ། ། ཨེ་མའོ་བདེར་ གཤེགས་ཀུན་དུ་བཟང་། ། ཨེ་མའོ་ཡེ་ནས་དག་པའི་དོན། ། ཨེ་མའོ་གསང་བ་མཆོག་གི་བད་ག ། ཨེ་མའོ་ཡེ་ཤེས་རྔམ་པའི་གློག ། ཨེ་མའོ་གཉིས་མེད་དགྱེས་ཆེན་པོ། ། ཨེ་མའོ་བདེ་བ་བདེ་ཆེན་མཆོག ། ཨེ་མའོ་རྣམ་དག་དཔལ་ཁྱོད་ལ། ། ཨེ་མའོ་བདག་ ཅག་གསོལ་བ་འདེབས། །
BO
བྱང་ཆུབ་སེམས་འདི་ཇི་ལྟར་སྐྱེད། ། དཀྱིལ་འཁོར་རྣམས་ནི་ཇི་ལྟར་ལགས། ། ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་ཅི། ། བསྙེན་སྒྲུབ་རྣམ་བཞི་ཇི་ལྟར་ལགས། ། དངོས་གྲུབ་སྒྲུབ་པའི་རྣམ་གྲངས་ཅི། ། སྔགས་ཀྱི་སྡོམ་པ་ཇི་ལྟར་བསྲུང་། ། རྣལ་འབྱོར་བརྟུལ་ཞུགས་ཇི་ལྟར་སྤྱད། ། དྲེགས་པའི་ཚོགས་ནི་ཇི་ལྟར་གདུལ། ། རྣམ་བཞིའི་ལས་ནི་ཇི་ལྟར་བགྱི། ། བརྣག་པའི་ནན་ཏུར་ཇི་ལྟར་བགྱི། ། རྣལ་འབྱོར་རྣམས་ལ་བརྩེ་བ་དང་། ། བདག་ཅག་རྣམས་ལ་སྨན་སླད་དུ། ། བཅོམ་ལྡན་སྙིང་པོས་བཤད་དུ་ གསོལ། ། ཨ་ལ་ལ་ཧོ་ཞེས་གསོལ་བ་ལས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་གསོལ་བ་བཏབ་པ་ཐུགས་སུ་ཆུད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྨྲ་བའི་སེང་གེ་གསང་སྔགས་མདོའི་དོན་རྣམས་ཕྱི་རབས་ཀྱི་རྣལ་འབྱོར་པ་ལ་ཕན་གདགས་པ་ དང་། དད་པ་ཅན་གྱི་འགྲོ་བ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་ང་ལ་ཞུ་བ་ལེགས་སོ། ། སྨྲ་བའི་སེང་གེ་ལེགས་སོ། ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྔར་འདས་པ་རྣམས་ཀྱིས་གསུངས་པ་དང་། ད་ལྟར་བཞུགས་པ་རྣམས་ཀྱིས་གསུངས་པ་དང་། སླད་ཀྱིས་བྱོན་ པ་རྣམས་ཀྱིས་གསུང་བར་འགྱུར་བ་རྣམས་ཀྱི་དོན་ཐོག་མར་དགེ་བ། བར་དུ་དགེ་བ།
BO
ཐ་མར་དགེ་བ། དོན་བཟང་པོ། རྒྱུད་ཀྱི་འབྲེལ་པ། དོན་གྱི་བཀོད་པ། རྟགས་ཀྱི་རོལ་པ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོས་རྣམ་པར་བསྒྱིངས་པ་གཞུང་ཆེན་པོ་འདི་ངས་ བཤད་པར་བྱ་ཡིས་སྐལ་བ་དང་ལྡན་པ་རྣམས་གསང་སྔགས་ཀྱི་དོན་ཟབ་མོ་མི་ཐོས་པར་དཀའ་ན་ཐོས་ནས་དེའི་དོན་ལ་གནས་པར་དཀའ་སྟེ་ཕལ་གྱི་ཐུན་མོང་དུ་མ་གྱུར་པའོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་ཀློག་གི་འཁོར་ལོའི་ མདོ་ཞེས་བྱ་བ་ལས་སྔགས་ཀྱི་མདོ་བསྟན་པའི་ལེའུ་སྟེ་གསུམ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་སྙིང་པོ་བྱང་ཆུབ་ལ་ངེས་པར་འགྲེལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཞུགས་ནས་ཡང་འདུས་ པའི་འཁོར་ཚོགས་ལ་བཀའ་སྩལ་ཏོ། ། རིགས་ཀྱི་བུ་རྣམས་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་སུ་འདུས་ཤིང་བྱང་ཆུབ་ཀྱི་སེམས་ཉིད་སྣང་བ་ཤེས་པར་གྱིས་ཤིག ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ལུས་དང་ངག་དང་སེམས་སུ་འདུས་ལ། ལུས་དང་ངག་ དང་སེམས་ཉིད་ཆོས་ཐམས་ཅད་ཀྱི་རྣམ་པར་སྣང་ངོ་། ། འདུས་པའི་འཁོར་ཚོགས་རྣམས་ཀྱིས་གསོལ་པ། ལུས་དང་ངག་དང་སེམས་བདག་ཅག་རྣམས་ཀྱིས་ཇི་ལྟར་བལྟ་བར་བགྱི།
BO
གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་ལུས་དང་ ངག་དང་སེམས་ཀྱི་མཚན་ཉིད་ནི་སེམས་ཀྱང་ལུས་དང་ངག་གི་རྣམ་པ་ལྟ་བུ། ངག་ཀྱང་ལུས་དང་སེམས་ཀྱི་རྣམ་པ་ལྟ་བུ། ལུས་ཀྱང་ཚིག་ཏུ་བརྗོད་པ་དང་སེམས་ཀྱི་རྣམ་པ་ལྟ་བུར་རང་རང་གི་ལུས་དང་ངག་དང་སེམས་རྟོགས་ཤིག ། འོན་ཏང་བྱང་ཆུབ་ཏུ་སེམས་ བསྐྱེད་པར་འགྱུར་རོ། ། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མའོ་དངོས་པོ་ཐམས་ཅད་དང་བྲལ་བ། ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། ། གཟུང་ དང་འཛིན་པ་རྣམ་པར་སྤངས། ། ཆོས་བདག་མེད་པ་མཉམ་ཉིད་པས། ། རང་སེམས་གདོད་ནས་མ་སྐྱེས་པ། ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། ། ཞེས་གསུངས་སོ། ། དེ་ནས་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མའོ་ངོ་མཚར་ཡ་མཚན་གྱི། ། སངས་རྒྱས་ཀུན་གྱི་གསང་བའི་ཐུགས། ། ཆོས་ཀུན་སྐྱེ་བ་མེད་པ་ལས། ། སྐྱེ་བ་འདི་ནི་རབ་གྲགས་པ། ། སྐྱེ་དང་མི་སྐྱེ་གཉིས་མེད་པ། ། བྱང་ཆུབ་སེམས་འདི་བསྟན་པའོ། །
BO
ཞེས་གསུངས་ སོ། ། དེ་ནས་ཡང་མེ་ལོང་ལྟ་བུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མའོ་ངོ་མཚར་ཡ་མཚན་གྱི། ། སངས་རྒྱས་ཀུན་གྱི་གསང་བའི་ཐུགས། ། ཆོས་ཀུན་འགག་པ་མེད་པ་ལས། ། འགག་པ་འདི་ ནི་རབ་ཏུ་བསྒྲགས། ། འགག་དང་མི་འགག་མེད་པ་སྟེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ། ། དེ་ནས་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མའོ་ངོ་ མཚར་ཡ་མཚན་གྱི། ། སངས་རྒྱས་ཀུན་གྱི་གསང་བའི་ཐུགས། ། ཆོས་ཀུན་གནས་པ་མེད་པ་ལས། ། གནས་པ་འདི་ནི་རབ་ཏུ་བསྒྲགས། ། གནས་དང་མི་གནས་མེད་པ་སྟེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ། ། དེ་ནས་ཡང་ཆོས་ཐམས་ཅད་སོ་སོ་ ཀུན་དུ་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མའོ་ངོ་མཚར་ཡ་མཚན་གྱི། ། སངས་རྒྱས་ཀུན་གྱི་གསང་བའི་ཐུགས། ། ཆོས་ཀུན་དམིགས་པ་མེད་པ་ལས། ། དམིགས་པ་འདི་ནི་རབ་ཏུ་བསྒྲགས། ། དམིགས་དང་མི་དམིགས་མེད་པ་སྟེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ། །
BO
ཞེས་གསུངས་སོ། ། དེ་ནས་ཡང་ཆོས་ཐམས་ཅད་བྱ་བ་ལ་ནན་ཏན་དུ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མའོ་ངོ་མཚར་ཡ་མཚན་ གྱི། ། སངས་རྒྱས་ཀུན་གྱི་གསང་བའི་ཐུགས། ། ཆོས་ཀུན་སྤྲོ་བསྡུ་མེད་པ་ལས། ། སྤྲོས་དང་བསྡུས་པར་རབ་ཏུ་གྲགས། ། སྤྲོས་བསྡུས་ཡོད་དང་མེད་པ་སྟེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ། ། དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་ པོས་ཨ་ལ་ལ་ཧོ་ཞེས་སྒྲ་ཕྱུང་སྟེ་བྱང་ཆུབ་སེམས་ལ་བསྟོད་པ། ཨེ་མའོ་བདེ་ཆེན་ཀུན་དུ་བཟང་། ། ཨེ་མའོ་སྟོང་ཉིད་བྱང་ཆུབ་སེམས། ། ཨེ་མའོ་དག་པ་དྲི་མ་མེད། ། ཨེ་མའོ་མི་སྒྲིབ་གསལ་བ་ཆེ། ། ཨེ་མའོ་མཉམ་ཉིད་དབྱེར་མེད་ཆོས། ། ཨེ་མའོ་ སོ་སོར་རང་རིག་སེམས། ། ཨེ་མའོ་བྱང་སེམས་ལྷུན་གྱིས་གྲུབ། ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ། ཞེས་བསྟོད་དེ། བཅོམ་ལྡན་འདས་ཉིད་ཁྱད་པར་དུ་གྱུར་པ་ཡང་བྱང་ཆུབ་སེམས་ཉིད་ཡིན་ཞིང་བྱང་ཆུབ་ཀྱི་སེམས་ཐུགས་སུ་ཆུད་པའོ། ། བདག་ཅག་རིག་འཛིན་གྱི་ ཚོགས་སུ་གྱུར་པ་རྣམས་ཀྱང་བྱང་ཆུབ་སེམས་ལ་སྨོན་པར་འཚལ། འཇུག་པར་འཚལ། ལྡང་བར་འཚལ།
BO
གནས་པར་འཚལ་ཏེ། བདག་ཅག་ཀྱང་རང་རང་གི་སེམས་གཡོས་པར་བགྱི། རེག་པར་བགྱི། ཉེ་བར་བགྱི། ཉམས་སུ་མྱོང་བར་བགྱི་བར་འཚལ་ན། བདག་ཅག་དེ་འདྲ་བའི་བསམ་པ་ཅན་ལ་སྙིང་རྗེ་ཆེན་པོར་དགོངས་པར་མཛད་དུ་གསོལ། བདེ་བར་གཤེགས་པ་དགོངས་པ་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པ་ལས་གསང་བ་མཆོག་གི་བདག་པོས་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས་སྙིང་རྗེ་བྱང་ཆུབ་འབྱུང་བ་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གཉིས་སུ་མེད་པར་མངོན་པར་འདུ་མཛད་དོ། ། གཉིས་སུ་མེད་པར་མངོན་པར་འདུ་མཛད་པས་བྱང་ཆུབ་སེམས་ཀྱི་སྤྲིན་ཀྱིས་ཐམས་ཅད་རྒྱས་པར་ཁྱབ་པ་ནི་ཏིལ་འབྲུ་མར་གྱིས་ཁྱབ་པ་བཞིན་ནོ། ། དེ་ནས་ཡང་འདི་གསུངས་ སོ། ། ཨེ་མའོ་ཡེ་ཤེས་རྣམ་དག་ཆོས། ། སྣ་ཚོགས་སྣང་ཡང་རྟོག་པར་གསང་། ། ངོ་བོ་ཉིད་ནི་བརྗོད་དུ་མེད། ། སྣོད་མ་ཡིན་ལ་བསྟན་པ་དཀའོ། ། ཨེ་མའོ་སྲིད་གསུམ་ཡེ་ནས་རྣམ་པར་དག་པའི་རང་བཞིན་ལ། ། བདག་ཏུ་རྟོག་པ་སྲིད་རྩའི་ཉེས་དམིགས་ཀྱིས། ། ཡུན་{རིངས་,རིང་}དུས་ནས་འཁྱམས་པའི་འགྲོ་བ་རྣམས། ། མི་མཐུན་བདེ་སྡུག་གནས་རྣམས་སོ་སོར་གཟུང་། ། ལོག་རྟོག་ནོར་བའི་དབང་གིས་ཀུན་བརྟགས་ཀྱང་། །
BO
རང་བཞིན་ཉིད་ལས་མཉམ་པ་རྡུལ་ཙམ་མེད། ། ཨེ་མའོ་ཡུན་{རིངས་,རིང་}དུས་ནས་རྨོངས་པའི་འགྲོ་བ་རྣམས། ། ཡེ་ནས་དོན་གྱིས་སངས་རྒྱས་ཡིན་མོད་ཀྱང་། ། རྨོངས་པའི་དབང་གིས་འཁོར་བའི་འཁོར་ལོར་འཁྱམས། ། ལོག་རྟོག་ཉིད་ལ་དངོས་མེད་བྱང་ཆུབ་སེམས། ། འཁྲུལ་འཁོར་ཉིད་ཀྱང་མི་ཟད་རྒྱན་དུ་ཆེ། ། སྙིགས་མ་ལྔ་ཉིད་བདེ་ལྡན་གནས་སུ་གསལ། ། ཕུང་པོ་ལྔ་ཉིད་ མངོན་པར་རྫོགས་པའི་སྐུ། ། སྲིད་རྩའི་ཉེས་དམིགས་ཉིད་ཀྱང་བྱང་ཆུབ་སྙིང་པོར་གནས། ། ཕྱི་ནང་སྣོད་བཅུད་ཡབ་ཡུམ་ངང་དུ་གསལ། ། ཞེས་གསུངས་པས་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་གནས་སོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པའི་གློག་གི་ འཁོར་ལོའི་མདོ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་ཉིད་སྐུ་དང་གསུང་ཐུགས་རྡོ་རྗེ་ལས་དཀྱིལ་འཁོར་ཐམས་ཅད་འབྱུང་བར་བཞེད་ནས་བཙུན་མོ་དང་གཉིས་སུ་མེད་པར་འདུ་ མཛད་དོ། ། མངོན་པར་འདུ་མཛད་ནས་ཡང་དཀྱིལ་འཁོར་ཐམས་ཅད་འབྱུང་བ་རྡོ་རྗེའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། དཀྱིལ་འཁོར་ཐམས་ཅད་ཀྱི་མདོ་འདི་གསུངས་སོ། །
BO
འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག ། གསང་སྔགས་བྱིན་བརླབས་བསམ་ ཡས་ལ། ། དཀྱིལ་འཁོར་བསམ་ཡས་བརྗོད་མི་ལང་། ། མདོར་བསྡུས་རྣམ་པ་གསུམ་ཡིན་ཏེ། ། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དང་། ། ཏིང་འཛིན་གསལ་བའི་དཀྱིལ་འཁོར་དང་། ། བཀྲི་དྲང་རྡུལ་ཚོན་དཀྱིལ་འཁོར་ཏེ། ། གསུམ་པོ་དག་ཏུ་རྒྱལ་བས་ གསུངས། ། ཞེས་ཆེད་དུ་གླེང་ངོ་། ། དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་ཀུན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་ཆོས་ཐམས་ཅད་ནི་དཀྱིལ་འཁོར་གསུམ་དུ་བརྗོད་པར་མཐོང་ལགས་སོ། ། དེ་ཡང་འདི་སྐད་ཅེས་གསོལ་བ་བཏབ་བོ། ། ཨེ་མའོ་གསང་མཆོག་བདེ་བ་ཆེ། ། ཡེ་ནས་ལྷུན་གྲུབ་དག་པའི་བདག ། དཀྱིལ་འཁོར་ཀུན་གྱི་འབྱུང་གནས་གཙོ། ། རྡོ་རྗེ་རྒྱལ་ལ་ཕྱག་འཚལ་ལོ། ། ཆོས་ཀུན་ཡེ་ནས་སངས་རྒྱས་པའི། ། རང་བཞིན་དག་པ་དྲི་མ་མེད། ། རང་བཞིན་ལྷུན་གྲུབ་ཟབ་མོའི་དོན། ། བཅོམ་ལྡན་སྙིང་པོས་བཤད་དུ་གསོལ། ། ཨ་ལ་ལ་ཧོ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་གསོལ་བ་བཏབ་པའི་དོན་ཐུགས་སུ་ཆུད་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་བའི་རྡོ་རྗེ་རྒྱན་ཞེས་བྱ་བའི་ཏིང་ངེ་ འཛིན་ལ་སྙོམས་པར་ཞུགས་སོ། །
BO
ཞུགས་ནས་ཡང་རང་བཞིན་དོན་དམ་པའི་དཀྱིལ་འཁོར་སྤྲོས་པ་དང་བྲལ་བ་འདི་གསུངས་སོ། ། ཨེ་མའོ་སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། ། བླ་ན་མེད་པ་རྟོགས་འགྱུར་བའི། ། རྒྱལ་བས་གསུངས་པའི་ཡེ་ཤེས་གང་། ། དེ་ ནི་དཀྱིལ་འཁོར་སྙིང་པོ་ཡིན། ། ཞེས་གསུངས་སོ། ། དེ་ནས་ཡང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་རང་བཞིན་དོན་དམ་པའི་དཀྱིལ་འཁོར་གྱི་རྣམ་གྲངས་འདི་གསུངས་སོ། ། དེ་ལ་འདི་ནི་སྤྱིར་བསྡུས་པའོ། ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། ། རང་བཞིན་དག་པས་དྲི་མ་མེད། ། ཕུང་པོ་ལྔ་དོན་སངས་རྒྱས་ལྔ། ། འབྱུང་བ་ལྔ་དོན་དབྱིངས་ཕྱུག་ཡུམ། ། ཁམས་དང་སྐྱེ་མཆེད་མང་པོ་ཀུན། ། སེམས་དཔའ་སེམས་མའི་དཀྱིལ་འཁོར་ཡིན། ། དེས་ན་སྲིད་གསུམ་དཀྱིལ་འཁོར་ཆེ། ། ཞེས་གསུངས་སོ། ། དེ་ ལ་ཕུང་པོ་ལྔ་སངས་རྒྱས་ལྔའི་རང་བཞིན་དུ་གསུངས་པ་ཡང་། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། རྒྱུ་དང་འབྲས་བུའི་གཟུགས་རྣམས་ཀུན། ། ཆོས་ཀྱི་དབྱིངས་ལས་བྱུང་བས་ན། ། དབྱེར་མེད་དོན་གྱི་གཏི་མུག་པས། ། རྣམ་པར་སྣང་མཛད་རང་བཞིན་ ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད། ། བདེ་སྡུག་ཚོར་བའི་ཕུང་པོ་ཀུན། །
BO
མཉམ་ཉིད་དབྱིངས་ལ་སྣང་བས་ན། ། ང་རྒྱལ་ཆེན་པོའི་རང་བཞིན་པས། ། མྱོང་བ་རིན་ཆེན་འབྱུང་བ་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ཡུལ་དང་ཤེས་ པ་ཕྲ་རགས་ཀྱི། ། བྱེད་པའི་ཕུང་པོ་ཐམས་ཅད་ཀུན། ། མ་འདྲེས་དབྱིངས་ལ་སྣང་བས་ན། ། ཤེས་རབ་རླབས་ཀྱི་འདོད་ཆགས་པས། ། སྣང་བ་མཐའ་ཡས་རང་བཞིན་ནོ། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། དགེ་དང་མི་དགེ་གཉིས་ཀ་མིན། ། སེམས་ ལས་བྱུང་དང་མ་བྱུང་བའི། ། འདུ་བྱེད་ཕུང་པོ་ཐམས་ཅད་ཀུན། ། སྤྲོ་བསྡུ་དབྱིངས་ལས་བྱུང་བས་ན། ། རྣམ་པར་གྲོལ་བའི་ཕྲག་དོག་པས། ། དོན་ཡོད་གྲུབ་པའི་རང་བཞིན་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། རྣམ་སྨིན་རང་སེམས་རྣམ་རིག་པའི། ། ཤེས་བརྒྱད་རྣམ་ཤེས་ཕུང་པོ་ཀུན། ། རིག་པའི་དབྱིངས་ལ་ཤར་བས་ན། ། ཞེ་སྡང་ཆེན་པོའི་ཡེ་ཤེས་པས། ། རྡོ་རྗེ་སེམས་དཔའི་རང་བཞིན་ཡིན། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཆེན་པོ་ལྔ་དབྱིངས་ཕྱུག་ལྔའི་རང་བཞིན་དུ་གསུངས་པ། སྣོད་བཅུད་འགྲོ་བ་ ཐམས་ཅད་ཀྱི། ། གསལ་སྟོང་མི་སྒྲིབ་གོ་འབྱེད་པའི། ། སྣང་སྟོང་ནམ་མཁའི་ཁམས་རྣམས་ཀུན། ། སྟོང་ཉིད་དབྱིངས་ལ་ཤར་བས་ན། ། ཐམས་ཅད་གནས་པའི་ཀློང་ཡིན་པས། །
BO
བདེ་གཤེགས་དབྱིངས་ཕྱུག་རང་བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ ཅད། ། སྲ་བརྟན་སྐྱེད་བསྐྲུན་རྟེན་རྣམས་ཀུན། ། ས་ཡི་ཁམས་སུ་གྲགས་པ་རྣམས། ། མི་འགྱུར་དབྱིངས་ལ་ཤར་བས་ན། ། ཐམས་ཅད་སྐྱེད་པའི་རྟེན་ཡིན་པས། ། རྡོ་རྗེ་དབྱིངས་ཕྱུག་རང་བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། གྱེས་སྡུད་གཤེར་ བའི་མཚན་ཉིད་ཀུན། ། ཆུ་ཡི་ཁམས་སུ་གྲགས་པ་སྟེ། ། ཀུན་སྡུད་དབྱིངས་སུ་ཤར་བས་ན། ། ཡོན་ཏན་ཚོགས་ཆེན་ཀུན་སྡུད་པས། ། རིན་ཆེན་དབྱིངས་ཕྱུག་རང་བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། གསལ་དྲོའི་ངོ་བོ་ཐམས་ཅད་ཀུན། ། མེ་ཡི་ ཁམས་སུ་གྲགས་པ་རྣམས། ། སྣང་གསལ་དབྱིངས་ལ་ཤར་བས་ན། ། གསལ་དྲོ་སྲེག་པའི་རང་བཞིན་པས། ། པདྨའི་དབྱིངས་ཕྱུག་རང་བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། ཡང་གཡོ་འདེགས་བསྐྱོད་ཐམས་ཅད་ཀུན། ། རླུང་གི་ཁམས་སུ་གྲགས་ པ་སྟེ། ། བསྐྱོད་ཆེན་དབྱིངས་ལ་ཤར་བས་ན། ། ཐོགས་མེད་ཤུགས་བསྐྱོད་རང་བཞིན་པས། ། ལས་ཀྱི་དབྱིངས་ཕྱུག་རང་བཞིན་ཡིན། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྣམ་པར་ཤེས་པ་བཞི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན་དུ་གསུངས་པ།
BO
སྲིད་ གསུམ་སེམས་ཅན་ཐམས་ཅད་ཀྱི། ། ཁ་དོག་དབྱིབས་ལ་སྤྱོད་པ་ཀུན། ། མིག་གི་རྣམ་ཤེས་ཞེས་སུ་གྲགས། ། མཐོང་བའི་ཡེ་ཤེས་ཡིན་པའི་ཕྱིར། ། ས་ཡི་སྙིང་པོའི་རང་བཞིན་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། སྒྲ་རྣམས་ ཀུན་ལ་སྤྱོད་པ་ཀུན། ། རྣ་བའི་རྣམ་ཤེས་ཞེས་སུ་གྲགས། ། ཐོས་པའི་ཡེ་ཤེས་ཡིན་པས་ན། ། ལག་ན་རྡོ་རྗེའི་རང་བཞིན་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། དྲི་རྣམས་ཀུན་ལ་སྤྱོད་པ་ཀུན། ། སྣ་ཡི་རྣམ་ཤེས་ཞེས་སུ་གྲགས། ། ཚོར་བའི་ཡེ་ཤེས་ ཡིན་པས་ན། ། ནམ་མཁའི་སྙིང་པོའི་རང་བཞིན་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། རོ་རྣམས་ཀུན་ལ་སྤྱོད་པ་ཀུན། ། ལྕེ་ཡི་རྣམ་ཤེས་ཞེས་སུ་གྲགས། ། མྱོང་བའི་ཡེ་ཤེས་ཡིན་པའི་ཕྱིར། ། སྤྱན་རས་གཟིགས་ཀྱི་རང་བཞིན་ཡིན། ། ཞེས་གསུངས་སོ། ། དེ་ལ་ཡུལ་བཞི་བྱང་ཆུབ་སེམས་མ་བཞིའི་རང་བཞིན་དུ་གསུངས་པ། སྣོད་བཅུད་འགྲོ་བ་ཐམས་ཅད། ། ཁ་དོག་དབྱིབས་དང་མཚན་མ་ཀུན། ། གཟུགས་ཀྱི་སྐྱེ་མཆེད་ཉིད་དུ་གྲགས། ། མཐོང་བར་བྱ་བའི་ཡུལ་ཡིན་པས། ། གཟུགས་མཛེས་ལཱ་སྱཻའི་རང་ བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། ཟིན་དང་མ་ཟིན་གཉིས་ཀ་ལས། །
BO
བྱུང་བའི་སྒྲ་ཡི་ཁམས་སུ་གྲགས། ། ཐོས་པར་བྱ་བའི་ཡུལ་ཡིན་པས། ། ནིར་ཏྱ་མ་ཡི་རང་བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། ལྷན་ཅིག་སྐྱེས་དང་སྦྱར་ དང་གྱུར། ། ཞིམ་དང་ང་དང་དེ་བཞིན་གཞན། ། དྲི་ཡི་ཁམས་དང་སྐྱེ་མཆེད་དེ། ། བསྣམ་པར་བྱ་བའི་ཡུལ་ཡིན་པས། ། མཱ་ལཻ་ཉིད་ཀྱི་རང་བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། ཁ་མངར་ལ་སོགས་རོ་རྣམས་ཀུན། ། རོ་ཡི་སྐྱེ་མཆེད་ཉིད་དུ་ གྲགས། ། མྱང་བར་བྱ་བའི་ཡུལ་ཡིན་པས། ། གཱི་ཏི་ཉིད་ཀྱི་རང་བཞིན་ཡིན། ། ཞེས་གསུངས་སོ། ། དེ་ལ་འདི་ནི་དབང་པོ་བཞི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན་དུ་གསུངས་པ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། མཐོང་བྱེད་དང་བའི་བདག་ ཉིད་དེ། ། མིག་གི་ཁམས་ཞེས་བྱ་བར་གྲགས། ། མཐོང་བའི་བྱ་བ་བྱེད་པའི་ཕྱིར། ། བྱམས་པ་མཻ་ཏྲི་རང་བཞིན་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། ཐོས་པར་བྱེད་པའི་བདག་ཉིད་དེ། ། རྣ་བའི་ཁམས་ཞེས་བྱ་བར་གྲགས། ། ཐོས་པའི་བྱ་བ་ བྱེད་པའི་ཕྱིར། ། སྒྲིབ་པ་ཀུན་སེལ་རང་བཞིན་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། སྣོམ་བྱེད་དང་བའི་བདག་ཉིད་དེ། ། སྣ་ཡི་ཁམས་ཞེས་བྱ་བར་གྲགས། །
BO
ཚོར་བར་བྱ་བ་བྱེད་པའི་ཕྱིར། ། འཇམ་དཔལ་ཉིད་ཀྱི་རང་བཞིན་ཡིན། ། སྲིད་གསུམ་ སེམས་ཅན་ཐམས་ཅད་ཀྱི། ། མྱོང་བྱེད་དག་པའི་བདག་ཉིད་དེ། ། ལྕེ་ཡི་ཁམས་ཞེས་བྱ་བར་གྲགས། ། མྱོང་བའི་བྱ་བ་བྱེད་པའི་ཕྱིར། ། ཀུན་དུ་བཟང་པོའི་རང་བཞིན་ཡིན། ། ཞེས་གསུངས་སོ། ། དེ་ལ་དུས་བཞི་མཆོད་པའི་ལྷ་མོ་བཞིའི་རང་བཞིན་དུ་གསུངས་པ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། རྒྱུ་འབྲས་ཀུན་དུ་རྣམ་པར་སྤྱད། ། སྔོན་འདས་དུས་སུ་རྣམ་པར་གྲགས། ། སྔོན་འདས་དཔྱིད་ཀྱི་རང་བཞིན་ཡིན། ། སྤོས་མེའི་རང་བཞིན་ཉིད་ཡིན་ནོ། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། རྒྱུ་སྤྱད་འབྲས་བུ་མ་སྤྱད་ཀུན། ། ད་ལྟར་དབྱར་གྱི་རང་བཞིན་ཡིན། ། མེ་ཏོག་ཉིད་ཀྱི་རང་བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། རྒྱུ་འབྲས་ཡོངས་ཀྱིས་མ་སྤྱད་པ། ། མ་འོངས་དུས་སུ་རྣམ་པར་གྲགས། ། འོང་མ་རག་སྟོན་རང་བཞིན་ནི། ། ཨཱ་ལོ་ཀེ་ཡི་རང་བཞིན་ཡིན། ། སྣོད་ བཅུད་འགྲོ་བ་ཐམས་ཅད་ཀྱི། ། རྒྱུ་འབྲས་ངེས་པར་མ་ཚོགས་པ། ། འབྱུང་བར་མ་ངེས་དུས་ཞེས་གྲགས། ། མ་འོངས་དགུན་གྱི་རང་བཞིན་ནི། ། གན་དྷེའི་རང་བཞིན་ཡིན་པར་ངེས། ། ཞེས་གསུངས་སོ། །
BO
དེ་ལ་འདི་ནི་ལུས་ཀྱི་དབང་པོ་དང་། རྣམ་པར་ ཤེས་པ་དང་། ཡང་དེའི་ཡུལ་དང་དེ་ལས་བྱུང་བའི་བྱང་ཆུབ་སེམས་ཁྲོ་བོ་བཞིའི་རང་བཞིན་དུ་གསུངས་པ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། རེག་བྱེད་དང་བའི་བདག་ཉིད་དེ། ། ལུས་ཀྱི་ཁམས་ཞེས་བྱ་བར་གྲགས། ། རེག་བྱེད་བྱ་བ་བྱེད་པས་ན། ། གཤིན་ རྗེ་འཇོམས་པའི་རང་བཞིན་ནོ། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། རེག་བྱ་ཀུན་ལ་སྤྱོད་པ་ཀུན། ། ལུས་ཀྱི་རྣམ་ཤེས་ཞེས་སུ་གྲགས། ། རེག་པའི་ཡེ་ཤེས་ཡིན་པའི་ཕྱིར། ། རྣམ་པར་རྒྱལ་བའི་རང་བཞིན་ཡིན། ། སྲིད་གསུམ་སེམས་ཅན་ ཐམས་ཅད་ཀྱི། ། བྱུང་དང་འབྱུང་འགྱུར་རེག་བྱ་རྣམས། ། རེག་བྱའི་སྐྱེ་མཆེད་ཉིད་དུ་གྲགས། ། རེག་པར་བྱ་བའི་ཡུལ་ཡིན་པས། ། རྟ་མཆོག་དཔལ་གྱི་རང་བཞིན་ནོ། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། ཚོགས་དྲུག་འགགས་པའི་དེ་མ་ཐག ། གོ་ འབྱེད་གསལ་བའི་བདག་ཉིད་དེ། ། ཡིད་ཀྱི་ཁམས་ཞེས་བྱ་བར་གྲགས། ། དེས་སྤྱོད་བྱ་བ་བྱེད་པའི་ཕྱིར། ། བདུད་རྩི་འཁྱིལ་བའི་རང་བཞིན་ཡིན། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཕྱིན་ཅི་མ་ལོག་པ་བཞི་ལྷ་མོ་བཞིའི་རང་བཞིན་དུ་གསུངས་པ། སྣོད་བཅུད་འགྲོ་ བ་ཐམས་ཅད་ཀྱི། །
BO
འཇིག་དང་སྐད་ཅིག་མི་རྟག་པ། ། རྟག་པར་མ་ཡིན་ཞེས་སུ་གྲགས། ། སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། ། ལྕགས་ཀྱུ་མ་ཡི་རང་བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། ཀུན་རྟོག་གཞན་དབང་མེད་མིན་པ། ། ཆད་པར་མ་ཡིན་ཞེས་ སུ་གྲགས། ། རྨི་ལམ་ལྟ་བུར་སེམས་སྣང་ཕྱིར། ། ཞགས་པ་མ་ཡི་རང་བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། གཟུང་འཛིན་དངོས་པོར་མ་གྲུབ་པ། ། མཚན་མར་མ་ཡིན་ཞེས་སུ་གྲགས། ། སྨིག་རྒྱུ་ལྟ་བུར་སེམས་སྣང་ཕྱིར། ། ལྕགས་ སྒྲོག་མ་ཡི་རང་བཞིན་ཡིན། ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། ། སྐྱེས་བུ་བྱེད་པ་མ་གྲུབ་པ། ། བདག་ཏུ་མ་ཡིན་ཞེས་སུ་གྲགས། ། སྒྲ་བརྙན་ལྟ་བུའི་སེམས་སྣང་ཕྱིར། ། དྲིལ་བུ་མ་ཡི་རང་བཞིན་ཡིན། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཡིད་དང་ཆོས་ གཙོ་གཟུངས་གཉིས་ཀྱི་རང་བཞིན་དུ་བསྟན་ཏེ། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། ཆོས་རྣམས་ཀུན་ལ་ངེས་སྤྱོད་པའི། ། ཡིད་ཀྱི་རྣམ་ཤེས་ཞེས་སུ་གྲགས། ། རྟོག་པའི་ཡེ་ཤེས་ཡིན་པའི་ཕྱིར། ། ཀུན་དུ་བཟང་པོའི་རང་བཞིན་ཡིན། ། སྣོད་བཅུད་ འགྲོ་བ་ཐམས་ཅད་ཀྱི། ། འདུས་བྱས་མ་བྱས་ཆོས་རྣམས་ཀུན། ། ཆོས་ཀྱི་སྐྱེད་བྱེད་ཡིན་པར་གྲགས། །
BO
རྣམ་པར་ཤེས་པའི་ཡུལ་ཡིན་པས། ། ཀུན་དུ་བཟང་མོའི་རང་བཞིན་ཡིན། ། དེ་ལ་སོགས་ཏེ་མཐའ་ཡས་མཆོག ། ཆོས་དབྱིངས་མཉམ་དང་མི་མཉམ་ པ། ། ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ། ། ཇི་སྙེད་རྣམ་གྲངས་ཡོད་པའི་ཆོས། ། ཀུན་ཀྱང་ཕྱག་རྒྱའི་རང་བཞིན་པས། ། རང་བཞིན་དཀྱིལ་འཁོར་ཆེན་པོ་ཡི། ། རྣམ་གྲངས་ཡིན་པར་རྒྱལ་བས་གསུངས། ། ཞེས་ཆེད་དུ་བརྗོད་པ་གསུངས་སོ། ། དེ་ནས་ ཡང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་རང་བཞིན་ཀུན་རྫོབ་ཀྱི་དཀྱིལ་འཁོར་འདི་གསུངས་སོ། ། ཀུན་རྫོབ་མཚན་མའི་གནས་ཆེན་ཀྱང་། ། འོག་མིན་བླ་མེད་གནས་མཆོག་གམ། ། ལྕང་ལོ་ཅན་ནམ་བདེ་བ་ཅན། ། པདྨ་ཅན་ལ་སོགས་པ་ ཡི། ། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དེ། ། མཚན་མའི་རྣལ་འབྱོར་ངོ་ལ་སྣང་། ། དེ་ཡང་ཇི་ལྟ་བུ་ཞེ་ན། ། མཁའ་འམ་ཡིད་ཀྱི་ནམ་མཁའ་ལ། ། འབྱུང་ཆེན་བརྩེགས་པའི་ལྷུན་གྱིས་གྲུབ། ། དེ་སྟེང་རིན་ཆེན་སྣ་བཞི་ལས། ། ལྷུན་གྱིས་གྲུབ་པ་ཚད་དཔག་ མེད། ། དེ་ལ་བརྟེན་པའི་ས་གཞི་ནི། ། རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ། ། མནན་ནེམ་བཏེག་འཕར་མཛེས་པའི་གཞི། ། དེ་ལ་ཕོ་བྲང་གཞལ་མེད་ཁང་། ། གྲུ་བཞི་ལྷམ་པ་མཛེས་པར་སྣང་། །
BO
རིན་ཆེན་སྣ་བཞིའི་རྒྱུ་ལས་གྲུབ། ། གློ་འབུར་བཞི་ཡང་མཁར་ ཐབས་ཚུལ། ། བུམ་པའི་རྩེ་མོ་ཆོས་ཀྱི་ཏོག ། རྨ་བྱའི་མདོངས་དང་ལྡན་པའོ། ། སྒོ་བཞི་སྒོ་ཁྱུད་བཞི་དང་ལྡན། ། རྟ་བབས་བརྒྱད་དང་ཡང་དག་ལྡན། ། དབུས་ན་འཁོར་ལོ་རྩིབས་བཞི་པ། ། ལྟེ་བར་བཅས་ཤིང་རྩིབས་རྟེན་ལྡན། ། གྲུ་ཆད་བར་ཁྱམས་མཛེས་པར་ལྡན། ། རིན་ཆེན་འོད་ཟེར་འབར་བས་འཁྲིགས། ། སེམས་ཅན་པདྨ་ཉི་ཟླ་དང་། ། རིན་ཆེན་འབར་བའི་གདན་མཆོག་ལྡན། ། རིན་ཆེན་ཁྲི་རྐང་རྣམ་རྟེན་ལྡན། ། ཕོ་བྲང་དེ་ཡི་གདན་མཆོག་ཀྱང་། ། ཉི་ཟླ་ནོར་བུ་རིན་ཆེན་འབར། ། བླ་རེ་རྒྱལ་མཚན་ན་བཟའ་གདུགས། ། དར་ དང་བ་ར་མུ་ཏིག་ཕྲེང་། ། དྲིལ་བུ་དང་ནི་རྔ་ཡབ་སོགས། ། རོལ་མོའི་ཆ་བྱད་སྣ་ཚོགས་བརྒྱན། ། འཇིག་རྟེན་ལྷ་ཚོགས་མཛེས་པ་དང་། ། དེ་ལ་སོགས་ཏེ་རྒྱན་རྣམས་ཀྱང་། ། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག ། གཞལ་ཡས་དེ་ཡི་སྒོ་ བཞི་ན། ། གླང་སེང་རྣམས་ཀྱིས་མཛེས་པར་བྱས། ། རྟ་བབས་རྣམས་ཀྱི་ཙོང་ཙོང་དང་། ། གསེར་གྱི་དྲིལ་བུ་འབར་བ་དག ། དཀོན་མཆོག་གསུམ་གྱི་མཚན་ཡང་སྒྲོགས། ། སྒོ་དྲུང་དེ་དག་རེ་རེ་ན། ། ཏ་ལའི་སྐྱེད་ཤིང་ཙོང་ཙོང་འཁྲིལ། །
BO
དྲི་དང་གཟུགས་དང་འོད་དུ་ལྡན། ། ཏ་ལའི་སྐྱེད་ཤིང་དེ་དག་ལ། ། ཁུ་བྱུག་ལ་སོགས་བཀྲ་ཤིས་པའི། ། བྱ་རྣམས་སྙན་པའི་སྐད་ཀྱང་འབྱིན། ། སྒོ་དྲུང་དེ་དག་རེ་རེ་ན། ། ཁྲུས་ཀྱི་རྫིང་བུ་དབྱིབས་ལེགས་པ། ། བློ་མཆོག་ཡན་ལག་ལྡན་པའི་ཆུ། ། གྲངས་མེད་དེ་དག་རེ་རེ་ན། ། ལྷ་དང་ལྷ་མོ་བསམ་མི་ ཁྱབ། ། ཕྱི་རོལ་ཁོ་ར་ཁོར་ཡུག་ན། ། རྩེ་ས་འཆག་ས་བརྗོད་མི་ལང་། ། དེ་ལ་སོགས་པ་བསམ་ཡས་མཆོག ། མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ། ། ལྷ་མཆོག་རྣམས་ཀྱི་བསོད་ནམས་ཀྱིས། ། རྒྱུ་ལས་གྲུབ་པར་རྒྱལ་བས་གསུངས། ། ཕོ་བྲང་དེ་ན་གནས་ པ་ཡི། ། ཡེ་ཤེས་ལྷ་ཚོགས་མང་པོ་རྣམས། ། གཙོ་གཟུངས་ཟུང་དུ་འཁྲིལ་བ་སྟེ། ། དབུས་ཀྱི་ཕོ་བྲང་སྙིང་པོ་ལ། ། རྣམ་པར་སྣང་མཛད་སྙིང་པོ་ཆེ། ། འཛམ་བུ་ན་དའི་གསེར་འོད་འདྲ། ། རང་རྟགས་ལག་ན་འཁོར་ལོ་བསྣམས། ། དཔའ་བོ་དེ་ཡི་སྤྱན་སྔ་ན། ། རྡོ་རྗེ་སེམས་དཔའི་རྒྱ་ཆེན་ཡང་། ། དུང་དང་ཤེལ་གྱི་ཁ་དོག་འདྲ། ། རང་རྟགས་ལག་ན་རྡོ་རྗེ་འཛིན། ། གཡས་སུ་རིན་ཆེན་འབྱུང་ལྡན་ཏེ། ། བཻ་ཌཱུརྱ་ཡི་ཁ་དོག་འདྲ། ། རང་རྟགས་རིན་ཆེན་ཟུར་བརྒྱད་འཛིན། ། རྒྱབ་ན་སྣང་བ་མཐའ་ཡས་གཙོ། །
BO
པདྨ་རཱ་གའི་མདོག་ འདྲ་ཞིང་། ། རང་རྟགས་པདྨ་དམར་པོ་འཛིན། ། གཡོན་དུ་དོན་ཡོད་གྲུབ་པ་སྟེ། ། ཨིན་ཏྲ་ནཱི་ལ་ལྗང་གུའི་མདོག ། རང་རྟགས་ཕྱག་ན་རལ་གྲི་འཛིན། ། ཀུན་ཀྱང་ཞི་བའི་ཆ་ལུགས་ཏེ། ། ཐོར་ཚུགས་རིགས་ལྔ་དབུ་ལ་བརྒྱན། ། རྫོགས་པའི་སྐྱིལ་ཀྲུང་ཚུལ་དུ་བཞུགས། ། དོ་ཤལ་དཔུང་རྒྱན་སེ་མོ་དོ། ། ཕྱག་གདུབ་སྙན་ཆས་ཀུན་ལ་མཛེས། ། མཚན་དང་དཔེ་བྱད་ཡང་དག་རྫོགས། ། དེ་དག་གི་ནི་གཡོན་རོལ་ན། ། ཀུན་དུ་བཟང་དང་ལོ་ཙ་ན། ། མ་མ་གོས་དཀར་སྒྲོལ་མ་རྣམས། ། གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། ། གཡོན་ པས་རང་རྟགས་དྲིལ་བུ་འཛིན། ། སྐུ་མདོག་ཆ་ལུགས་ཡབ་དང་འདྲ། ། འཁོར་ལོ་རྩིབས་ལ་ལྷུན་གྱིས་གྲུབ། ། སྤྱན་སྔའི་གློ་འབུར་མཛེས་པ་ལ། ། ལག་ན་རྡོ་རྗེ་སྔོ་སྐྱའི་མདོག ། རང་རྟགས་རྡོ་རྗེ་རྩེ་གསུམ་འཛིན། ། གཡས་ན་ས་ཡི་སྙིང་པོ་སྟེ། ། ལྗང་སྔོན་རིན་ཆེན་ མྱུ་གུ་འཛིན། ། རྒྱབ་ཏུ་ནམ་མཁའི་སྙིང་པོ་སྟེ། ། མཐིང་ག་རང་རྟགས་རལ་གྲི་འཛིན། ། གཡོན་དུ་མཛེས་པའི་གློ་འབུར་ལ། ། སྤྱན་རས་གཟིགས་དབང་དམར་སྐྱ་སྟེ། ། རང་རྟགས་པདྨ་དཀར་པོ་འཛིན། ། ཐོར་ཚུགས་ཡེ་ཤེས་སེམས་དཔས་བརྒྱན། །
BO
སེམས་དཔའི་ སྐྱིལ་མོ་ཀྲུང་དུ་བཞུགས། ། རྒྱན་དང་ཆ་ལུགས་ཀུན་གྱིས་བརྒྱན། ། དེ་དག་གི་ནི་གཡོན་རོལ་ན། ། གར་དང་སྒེག་མོ་ཕྲེང་བ་དབྱངས། ། གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། ། གཡོན་པ་གར་དང་མེ་ལོང་ཕྲེང་། ། པི་ཝང་འཛིན་ཅིང་ཆ་ལུགས་གཞན། ། གཙོ་བོ་ ཉིད་ཀྱང་མཐུན་པ་ཡིན། ། མཛེས་པའི་གྲུ་ཆེན་རྣམས་ལ་ནི། ། བྱམས་པ་མཻ་ཏྲི་དཀར་བ་སྟེ། ། མཛེས་པའི་ཀླུ་ཤིང་འགུནྡྷེ་བསྣམས། ། ཤར་ལྷོ་མཚམས་ཀྱི་གྲུ་ཆད་ལའོ། ། སྒྲིབ་པ་རྣམ་སེལ་མཐིང་ག་སྟེ། ། ཆོས་ཀྱི་འཁོར་ལོ་འཛིན་པ་སྟེ། ། ལྷོ་ནུབ་མཚམས་ སུ་མཛེས་པར་གནས། ། འཇམ་དཔལ་གཞོན་ནུ་དམར་སྐྱའི་མདོག ། རང་རྟགས་ཨུཏྤལ་མཐིང་ག་འཛིན། ། ནུབ་བྱང་མཚམས་སུ་མཛེས་པར་གནས། ། ཀུན་དུ་བཟང་པོ་ལྗང་སེར་མདོག ། རང་རྟགས་རིན་ཆེན་སྙེ་མ་འཛིན། ། བྱང་ཤར་མཚམས་ ཀྱི་གྲུ་ལ་གནས། ། དེ་དག་གི་ནི་གཡོན་རོལ་ན། ། སྤོས་དང་མེ་ཏོག་བདུག་པ་དྲི། ། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། ། གཡོན་པ་རང་རྟགས་འཛིན་པའོ། ། ཆ་ལུགས་ཐམས་ཅད་སྔ་མ་བཞིན། ། སྒོ་ཁྱུད་རྣམས་ལ་འཇོམས་པ་ནི། ། གཤིན་རྗེ་གཤེད་པོ་ མཐིང་ནག་འབར། ། ནིར་མགོ་གདེངས་པ་ལག་མཚན་ཐོགས། ། ཤར་གྱི་སྒོར་ནི་རྣམ་པར་གནས། །
BO
རྣམ་པར་རྒྱལ་བ་སེར་ནག་འབར། ། རྡོ་རྗེས་གནོད་པ་ལྷོ་སྒོར་རོ། ། རྟ་མགྲིན་དམར་ནག་འབར་བ་སྟེ། ། ཐོད་སྦྲུལ་ཐོགས་པ་ནུབ་སྒོར་ གནས། ། བདུད་རྩི་འཁྱིལ་པ་ལྗང་ནག་འབར། ། རྒྱ་གྲམ་གྱིས་གནོན་བྱང་གི་སྒོར། ། སྟང་སྟབས་ཚུལ་དུ་རབ་ཏུ་གནས། ། དུར་ཁྲོད་རྒྱན་གྱིས་རྣམ་པར་བརྒྱན། ། རྣམ་པར་གཙིགས་ལ་འཇིགས་འཇིགས་ལྟ། ། མེ་དཔུང་འབར་བའི་ཀློང་དུ་འཁྱིལ། ། ཧཱུྃ་དང་ཕཊ་ ཀྱི་སྒྲ་ཆེན་སྒྲོགས། ། དེ་དག་གི་ནི་གཡོན་རོལ་ན། ། གཤེད་མོ་དང་ནི་རྒྱལ་མ་དང་། ། རྟ་མགྲིན་མོ་དང་འཁྱིལ་མོ་རྣམས། ། ལག་མཚན་ལྕགས་ཀྱུ་ཞགས་པ་དང་། ། སྒྲོག་དང་དྲིལ་བུ་ཐོགས་ཤིང་རྔམ། ། ཆ་ལུགས་འཇོམས་པ་དག་དང་འདྲ། ། སྒོ་ཁྱུད་དག་ཏུ་ལྷུན་ གྱིས་གྲུབ། ། མཛེས་པའི་བར་ཁྱམས་དེ་ཉིད་ལ། ། སྤྲུལ་སྐུ་ཐུབ་པ་ཆེན་མོ་དྲུག ། ཅི་འདུལ་ཐབས་ཀྱི་སྐུར་སྟོན་པས། ། ཆ་ལུགས་མ་ངེས་འདུལ་བར་སྟོན། ། མཛེས་པའི་བར་ཁྱམས་དེ་ཉིད་ལས། ། མདུན་དང་རྒྱབ་ཀྱི་ཕྱོགས་རོལ་ལ། ། བྱེད་པ་པོ་དང་བྱ་བ་མོ། ། ནམ་ མཁའ་ཡི་ནི་མདོག་འདྲ་ལ། ། ཏིང་ངེ་འཛིན་དུ་ལྡན་པར་གནས། ། དེ་ལ་སོགས་ཏེ་མཐའ་ཡས་མཆོག ། བརྗོད་མེད་རྗོད་དུ་མེད་པ་ཡི། །
BO
ལྷ་ཡི་ཚོགས་ཀྱིས་གང་བར་གནས། ། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། ། ལྷ་ཡི་ཚོགས་ཆེན་དེ་དག་གི ། ཐུགས་ ཀར་ཡེ་ཤེས་སེམས་དཔའ་གནས། ། ཚོན་གང་འོད་དང་བཅས་པའོ། ། ལྗང་ལ་རང་རྟགས་ཡི་གེ་རྣམས། ། རང་རྟགས་ཕྱག་རྒྱའི་སྟེང་དུ་གསལ། ། དེ་ལྟའི་སྐུ་མཆོག་རེ་རེ་ལ། ། ཚུལ་དགུ་དག་དང་ལྡན་པ་སྟེ། ། མཉེན་དང་ལྕུག་དང་འཁྱིལ་བག་དང་། ། ལྡེམ་ བག་ཆགས་དང་གཞོན་ཚུལ་ཅན། ། གསལ་དང་འཚེར་དང་ལྷུན་སྟུག་དང་། ། གཟི་བརྗིད་འབར་བར་རབ་ཏུ་གནས། ། དེ་ལྟར་རང་བཞིན་དཀྱིལ་འཁོར་ནས། ། ཕྱི་རབས་སྔགས་འཆང་རྣལ་འབྱོར་པས། ། སྤྱན་དྲངས་མཆོད་པ་དབུལ་བའི་འོས། ། ཞེས་གསུངས་པས་ ཆོས་ཐམས་ཅད་རང་བཞིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་བོ། ། དེ་ནས་སྨྲ་བའི་སེང་གེ་ལ་སོགས་པའི་འདུས་པའི་འཁོར་ཚོགས་རྣམས་རང་རང་གི་བསམ་པ་རངས་པར་གྱུར་ཏེ། ཨ་ལ་ལ་ཞེས་བྱ་བའི་སྒྲ་ཕྱུང་ནས་མགྲིན་གཅིག་ཏུ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨ་ཧོ་ དམིགས་དང་མི་དམིགས་བརྟན་གཡོ་ཆོས་ཀུན་ལྷུན་གྲུབ་དཔག་མི་ལང་། ། རང་རིག་ཡོན་ཏན་དཔག་མེད་བསམ་ཡས་མང་པོ་དེ་ཀུན་བརྗོད་མི་ལང་། །
BO
གསང་སྔགས་རྒྱ་མཚོ་ཐུགས་རྗེ་བསམ་ཡས་བསམ་ཁྱབ་ཇི་སྙེད་དཔག་མི་ལང་། ། སྤྲུལ་པ་རྒྱ་མཚོ་གང་གཱའི་ བྱེ་སྙེད་འགྲོ་བ་ཆོས་སྟོན་ཞིང་ཁམས་ཁྱབ་ཅེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། ། ལེའུ་སྟེ་ལྔ་པའོ། ། ། ། རང་བཞིན་གྱི་དཀྱིལ་འཁོར་བསྟན་པའོ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་མི་གཡོ་བ་རྣམ་པར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདི་གསུངས་སོ། ། འདུས་པའི་འཁོར་ཚོགས་རྣམས་ཆོས་ཐམས་ཅད་ཏིང་ངེ་འཛིན་གྱིས་དབང་བསྒྱུར་དུ་རུང་ཙམ་དུ་རྟོགས་ཤིག ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ཏིང་ངེ་འཛིན་ཇི་ལྟར་འདོད་པ་དེ་ལྟར་ དབང་བསྒྱུར་བའོ། ། འདུས་པའི་འཁོར་ཚོགས་འདི་ལྟ་སྟེ། གསང་སྔགས་ཡ་མཚན་ཆེན་པོ་འདི། ། ཏིང་འཛིན་དཀྱིལ་འཁོར་བསམ་ཡས་ཀྱང་། ། མདོར་བསྡུས་རྣམ་པ་གསུམ་ཡོད་དེ། ། བསྒོམ་པའི་ཏིང་འཛིན་དཀྱིལ་འཁོར་དང་། ། བསྐྱེད་དང་ལྷག་པའི་ ཏིང་འཛིན་ནོ། ། ཐོག་མའི་རྣལ་འབྱོར་ཉིད་བསྒོམས་ཏེ། ། དཀྱིལ་འཁོར་ཡིན་པར་རྒྱལ་བས་གསུངས། ། དེ་ཡང་ཇི་ལྟར་བསྒོམ་ཞེ་ན། ། ཏིང་ངེ་འཛིན་ཀྱང་རྣམ་གསུམ་སྟེ། །
BO
དང་པོར་དེ་བཞིན་ཉིད་ཀྱི་དང་། ། དེ་བཞིན་ཉིད་ལ་གནས་བཅའི་ཕྱིར། ། སྟོང་པ་ཆེན་ པོའི་ཏིང་འཛིན་བསྒོམ། ། གཉིས་པ་ཀུན་སྣང་ནམ་མཁའི་ངང་། ། སྙིང་རྗེ་ཡུམ་གྱིས་ཁྱབ་པའི་ཕྱིར། ། མཚམས་སྦྱོར་ཆེན་པོའི་ཏིང་འཛིན་བསྒོམ། ། གསུམ་པ་རང་གི་ས་བོན་ནམ། ། རབ་ཏུ་བརྟན་པའི་ཡིག་འབྲུ་ཨ། ། དེ་ལས་ཕྲ་མོ་ཨ་འཕྲོས་འདུས། ། སྤྲོས་ ཤིང་བསྡུས་ཀྱང་འཕེལ་འགྲིབ་མེད། ། དེ་ལས་བདག་ཉིད་ཆེན་པོར་བསྒོམ། ། མ་ལུས་ཐམས་ཅད་རྫོགས་པར་གསལ། ། རྒྱས་བཏབ་བྱིན་བརླབས་དབང་བསྐུར་བས། ། རྩ་བའི་དཀྱིལ་འཁོར་བར་དུ་རྫོགས། ། དེ་བཞིན་དབྱིངས་ལས་ཤར་བས་ ན། ། བདག་ཉིད་ཆེན་པོ་གཡོན་དུ་སྟེ། ། མཁའ་དབྱིངས་རྡོ་རྗེ་པདྨོར་ལྡན། ། དེ་ནི་བསྒོམ་པའི་དཀྱིལ་འཁོར་ཡིན། ། སྐྱེད་པ་ཡང་ནི་འདི་ལྟ་སྟེ། ། ལྷ་ཚོགས་བདག་གིས་སྲས་སུ་སྐྱེད། ། དེ་ནས་བསྐྱེད་པའི་དཀྱིལ་འཁོར་ཡིན། ། དེ་ཡང་ཇི་ལྟར་བསྐྱེད་ཅེ་ན། ། ཐོག་ མར་ཡབ་ཡུམ་མཁའ་རྣམ་གཉིས། ། རྡོ་རྗེ་པདྨར་བྱིན་གྱིས་བརླབ། ། གཉིས་མེད་དགྱེས་པར་འཁྲིལ་བ་ལས། ། བྷ་གའི་དཀྱིལ་དུ་ལིང་ག་ཨ། ། འཕྲོ་འདུ་དབྱིངས་སུ་ཐིམ་པ་ལས། ། དབང་ཆེན་ས་བོན་འབྲུ་ལྔར་གྱུར། ། ཨེ་ཡྃ་བྃ་སུ་བྲུྃ།
BO
ཨེ་ཉིད་འདུས་པས་ནམ་ མཁར་གསལ། ། ཡྃ་ལས་རླུང་གི་དཀྱིལ་འཁོར་བསྐྱེད། ། བྃ་ལས་བདུད་རྩིའི་རྒྱ་མཚོར་བསྐྱེད། ། སུ་ལས་གསེར་གྱི་བྲིས་མར་བསྐྱེད། ། བྲུྃ་ལས་རི་རབ་གཞལ་མེད་ཁང་། ། དབྱིབས་དང་ཁ་དོག་ཚད་དཔག་མེད། ། འཁོར་ལོའི་གདན་དང་རོལ་མོའི་ཚོགས། ། རང་བཞིན་ཀུན་རྫོབ་ཅི་འདྲ་བའོ། ། དེ་རུ་ལྷ་ཚོགས་བསྐྱེད་པ་ནི། ། བརྟན་འབྱུང་མཁའ་ཡི་ཡི་གེ་ཨ། ། འཕེལ་འགྲིབ་མེད་པར་གནས་པ་སྟེ། ། གཉིས་མེད་དགྱེས་པའི་འཕྲོ་འདུ་ལ། ། བཞི་བཅུ་རྩ་གཉིས་འོད་དུ་ཤར། ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་དདྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵ། ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ། གསུང་གི་དཀྱིལ་འཁོར་བཞི་བཅུ་གཉིས། ། སྤྲོ་བསྡུ་གསལ་བར་གྱུར་པ་ལས། ། ཐུགས་མཚན་བཞི་བཅུ་རྩ་གཉིས་འབར། ། དེ་ལས་ མངོན་རྫོགས་སྐུར་གསལ་བ། ། ཋ་ལ་སོགས་པའི་ཡིག་འབྲུ་ལྔ། ། ཕུང་པོ་ལྔ་ཡི་ས་བོན་ཡིན། ། ཐ་ལ་སོགས་པ་འབྱུང་བ་ལྔ། ། བསྐྱེད་པའི་ས་བོན་ཡིན་པར་གྲགས། ། ཀ་ལ་སོགས་པའི་ཡིག་འབྲུ་ལྔ། ། རྣམ་ཤེས་ལྔ་ཡི་ས་བོན་ཡིན། ། ཙ་ལ་སོགས་པའི་ ཡིག་འབྲུ་ལྔ། ། མིག་གི་ཁམས་ལ་སོགས་པ་ལྔ། ། པ་ལ་སོགས་པའི་འབྱུང་བ་ལྔ། །
BO
གཟུགས་སོགས་སྐྱེ་མཆེད་རྣམ་ལྔའི་ཡིན། ། ཡ་ལ་སོགས་པའི་ཡིག་འབྲུ་བཞི། ། དུས་བཞི་ས་བོན་རབ་ཏུ་གྲགས། ། ཤ་ལ་སོགས་པའི་ཡིག་འབྲུ་བཞི། ། ཕྱིན་ཅི་མ་ལོག་ དུས་བཞིར་བཤད། ། ཨི་ལ་སོགས་པའི་ཡིག་འབྲུ་དྲུག ། རྡུལ་སྙེད་ཐུབ་པ་དྲུག་ཏུ་བཤད། ། ཨོྃ་ནི་ཡིད་ཀྱི་ཁམས་ཡིན་ཏེ། ། ཀྵ་ནི་ཡིད་ཀྱི་རྣམ་ཤེས་ཁམས། ། ཨོྃ་ནི་ཆོས་ཀྱི་ཁམས་སུ་བཤད། ། སོ་སོ་ཐུགས་མཚན་གསལ་བ་ལས། ། ས་བོན་རྣམས་ཀྱིས་ མངོན་རྫོགས་བསྐྱེད། ། ཨོྃ་ཧཱུྃ་བཛྲ་དྷྲྀཀ། སྭཱ་རཏྣ་དྷྲྀཀ ། ཨོཾ་ཨཱ་རོ་ལིཀ། ཧཱ་པྲཛྙཱདྷྲྀཀ། རྨཾ་དྷཱ་ཏྭཱི་ཤྭ་རི། ལཱྃ་དྭེ་ཥ་ར་ཏི། མཱྃ་མོ་ཧཱ་ར་ཏི། པཱྃ་ར་ག་ར་ཏི། ཏཱྃ་བཛྲ་ར་ཏི། ཀྵི་ཧི་རཱ་ཛ་ཡ། ཏྣྃ་ཨ་གམྦྷ་ཨཿ། ཧྲིཿཧ་ཧཱུྃ་པདྨ། ཛཱིཾ་ཀུ་རུ་པནྣ་ཧྲཱིཿ། ཧཱུྃ་ལཱ་སྱེ། ཏྲཱྃ་མཱ་ལ། ཧྲཱིཿགི་ཏི། ཨ་ནྲྀ་ཏྱ། མཻ་དྷ་ར་ཎི། ཐླྷཱིཾནི་སྭ་རཾ་བྷ་ཡ། སྭ་ར་ཙ་ཡ། མུྃ་ཤྲཱི་ཨཱྃ་ར་ག་ཡ། ཛཿདྷཱུ་པ། ཧཱུྃ་པུཥྤ། ། པྃ་དཱི་པ། ཧོཿགནྡྷེ། ཧཱུྃ་ཡ་མཱནྟ་ཀྲྀཏ། ཧཱུྃ་པདྨཱཾ་ཏ་ཀྲྀཏ། ཧཱུྃ་བི་གྷྣན་ཏ་ཀྲྀཏ། ཛཿ། བཛྲ་ཀྲོ་དྷི། ཧཱུྃ་རཏྣ་ཀྲོ་དྷི། པྃ་པདྨ་ཀྲོ་དྷི། ཧོཿཀདྨ་ཀྲོ་དྷི། ཧཱུྃ་བཛྲ་ཙིཏྟ། ཨ་བཛྲ་ ས་མ་ཡ། མུ་ནེ་ཀྲིཾ།
BO
མུ་ནེ་སྲུྃ། མུ་ནེ་ཏྲྃ། མུ་ནེ་བྲཾ། མུ་ནེ་ཀྵ། མུ་ནེ་ཡེ། དེ་ལྟར་སོ་སོའི་སྙིང་པོ་ཡིས། ། མངོན་རྫོགས་སྐུར་ནི་གསལ་བ་དང་། ། ཡེ་ཤེས་ལྔ་ཡི་དབང་བསྐུར་ཏེ། ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ ཨཏྨ་ཀོ྅ཧྃ། ཨོྃ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧྃ། ཨོཾ་མ་ཧཱ་སམནྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོཾ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། དེ་ལྟར་རྫོགས་པའི་སངས་རྒྱས་རྣམས། ། སྐུ་མཆོག་ཐུགས་མཚན་བཞུགས་ཚུལ་དང་། ། ཐོར་ཚུགས་ལ་སོགས་ཆ་ལུགས་ཀུན། ། རང་བཞིན་ཀུན་རྫོབ་དཀྱིལ་འཁོར་འདི། ། རྣལ་འབྱོར་རིག་པའི་རྩལ་ཡིན་ཏེ། ། ནམ་མཁའི་དབྱིངས་ཀྱི་དབུས་སུ་བསུ་བསམ། ། ཡང་ན་གཟུགས་བརྙན་དཀྱིལ་འཁོར་ལའོ། ། ལྷག་པའི་ཏིང་འཛིན་ཞེས་ བྱ་བ། །
BO
དེ་ལྟར་གསལ་བའི་རྣམ་པ་ཀུན། ། ཡུམ་གྱི་མཁའ་ལས་གསལ་བར་བསྒོམ། ། རྣལ་འབྱོར་རིག་པའི་ཁྱད་པར་རོ། ། ཞེས་གསུངས་པས་འདུས་པའི་འཁོར་ཚོགས་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཏིང་ངེ་འཛིན་གྱིས་དབང་བསྒྱུར་བར་མཐོང་ངོ་། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྣམ་པར་ཕྱེ་བའི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་གཟུགས་བརྙན་ལྟ་བུ་རྣམ་པར་འཕྲོ་ བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ལས་དང་པོ་པའི་རྣལ་འབྱོར་པ་ཡིད་ཆེས་པར་བྱ་བའི་ཕྱིར་འདུས་པའི་འཁོར་ཚོགས་རྣམས་ལ་བཀའ་སྩལ་པ། འདུས་པའི་འཁོར་ཚོགས་རྣམས་ཆོས་ཐམས་ཅད་ནི་གཟུགས་བརྙན་ལྟ་བུའི་རྣམ་པ་ཡིན་ པར་ཤེས་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་གཟུགས་བརྙན་ལྟ་བུའི་རྣམ་པར་སྣང་ཞིང་དེ་ལས་མ་འདས་པའི་ཕྱིར་རོ། ། དེ་བས་ན་གཟུགས་བརྙན་གྱི་དཀྱིལ་འཁོར་ཅི་འདྲ་བར་བྱ་ཡིས་ཉོན་ཅིག ། དེ་ལ་འདི་ནི་རྒྱུད་ཀྱི་རྣམ་གྲངས་སོ། ། མི་ ཤེས་པ་ཡི་འགྲོ་བ་ལ། ། མཚོན་པས་གསལ་བའི་དོན་སྟོན་ཕྱིར། ། གཟུགས་བརྙན་དཀྱིལ་འཁོར་བཤད་པར་བྱ། །
BO
དེ་ཡང་ཇི་ལྟ་བུ་ཞེ་ན། ། བརྟན་ཞིང་མཛེས་པའི་ཁང་བུ་ལ། ། འཇམ་པོར་ཞལ་ཞལ་བྱས་ནས་ནི། ། ཁ་དོག་ལྔ་ཡི་གཟུགས་བྲིས་པ། ། དེ་ཡང་དངོས་གྲུབ་རྟེན་དུ་བཤད། ། རས་སམ་གྲོ་ག་འམ་ཤིང་ཤུན་ནམ། ། ཏ་ལའི་ལོ་མའམ་དུར་ཁྲོད་རས། ། ཞིང་ཆེན་རས་ལ་སོགས་པ་ལ། ། ཕྱག་རྒྱའི་གཟུགས་སུ་བྲིས་ན་ཡང་། ། མཚན་མ་འབྱུང་བའི་རྟེན་དུ་བཤད། ། རྡོ་དང་ཤེལ་རྡོ་ལ་ སོགས་དང་། ། དུང་ངམ་བ་སོའི་རྒྱུ་ལས་ནི། ། ཕྱག་རྒྱ་འམ་གཟུགས་སུ་འབུར་བཏོད་ནས། ། དེ་ཡང་དངོས་གྲུབ་འབྱུང་བའི་རྟེན། ། གསེར་དངུལ་ཟངས་ཁར་ལ་སོགས་ལ། ། མཁས་པས་ལེགས་པར་ལུགས་བྱས་ཏེ། ། ཡན་ལག་མ་ཉམས་གཟུགས་བྱས་ན། ། དེ་ཡང་མཚན་མའི་རྟེན་དུ་བཤད། ། བླག་ཤ་བྱང་ཆུབ་ཤིང་བུ་འམ། ། རྒྱུ་ཤིང་མཉེན་ལས་གཟུགས་བྱས་ན། ། དེ་རྣམས་མཚན་མའི་རྟེན་དུ་བཤད། ། སྦྱིན་ཞིང་མཉེན་པའི་རྒྱུ་རྣམས་ལས། ། ཕྱག་རྒྱའི་གཟུགས་སུ་ལེགས་བྱས་ན། ། དེ་ཡང་མཚན་ མའི་རྟེན་ཡིན་ནོ། ། ས་སྟེངས་དབྱིབས་ལེགས་མཛེས་པ་ལ། ། རྡུལ་ཚོན་འདུས་བྱས་རྒྱུ་རྣམས་ཀྱིས། ། བརྙན་མའི་དཀྱིལ་འཁོར་བྱས་ན་ཡང་། ། དེ་ཡང་དངོས་གྲུབ་རྟེན་དུ་བཤད། ། རེ་ཞིག་ལས་ཀྱི་དང་པོ་ལས། །
BO
ས་སྟེངས་དཀྱིལ་འཁོར་བྱས་པར་ཤིས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་གནས་ཀྱི་མཚན་ཉིད་དེ། ། ས་སྟེགས་བྱ་བའི་གནས་མཆོག་ཀྱང་། ། སྐྱོན་ཡོན་བྱེ་བྲག་ཤེས་པ་ལས། ། སྤང་བླང་གཉིས་སུ་ཤེས་པར་བྱ། ། རི་བོ་རི་བྲན་འདུས་པའི་སྤྱི། ། གངས་རི་བྲག་དཀར་འདབ་རྩ་ནི། ། སེང་གཅན་ འཁྲ་བའི་གནས་ཞེས་བྱ། ། ཞི་བའི་ལས་ལ་དེ་ཤིས་སོ། ། ཕུག་ཆེན་དགོན་པ་ཆེན་པོ་དང་། ། བྲག་ཆེན་རྡོ་རྗེ་གཏམས་པའི་དཀྱིལ། ། གཅན་ཅན་འཁྲ་བའི་གནས་ཞེས་བྱ། ། མངོན་པར་སྤྱོད་པ་སྒྲུབ་པའི་གནས། ། དུར་ཁྲོད་གནས་དང་ངམ་གྲོག་དང་། ། སུམ་མདོ་གྲོག་ལེ་བཤུང་བའི་གནས། ། དུར་གཅན་འཁྲ་བའི་གནས་བྱའོ། ། དབང་དུ་བསྡུ་བ་སྒྲུབ་པའི་གནས། ། ནགས་ཚལ་མང་པོ་གཏིབས་པ་དང་། ། ཤིན་ཏུ་བཙན་དང་འཇིགས་པའི་ངོས། ། སྟག་གཟིག་འཁྲ་བའི་གནས་ཞེས་བྱ། ། འདོད་པ་སྒྲུབ་པའི་ གནས་ཡིན་ནོ། ། མཚོ་གླིང་ཆུ་མདོ་རྒྱ་མཚོའི་འཇིངས། ། ཆུ་ཡི་གླེ་མ་བཙན་པའི་གནས། ། ཆུ་གཅན་འཁྲ་བའི་གནས་ཞེས་བྱ། ། ལས་རྣམས་ཀུན་ལ་དེ་ཤིས་སོ། ། རི་བོ་འདུན་པའི་རྩེ་རྣམས་དང་། ། ཙནྡན་ནགས་ཚལ་མེ་ཏོག་ཚལ། ། ཡིད་འོང་བཀྲ་ཤིས་ ཉམས་དགའ་ཡི། ། གནས་སུ་དཀྱིལ་འཁོར་བྲི་བར་ཤིས། །
BO
གནམ་དང་ས་དང་བར་སྣང་རྣམས། ། ལེགས་པར་བརྟགས་ཏེ་དཀྱིལ་འཁོར་བྱ། ། མཚོན་ཆ་ལྔ་ཡི་དབྱིབས་དག་ཏུ། ། བརྟགས་ན་མངོན་པའི་ནམ་མཁའ་ཤིས། ། བར་སྣང་ཁ་ དོག་རྣམ་ལྔ་པོ། ། སོ་སོར་མ་འདྲེས་གསལ་བ་ཤིས། ། ས་གཞི་ཤིན་ཏུ་མ་ཉམས་དང་། ། མ་གྲུམ་མཉམ་པར་གནས་པ་ལ། ། ཚྭ་སྒོ་ས་སླན་བ་ཚྭ་མེད། ། དེ་ལྟར་བརྟགས་པར་ལས་བྱའོ། ། སྤང་བར་བྱ་བའི་གནས་ངན་ནོ། ། གཤིན་རྗེ་གདུག་པའི་མདུང་ རྗེས་དང་། ། སྲིན་པོ་ངུས་པའི་མཆི་རྗེས་དང་། ། ཁྲོ་བོ་གནོད་སྦྱིན་ལྕམ་རྗེས་དང་། ། མ་མོ་རྔམ་པའི་སྤར་རྗེས་དང་། ། འབྱུང་པོ་རྐུ་བའི་འཇོལ་ས་དང་། ། གདུག་པ་ཀླུ་ཡི་རྒྱུན་སྲང་དང་། ། སྐྱོན་ཅན་རྒྱུ་བའི་ལམ་སྲང་དང་། ། ཞང་བློན་གདུག་པའི་འདུག་ས་ དང་། ། ཁ་ནས་མ་ཐོའི་འདུན་ས་དང་། ། ཉེན་དང་འབྲེལ་བའི་གནས་རྣམས་ནི། ། སྦྲུལ་གདུག་པང་དུ་འོངས་པ་ལྟར། ། ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། ། ལོ་ཡི་བཤུགས་ཏེ་རབ་ཏུ་སྤང་། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ས་བསླང་བའི་ལས་ཏེ། ། དེ་ནས་བསླང་བའི་ལས་རྣམས་ཀྱང་། ། མངོན་དང་མི་མངོན་བདག་པོ་ལ། ། རྩོད་པ་ཉེ་བར་ཞི་བྱའི་ཕྱིར། ། སེར་སྣ་སྤངས་པའི་སེམས་ཀྱིས་ནི། །
BO
རིན་དང་བདེན་པས་བསྒོ་ལ་བསླང་། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ས་གཟུང་བ་སྟེ། དེ་ནས་སློབ་དཔོན་བདག་ ཉིད་ཀྱིས། ། རྡོ་རྗེ་དྲིལ་བུར་ལྡན་པ་ཡིས། ། རྩེ་གསུམ་འགྲོས་ཀྱིས་ཀུན་དུ་བསྐོར། ། ཁྲོས་པས་ཧཱུྃ་གི་ང་རྒྱལ་བྱ། ། དངོས་གྲུབ་བར་དུ་གཅོད་པའི་བགེགས། ། དེངས་ཤིག་ཅེས་སུ་བསྒོ་ནས་ཀྱང་། ། སེང་ལྡེང་ཕུར་བུ་སོར་བརྒྱད་པ། ། ཁྲོ་བོར་བྱིན་བརླབས་ གདབ་པར་བྱ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་སའི་ལྷ་མོ་སྤྱན་དྲངས་པའོ། ། དེ་ནས་དབང་གྱུར་ལྷ་མོ་དེ། ། སྤྱན་དྲངས་བསྐྱེད་དང་གཉིས་མིན་པར། ། མཆོད་བསྟོད་ཚུལ་བཞིན་བྱས་ནས་ནི། ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། ། བདུད་བཏུལ་མངོན་ པར་རྫོགས་པའི་ཚེ། ། རུ་ཏྲ་ཚོགས་ཀྱིས་རྒལ་བ་ལ། ། དགྱེས་པའི་ལས་ཀྱི་དོན་བགྲངས་ཏེ། ། བདག་ཅག་ས་ལ་བགྲོད་པའི་ཚེ། ། རུ་ཏྲའི་རྒོལ་བ་བྱུང་བ་ན། ། སྤྱན་ལྡན་དེ་ལ་དཔང་བཅོལ་ལོ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྟགས་བརྟག་པའོ། ། མཚན་ མས་མཚན་མ་གཞོམ་པའི་ཕྱིར། ། རོ་ལྔ་མཚན་ཉིད་བརྟག་པར་བྱ། ། དགེ་བའི་རྟགས་ན་དངོས་གྲུབ་འབྱུང་། ། གལ་ཏེ་ཤེས་པར་མ་གྱུར་ན། ། ཐབས་ལ་མཁས་པས་སྤང་བར་བྱ། །
BO
ཡང་ན་སྦྱིན་སྲེག་བྱ་བར་བརྟག ། ཅེས་གསུངས་སོ། ། དེ་ལ་འདི་ནི་ རིན་ཆེན་གཏེར་སྦ་བའོ། ། གནས་དེ་བསོད་ནམས་གཏེར་ལྡན་ཕྱིར། ། རིན་ཆེན་ལྔ་དང་སྨན་ལྔ་དང་། ། སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ། ། ག་འུའི་ནང་དུ་བླུགས་ནས་སུ། ། ས་གཞི་གཏེར་དང་ལྡན་པར་བྱ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ས་སྦྱང་བའོ། ། ས་ཞག་སྤོས་ ཆེན་རྣམ་ལྔ་ཡི། ། ཁུ་བ་བསྲེས་ནས་ཀུན་དུ་ནི། ། གྲུ་བཞི་དབྱིབས་སུ་ལེགས་བྱས་ཏེ། ། བ་ཀོ་ཙམ་དུ་སྐྱོང་ནུལ་བྱ། ། དེ་ནས་དཀྱིལ་འཁོར་ལྷ་ཚོགས་ཀྱི། ། སྔགས་དང་ཕྱག་རྒྱས་སྦྱང་བར་བྱ། ། དེས་ཀྱང་དངོས་པོ་ཀུན་སྦྱངས་ཏེ། ། རྒྱལ་བའི་བཞུགས་གནས་ རང་བཞིན་དུ། ། ཏིང་ངེ་འཛིན་གྱིས་སྦྱང་བར་བྱ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ། ། དེ་ནས་ལྷ་རྣམས་ཇི་སྙེད་པ། ། རང་བཞིན་ཀུན་རྫོབ་སྤྱན་དྲངས་ཏེ། ། སྤོས་ཀྱི་དཀྱིལ་འཁོར་ལྷ་གྲངས་བཞིན། ། གདན་སར་བྱས་ཏེ་ཡོན་ མཆོད་ལ། ། ལན་ཅིག་གཤེགས་ཞེས་སྟ་གོན་བྱ། ། དེ་ནས་འདུས་པའི་སེམས་ཅན་ཀུན། ། གསང་དང་སྙིང་གར་བྲམ་པ་དང་། ། ཀུ་ཤ་བྲིམ་དང་སྲུང་སྐུད་གདགས། ། སོ་ཤིང་བྲིམ་དང་རྨི་ལྟས་བརྟག །
BO
མཆོད་པའི་ཡོ་བྱད་ཇི་སྙེད་དང་། ། རྒྱན་དུ་འོས་པའི་ རྣམ་པ་ཀུན། ། ཚང་བར་བསོགས་ཏེ་བྱིན་གྱིས་བརླབ། ། འདུས་པའི་སེམས་ཅན་དེ་དག་ཀུན། ། ཆོས་གཏམ་རིམ་པས་དབུགས་ཕྱུང་སྟེ། ། གསང་སྔགས་ཆེ་བའི་ཡོན་ཏན་བཤད། ། ཅེས་གསུངས་སོ། ། དེ་ལ་འདི་ནི་དཀྱིལ་འཁོར་བྲི་བའི་དུས་སོ། ། རིག་བྱེད་ དག་གི་ཡན་ལག་ལས། ། དུས་རྣམས་ཤེས་པར་བྱ་བ་ནི། ། བཀྲ་ཤིས་ལྷ་ཡི་ཉི་མ་དང་། ། འབྱོར་ལྡན་དུས་ཚོད་བཟང་བ་ནི། ། མཚན་མའི་རྟོག་པ་ཡིན་མོད་ཀྱང་། ། བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། ། ཞེས་གསུངས་སོ། ། དེ་ལ་ འདི་ནི་ཐིག་གདབ་པའི་ཆོ་གའོ། ། ཚོན་དང་ཐིག་སྐུད་རྣམ་ལྔ་ལ། ། སངས་རྒྱས་ལྔ་ཡིས་བྱིན་བརླབས་ཏེ། ། སྤྲུལ་པ་འཕྲོ་འདུ་རྒྱུན་མི་གཅད། ། སྤོས་སམ་ལྕེ་པོག་དཀར་པོ་ཡི། ། དུད་པས་རྒྱུན་མི་བཅད་པར་བདུག ། ཁྲོས་པས་དྲག་པོའི་སྔགས་ཟློས་ཤིང་། ། ཁྲོ་བོ་ཁྲོ་མོའི་སྟངས་ཀྱིས་བསྐོར། ། བདེ་བར་གཤེགས་པའི་ཐུགས་དམ་བསྐུལ། ། ཐིག་སྐུད་སར་པ་གཙང་མ་འམ། ། གསང་བའི་ལྕང་ལོ་འཁྲིལ་མདངས་སམ། ། རྡོ་རྗེ་རྒྱུན་ཐག་ལ་སོགས་ལ། ། ཡུམ་གྱི་གྲངས་དང་མཐུན་པར་བསྒྲིམ། ། རྡོ་རྗེ་རྩེ་ལྔའི་ལུ་གུ་ རྒྱུད། །
BO
བྱང་ཆུབ་སེམས་སུ་བྱིན་གྱིས་བརླབས། ། ཐིག་གཡོག་ལས་ཀྱི་སེམས་མ་སྟེ། ། མཚན་ལྡན་བྱིན་གྱིས་བརླབས་ནས་ནི། ། ཕྱག་རྒྱ་གར་དང་བཅས་པ་ཡིས། ། རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། ། དེ་ནས་ས་ཐིག་གདབ་པ་ཡང་། ། འདུལ་ བའི་དབང་གི་བྱེ་བྲག་ལས། ། མཎྜལ་ཚད་མ་ངེས་པ་མེད། ། སོར་བཞི་པ་ནས་བརྩམས་ནས་སུ། ། ཇི་སྲིད་དཔག་ཚད་ཐུབ་པར་རོ། ། ཨོྃ་ཛྙཱ་ན་ཙཀྲ་སུ་ཏྲ་མ་ཏི་ཀྲ་མ་ཧཱུྃ་ཞེས་གསུངས་སོ། ། དེ་ལ་འདི་ནི་ཚོན་དགྱེ་བའི་ཆོ་གའོ། ། རང་བཞིན་ཀུན་རྫོབ་ཅི་འདྲ་དང་། ། ཏིང་འཛིན་དཀྱིལ་འཁོར་དེ་འདྲ་བར། ། བརྙན་མ་ཡང་ནི་དེ་འདྲ་བྲི། ། ཚོན་སྣ་འབྲས་དང་འབྱུང་ཁུངས་སམ། ། རྡོ་ཁམས་རིན་ཆེན་དག་ལ་བྱ། ། སྣ་གསུམ་སྣ་ལྔ་དག་དང་ནི། ། རིན་ཆེན་ཕུང་པོའི་ཚོན་གྱིས་ནི། ། དབུས་ཀྱི་ཕོ་བྲང་བསྐོར་བ་ཡིན། ། སྒོ་ལ་རྣམ་ ལྔས་བསྐོར་བར་བྱ། ། ཕྱག་རྒྱ་གཞན་ལ་རྐྱང་པས་སོ། ། དཀར་དམར་སེར་ལྗང་ནག་པོ་རྣམས། ། {གོ་རིམས་,གོ་རིམ་}དེ་ཡིས་བཀོད་པར་བྱ། ། གཙོ་བོ་གཟུགས་སུ་རྫོགས་པར་བྲི། ། འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། ། ཕལ་པ་དག་ལ་ཡིག་འབྲུས་སོ། ། ཞེས་གསུངས་ སོ། ། དེ་ལ་འདི་ནི་དཀྱིལ་འཁོར་གྱི་རྒྱན་དགོད་པའི་ཆོ་གའོ།
BO
། དེ་ནས་བསྒྲུབ་པའི་དཀྱིལ་འཁོར་ལ། ། བླ་རེ་རྒྱལ་མཚན་འཕན་དང་གདུགས། ། པི་བང་གླིང་བུ་བརྡབ་པ་དང་། ། རྫ་རྔ་མུ་ཀུན་རྔ་ཆེན་དང་། ། ད་རྔ་ར་དང་མུ་ཙར་དང་། ། དབྱངས་དང་གར་དང་ བཞད་པ་ཆེ། ། རོལ་མོའི་ཡོ་བྱད་ཇི་སྙེད་པས། ། དགའ་བྱེད་དཀྱིལ་འཁོར་དག་ལ་བརྒྱན། ། བུམ་པ་རྣམ་པ་སྣ་ཚོགས་ཀྱི། ། གསེར་དང་དངུལ་ལས་བྱས་པའོ། ། རིགས་དང་མཐུན་པའི་གོས་ཀྱིས་དཀྲིས། ། མེ་ཏོག་འབྲས་བུས་བརྒྱན་པ་ལ། ། བདུད་རྩི་ ལྔ་ཡིས་གང་བྱས་པ། ། སྨན་དང་རིན་ཆེན་འབྲུ་རྣམ་ལྔས། ། གང་བ་བརྒྱད་དམ་བཅུ་དྲུག་གཞག ། དཀྱིལ་འཁོར་བདག་པོས་མངོན་བསྔགས་པའི། ། རྣམ་རྒྱལ་བུམ་པ་དེ་བཞིན་དུ། ། དབུས་ཉིད་དུ་ནི་གཞག་པར་བྱ། ། ཡང་ན་བུམ་པའི་སྐྱིན་པར་རོ། ། ཟླ་བ་ཉི་མ་དྲི་ཆུ་དང་། ། བཏུང་བ་རབ་ཏུ་སྣུམ་པོ་དང་། ། དབང་པོ་ཀུན་ནས་འབྱུང་བ་རྣམས། ། ཤ་སྲང་གཅིག་གིས་རབ་བསྲེས་པས། ། གང་བའི་བན་ད་དེ་བཞིན་གཞག ། རྨད་དུ་བྱུང་བའི་གཏོར་མ་དགྲམ། ། དེ་ལ་སོགས་པ་མཐའ་ཡས་མཆོག ། ཅི་རིགས་ རྣམས་ཀྱིས་མཛེས་པར་བྱ། ། ཞེས་གསུངས་སོ། ། དེ་ལ་འདི་དག་ནི་འཕན་སྡུད་ཀྱི་ལས་སྤྱིར་བསྟན་པའོ། ། དེ་ནས་སྔགས་པ་མཉམ་བཞག་སྟེ། །
BO
ཏིང་འཛིན་དཀྱིལ་འཁོར་གསལ་བར་བསྒོམ། ། གསལ་བ་གཉིས་མེད་དཀྱིལ་འཁོར་དུ། ། རང་བཞིན་ཀུན་ རྫོབ་སྤྱན་དྲངས་དང་། ། དབབ་དང་བཞུགས་དང་བརྟན་པ་དང་། ། མི་གཡོ་དམ་ཚིག་ཟིལ་གནོན་དང་། ། ཕྱག་འཚལ་མཆོད་པ་བརྗོད་པ་དང་། ། གསང་བ་མཆོག་གི་དཀྱིལ་འཁོར་དུ། ། འཇུག་དང་དངོས་གྲུབ་གསོལ་བ་དང་། ། དབང་བསྐུར་བ་ཡི་ལས་རྣམས་བྱ། ། དེས་ནི་ཚེ་འདི་ཉིད་ལ་ཡང་། ། སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། ། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། ། ཞེས་གསུངས་སོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་གཟུགས་བརྙན་གྱི་དཀྱིལ་འཁོར་རིམ་པར་ ཕྱེ་བའི་ལེའུ་སྟེ་བདུན་པའོ། ། ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ལས་མི་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱག་རྒྱ་དམ་ཚིག་གི་མཚན་ཉིད་ རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། གསང་སྔགས་རྒྱ་མཚོ་ཆེན་པོ་འདི། ། ཕྱག་རྒྱ་བསམ་ཡས་ཇི་སྙེད་པ། ། མདོར་བསྡུས་རྣམ་པ་བཞི་རུ་འདུས། ། དང་པོར་ཕྱག་རྒྱ་ཆེན་པོ་སྟེ། ། གཉིས་པ་དམ་ཚིག་རྒྱ་ཡིན་ནོ། །
BO
གསུམ་པ་ཆོས་ཀྱི་ ཕྱག་རྒྱ་སྟེ། ། བཞི་པ་ལས་ཀྱི་ཕྱག་རྒྱ་སྟེ། ། ཕྱག་རྒྱ་ཆེན་པོ་སྐུ་ཡི་རྒྱ། ། རང་བཞིན་ཆོས་སྐུ་དངོས་མེད་རྒྱ། ། གཟུགས་སྐུ་མཚན་མའི་རྒྱ་ཞེས་བཤད། ། གཟུགས་སྐུ་རང་བཞིན་ཀུན་རྫོབ་དང་། ། བསྒོམ་དང་བསྐྱེད་པ་ཡིན་པར་བཤད། ། གཉིས་པའི་རྒྱ་ལ་ གསུམ་ཡོད་དེ། ། བསྒོམ་དང་གཟུང་དང་བཅིང་བའོ། ། བསྒོམ་པ་དམ་ཚིག་གསུང་ཡིན་ཏེ། ། གསལ་ལྡན་མ་འམ་བྱིན་བརླབས་པའོ། ། གཟུང་བ་ཐུགས་མཚན་ཉིད་བཟུང་བའོ། ། དམ་ཚིག་ལག་རྒྱ་བཅིང་བར་བཤད། ། ཡང་ན་སོ་སོའི་གཙོ་གཟུང་རྣམས། ། སྦྱོར་ཐབས་ཕྱག་རྒྱ་ཉིད་ཡིན་ནོ། ། གསུམ་པའི་རྒྱ་ལ་གསུམ་ཡོད་དེ། ། རང་བཞིན་བསྒོམ་དང་བཟླས་བརྗོད་དོ། ། རང་བཞིན་ཆོས་ཀྱི་ཕྱག་རྒྱ་ནི། ། ཆོས་ཀྱི་དབྱིངས་སུ་རྒྱལ་བས་གསུངས། ། བསྒོམ་པ་མཚན་མའི་ཡིག་འབྲུ་དག ། ལྕེ་སྟེང་སྙིང་ག་མཁའ་ སོགས་སུ། ། མཚན་མའི་རྣམ་པར་གསལ་བའོ། ། རྩ་བ་བསྐྱེད་དང་བཟླས་པ་ཡིས། ། སྙིང་པོ་ཚིག་བརྗོད་བཟླས་པའི་རྒྱ། ། བཞི་པ་ལས་ཀྱི་ཕྱག་རྒྱ་ལ། ། རྣམ་པ་གསུམ་དུ་དཔའ་བོས་གསུངས། ། བསྒོམ་དང་འཕྲོ་འདུ་བཅིང་བའོ། ། ལས་ཀྱི་ལྷ་ཡི་རྣལ་འབྱོར་ གང་། ། བསྒོམ་པ་སྒོམ་པ་ལས་ཀྱི་རྒྱ། །
BO
ལྟ་འོག་མཁའ་འམ་ཐུགས་ཀ་ནས། ། རྣམ་བཞི་ལས་ཀྱི་འཕྲོ་འདུ་ནི། ། འཕྲོ་འདུ་ལས་ཀྱི་ཕྱག་རྒྱའོ། ། ཕྱག་རྒྱ་བཅའ་དང་སྟངས་ཚུལ་རྣམས། ། བཅིང་བ་ལས་ཀྱི་ཕྱག་རྒྱ་བཤད། ། ལག་རྒྱ་དམ་ཚིག་ཕྱག་ རྒྱ་རྣམས། ། རང་གི་སྐུ་རུ་རྣམ་བསྒོམས་ནས། ། བཅིངས་ཤིང་མཁའ་ལ་རྣམ་བཀྲོལ་ན། ། སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། ། སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན། ། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། ། བདག་ཉིད་ཕྱག་རྒྱ་ཆེར་བསྒོམ་པ། ། དབུ་ནི་རྣམ་པར་ སྣང་མཛད་དེ། ། ལག་གཡས་རྡོ་རྗེ་སེམས་དཔའི་རྒྱ། ། ལག་གཡོན་རིན་ཆེན་འབྱུང་ལྡན་རྒྱ། ། རྐང་པ་གཡོན་པ་སྣང་མཐའ་ཡས། ། རྐང་གཡས་ལས་ཀྱི་སེམས་དཔའི་རྒྱ། ། ཡན་ལག་རིགས་ཀྱི་དཀྱིལ་འཁོར་བས། ། བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། ། སོར་མོ་རྣམས་ལ་བསྒོམ་བྱ་བ། ། གུང་མོ་གཉིས་ལ་ཨོྃ་དང་ལྃ། ། འཛུབ་མོ་གཉིས་ལ་ཧཱུྃ་དང་མུྃ། ། དབང་མོ་གཉིས་ལ་སྭ་དང་མྃ། ། ཆུང་ངུ་གཉིས་ལ་ཨོྃ་དང་བྃ། ། སྦོམ་པོ་གཉིས་ལ་ཧཱུྃ་དང་ཏྲྃ། ། གཡས་པའི་འབྲུ་གདན་ཉི་མ་སྟེ། ། གཡོན་པ་ཟླ་བའི་དཀྱིལ་འཁོར་ རོ། ། ཨོྃ་དང་མུྃ་དུ་རྩེ་སྦྱར་ཏེ། ། དེ་བཞིན་ཧཱུྃ་དང་ལྃ་དུ་སྦྱར། ། ཧཱུྃ་དང་པྃ་ཡང་དེ་བཞིན་ཏེ།
BO
། ཨྃ་དང་རྟྃ་དུ་སྦྱར་བ་ལ། ། རྒྱབ་སྦྱར་སྭ་དང་མྃ་བསྒྲེང་བ། ། འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། ། ལག་པ་ཐལ་མོ་སྦྱར་བ་ལས། ། ཨོྃ་དང་མུྃ་སྦྱར་ཧཱུྃ་དང་ནི། ། ལྃ་སྦྱར་སྭ་དང་པྃ་ དུ་སྦྱར། ། ཨོྃ་དང་མྃ་སྦྱར་ཧྃ་རྟྃ་བསྒྲེང་། ། ཡུམ་གྱི་སྤྱི་རྒྱ་ཡིན་པར་བ་ཤད། ། རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས། ། ཨོྃ་བསྒྲེང་རྩེ་མོར་འཁོར་ལོ་འབར། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་མདངས་དང་བཅས་པ་ནི། ། རྣམ་པར་སྣང་མཛད་ཕྱག་རྒྱ་ཡིན། ། རིན་ཆེན་ཁུ་ཚུར་སྙིང་གར་བཅངས། ། ལྃ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། ། རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། ། འཛུམ་པའི་མདངས་དང་བཅས་པ་ནི། ། བདེར་གཤེགས་དབྱིངས་ཕྱུག་མ་ཡི་རྒྱ། ། རྡོ་རྗེ་ཁུ་ཚུར་སྙིང་གར་བརྟན། ། ཧཱུྃ་བསྒྲེང་རྩེ་ལ་རྡོ་རྗེ་འབར། ། རིན་ཆེན་ དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་མདངས་དང་བཅས་པ་ནི། ། རྡོ་རྗེ་སེམས་མའི་ཕྱག་རྒྱ་ཡིན། ། རིན་ཆེན་ཁུ་ཚུར་སྙིང་གར་བརྟན། ། མུྃ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། ། རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། ། འཛུམ་པའི་མདངས་དང་བཅས་པ་ནི། ། རྡོ་རྗེ་དབྱིངས་ ཕྱུག་ཕྱག་རྒྱ་ཡིན། ། རྡོ་རྗེ་ཁུ་ཚུར་སྙིང་གར་བརྟན། །
BO
སྭ་བསྒྲེང་རྩེ་ལ་རིན་ཆེན་འབར། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་མདངས་དང་བཅས་པ་ནི། ། རིན་ཆེན་འབྱུང་བའི་ཕྱག་རྒྱ་ཡིན། ། རིན་ཆེན་ཁུ་ཚུར་སྙིང་གར་བརྟན། ། མྃ་ བསྒྲེང་རྩེ་ལ་དྲིལ་གསིལ་འབར། ། རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། ། འཛུམ་པའི་མདངས་དང་བཅས་པ་ནི། ། རིན་ཆེན་དབྱིངས་ཕྱུག་ཕྱག་རྒྱ་ཡིན། ། རྡོ་རྗེ་ཁུ་ཚུར་སྙིང་གར་བརྟན། ། ཨོཾ་བསྒྲེང་རྩེ་ལ་པདྨོ་འབར། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་ མདངས་དང་བཅས་པ་ནི། ། སྣང་བ་མཐའ་ཡས་ཕྱག་རྒྱ་ཡིན། ། རིན་ཆེན་ཁུ་ཚུར་སྙིང་གར་བརྟན། ། བྃ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། ། རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། ། འཛུམ་པའི་མདངས་དང་བཅས་པ་ནི། ། པདྨ་དབྱིངས་ཕྱུག་ཕྱག་རྒྱ་ཡིན། ། རྡོ་རྗེ་ཁུ་ཚུར་ སྙིང་གར་བརྟན། ། ཧྃ་བསྒྲེང་རྩེ་ལ་རལ་གྲི་འབར། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་མདངས་དང་བཅས་པ་ནི། ། དོན་ཡོད་གྲུབ་པའི་ཕྱག་རྒྱ་ཡིན། ། རིན་ཆེན་ཁུ་ཚུར་སྙིང་གར་བརྟན། ། རྟྃ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། ། རྡོ་རྗེ་ཐལ་མོ་ལས་ ལ་འཁྲིལ། ། འཛུམ་པའི་མདངས་དང་བཅས་པ་ནི། ། ལས་ཀྱི་དབྱིངས་ཕྱུག་ཕྱག་རྒྱ་ཡིན། །
BO
རྡོ་རྗེ་ཁུ་ཚུར་ཐུགས་ཀ་ན། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་མདངས་ཀྱིས་ལྟ་བ་ནི། ། ལག་ན་རྡོ་རྗེའི་ཕྱག་རྒྱ་ཡིན། ། རིན་ཆེན་གར་ཐབས་ བསྐོར་ནས་སུ། ། རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། ། འཛུམ་པའི་མདངས་ཀྱིས་འདུད་པའི་ཚུལ། ། གར་གྱི་ཕྱག་རྒྱར་དཔའ་བོས་བཤད། ། རྡོ་རྗེ་ཐུགས་ཀར་རིན་ཆེན་འཛིན། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་མདངས་ཀྱིས་ལྟ་བ་ནི། ། ས་ ཡི་སྙིང་པོའི་ཕྱག་རྒྱ་ཡིན། ། རྡོ་རྗེ་ཁུ་ཚུར་བཅངས་པ་ནི། ། དཀུ་ཡི་ཐད་ཀར་འཛིན་པ་དང་། ། འཛུམ་པའི་མདངས་ཀྱིས་འདུད་པ་ནི། ། སྒེག་མོའི་ཕྱག་རྒྱ་ཡིན་པར་བཤད། ། རྡོ་རྗེ་རལ་གྲི་ཐུགས་ཀ་ན། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་ མདངས་ཀྱིས་ལྟ་བ་ནི། ། ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཡིན། ། རྡོ་རྗེ་རིན་ཆེན་རྣ་ལྷག་གཞག ། རིན་ཆེན་ཕྲེང་བ་བཟུང་ནས་སུ། ། འཛུམ་པའི་མདངས་ཀྱིས་འདུད་པ་ནི། ། ཕྲེང་བའི་ཕྱག་རྒྱ་ཡིན་པར་གྲགས། ། རྡོ་རྗེ་པདྨ་ཐུགས་ཀ་ན། ། རིན་ཆེན་དྲིལ་གསིལ་ཆོས་ ལ་བརྟན། ། འཛུམ་པའི་མདངས་ཀྱིས་ལྟ་བ་ནི། ། སྤྱན་རས་གཟིགས་ཀྱི་ཕྱག་རྒྱ་ཡིན། ། རིན་ཆེན་པི་བང་འཛིན་པ་ལ། །
BO
རྡོ་རྗེ་ལེན་པར་བྱས་ནས་ནི། ། འཛུམ་པའི་མདངས་ཀྱིས་འདུད་པ་ནི། ། དབྱངས་ཀྱི་ཕྱག་རྒྱ་ཡིན་པར་གྲགས། ། རྡོ་རྗེ་ཀླུ་ཤིང་ཐུགས་ཀ་ན། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་མདངས་ཀྱིས་ལྟ་བ་ནི། ། བྱམས་པ་མཻ་ཏྲིའི་ཕྱག་རྒྱ་ཡིན། ། རིན་ཆེན་བདུག་སྤོས་ཐུགས་ཀར་འཛིན། ། རྡོ་རྗེ་ལས་ལ་རབ་ཏུ་འཁྲིལ། ། འཛུམ་པའི་མདངས་ཀྱིས་འདུད་པ་ནི། ། བདུག་པའི་ཕྱག་རྒྱ་ཡིན་པར་བཤད། ། རྡོ་རྗེ་པོ་ཏི་ཐུགས་ཀར་འཛིན། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་མདངས་ཀྱིས་ལྟ་བ་ནི། ། སྒྲིབ་པ་ཀུན་སེལ་ཕྱག་རྒྱ་ཡིན། ། རྡོ་རྗེ་རིན་ཆེན་རྣ་ལྟག་ཏུ། ། མེ་ཏོག་སྣོད་བཅས་འཛིན་པ་ལ། ། འཛུམ་པའི་མདངས་ཀྱིས་འདུད་པ་ནི། ། མེ་ཏོག་ཕྱག་ རྒྱ་ཡིན་པར་བ་ཤད། ། རྡོ་རྗེ་ཨུཏྤལ་ཐུགས་ཀ་ན། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། ། འཛུམ་པའི་མདངས་ཀྱིས་ལྟ་བ་ནི། ། འཇམ་དཔལ་གྱི་ནི་ཕྱག་རྒྱ་ཡིན། ། རིན་ཆེན་མར་མེ་ཐུགས་ཀ་ན། ། རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། ། འཛུམ་པའི་མདངས་ཀྱིས་ འདུད་པ་ནི། ། མར་མེའི་ཕྱག་རྒྱར་དཔའ་བོས་བཤད། ། རྡོ་རྗེ་སྙེ་མ་ཐུགས་ཀ་ན། ། རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །
BO
འཛུམ་པའི་མདངས་ཀྱིས་ལྟ་བ་ནི། ། ཀུན་དུ་བཟང་པོའི་ཕྱག་རྒྱ་ཡིན། ། རིན་ཆེན་དབྱུག་པ་ཐུགས་ཀ་ན། ། རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། ། རྡོ་རྗེ་ཉུག་པར་བྱེད་པ་ནི། ། དྲི་ཡི་ཕྱག་རྒྱ་ཡིན་པར་བཤད། ། ནིར་མགོ་གདེངས་ཀ་གཤེད་པོའི་རྒྱ། ། རྡོ་རྗེ་གནོན་པ་སྟོབས་པོ་ཆེ། ། ཐོད་སྦྲུལ་གནོན་པ་རྟ་ཡི་རྒྱ། ། རྒྱ་གྲམ་གནོན་པ་བདུད་རྩི་འཁྱིལ། ། མཛུབ་གཉིས་འཁྱུད་པ་ལྕགས་ཀྱུའི་རྒྱ། ། མཛུབ་གཉིས་རྩེ་སྤྲད་ ཞགས་པའི་རྒྱ། ། མཛུབ་གཉིས་འཁྱུད་པ་ལུ་གུ་རྒྱུད། ། བསྐྱོད་པར་གྱུར་པ་འབེབས་མའོ། ། པི་བང་ལེན་པ་ལྷ་ཡི་རྒྱ། ། མི་ཡི་གསེག་པར་འཛིན་པ་སྟེ། ། ལྷ་མིན་ཕྱག་རྒྱ་གོ་ཆ་ཡིན། ། ཆོས་ཀྱི་དཀྱིལ་འཁོར་བྱོལ་སོང་རྒྱ། ། ཟ་མ་ཏོག་ནི་ཡི་ དགས་རྒྱ། ། མེ་ཆུ་གཉིས་ནི་དམྱལ་བའི་རྒྱ། ། ཡབ་ཀྱི་སྤྱི་རྒྱ་ཀུན་བཟང་གིའོ། ། ཡུམ་གྱི་སྤྱི་རྒྱ་བཟང་མོར་བཤད། ། ཡང་ན་ཀུན་བཟང་ཡབ་ཡུམ་གྱི། ། རྡོ་རྗེ་ཐལ་མོ་གཉིས་སུ་བཤད། ། བདེར་གཤེགས་རྣམས་ལ་རྫོགས་དཀྱིལ་ལོ། ། སེམས་དཔའ་ རྣམས་ལ་སེམས་དཔའི་དཀྱིལ། ། འཇོམས་དང་ཐུབ་པ་ལངས་ཏེ་བཅིང་། ། ཞེས་གསུངས་སོ། །
BO
འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་ཕྱག་རྒྱའི་མཚན་ཉིད་བཤད་པའི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་ ནས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ཧེ་རུ་ཀ་རྣམས་ཀྱི་དཀྱིལ་འཁོར་ཇི་ལྟ་བུ་ལགས་པ་བདག་ཅག་རྣམས་ལ་བཤད་དུ་གསོལ། གསང་བ་མཆོག་གི་བདག་ པོས་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་ལས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོ་རྣམ་པར་འཕྲོ་བའི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་ཁྲོ་བོ་ཆེན་པོར་འདུ་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་དྲེགས་པ་ཆེན་པོ་ལ་སོགས་པ་གདུག་པའི་དབང་དུ་འགྲོ་བ་རྣམས་གྱུར་ཏེ། ཁམས་གསུམ་འདི་ན་དེ་བཞིན་གཤེགས་པ་གསུང་རབ་ཟེར་བར་སྟོན་པ་དང་། འཇུག་པ་དང་། བསྟན་པ་ ལ་གནས་ཤིང་དཀོན་མཆོག་གསུམ་ལ་འཇུག་པ་ནི་འགའ་ཡང་མེད། ཁྲོས་པས་གཏུམ་པོ་རབ་ཏུ་གདུག་པའི་སེམས་དང་། འདོད་ཆགས་ཞེ་སྡང་གཏི་མུག་གིས་བསྒྲིབས་པ་གཏུམ་ཞིང་འཁྲུག་པ་དང་།
BO
གཞན་གྱི་སྲོག་དང་སེམས་འཕྲོག་པ་དང་། མི་དགེ་བ་ བཅུའི་ལས་ཀྱིས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་གཞན་ལ་གཙེས་པ་དང་། གཅིག་ཤ་གཅིག་གིས་ཟ་བ་དང་། ལོག་པའི་ལམ་ལ་གནས་པའི་འཇིག་རྟེན་གསུམ་པོ་འདི་བརླག་གོ་ཞེས་སྔོན་གྱི་སྨོན་ལམ་ལ་གནས་པའི་དེ་བཞིན་གཤེགས་པ་ རྣམས་དང་། གསང་བ་མཆོག་གི་བདག་པོ་ཆེན་པོས་རྣམ་པར་གཟིགས་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཁྲོ་བོའི་དཀྱིལ་འཁོར་གློག་རྣམ་པར་འཕྲོ་བ་འདི་ཕྱུང་ངོ་། ། ཨོྃ་བཛྲ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ། བི་ཤྭ་ཀྲོ་དྷ་ཛྭ་ལ་མཎྜ་ལ། ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ། འདི་ཕྱུང་མ་ཐག་ཏུ་ཁྲོ་བོ་ཆེན་པོའི་མཐུས་ཁམས་གསུམ་འདི་དག་ཐམས་ཅད་གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་སོ། ། འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར་རོ། ། ཤིག་ཤིག ། རབ་ཏུ་ཤིག་ཤིག ། ཀུན་དུ་རབ་ཏུ་ཤིག་ཤིག ། གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་དུ་རབ་ཏུ་གཏོར་གཏོར་རོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། སྲིན་པོ་ལ་སོགས་པ་རྣམས་འཁྲུགས་པ་ཆེན་པོར་གྱུར་ཏོ། ། དེ་ནས་འཇིགས་ པས་ཉེན་པ་དེ་དག་བརྒྱ་བྱིན་ལ་སྐྱབས་སུ་སོང་།
BO
བརྒྱ་བྱིན་ཡང་འཇིགས་པས་ཉེན་ཏེ་ཚངས་པའི་ཐད་དུ་ཕྱིན། ཚངས་པ་ཡང་ཁྱབ་འཇུག་ཐད་དུ་སོང་། ཁྱབ་འཇུག་ཀྱང་དབང་ཕྱུག་ཆེན་པོའི་ཐད་དུ་སོང་། དབང་ཕྱུག་ཆེན་པོ་རང་གི་མཐུ་ཡོད་ཡོད་པ་སྟོན་ཅིང་ ལྷ་རྣམས་མ་སྐྲག ། ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་དང་། འཁོར་དུ་གཏོགས་པ་རྣམས་མ་སྐྲག་ཅིག ། ངའི་མཐུ་འདི་ལ་གཞན་གང་གིས་ཀྱང་བརྫི་བར་མི་ནུས་སོ་ཞེས་སྤྲོ་བསྲིངས་སོ། ། ཀྭ་བརྒྱ་བྱིན་དང་ཚངས་པ་དང་ཁྱབ་འཇུག་རྣམས་ ཁྱེད་ཀྱང་འཇིག་རྟེན་ན་མཐུ་ཆེ་བའི་ཆེན་པོ་ཡིན་པས་རང་རང་གི་མཐུ་དང་རྫུ་འཕྲུལ་ཅི་ཡོད་པས་རང་རང་གི་འཁོར་གདུག་པ་དེ་དག་དབུགས་དབྱུང་བར་མཛོད་ཅིག་ཅེས་བསྒོའོ། ། དེ་ནས་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་རྣམས་དེ་མ་ཐག་ཏུ་རང་རང་ གི་མཐུ་ཅི་ཡོད་པ་སྟོན་ཅིང་རྡོ་རྗེའི་སྐད་དང་གད་མོ་དྲག་པོ་འབྱིན་ཅིང་རང་རང་གི་འཁོར་རྣམས་ལ་མ་སྐྲག་མ་དངངས་ཤིག ། བདག་ཅག་གི་མཐུ་འདི་ལྟ་བུ་གཞན་གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་ནུས་སོ་ཞེས་སྤྲོ་བསྲིང་ངོ་། ། དེ་ནས་བཅོམ་ ལྡན་འདས་ཡེ་ཤེས་རྔམ་པའི་རྒྱལ་པོ་དེས་དེ་བཞིན་ཉིད་ཀྱི་དབྱིངས་ནས་ཡུམ་རྔམ་པའི་ཀྲོ་དྷིའི་རྒྱལ་མོ་མངོན་པར་ཕྱུང་སྟེ།
BO
ཧི་ཧི་དགྱེས་པའི་གཟི་མདངས་ཀྱི་རོལ་པའི་དགྱེས་པས་ཐིམ་པར་མཛད་ནས། བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཕཊ་ཕཊ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ ཧ་ལ་ཧ་ལ་ཞེས་པས་སྟོང་གསུམ་ཁྲོ་བོ་ཆོལ་པས་གང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་ནི་དབུ་དགུ་ཕྱག་{བཅྭ་,བཅོ་}བརྒྱད་ཞབས་རྣམ་པ་བརྒྱད་ཀྱི་རྣམ་པར་སྣང་ངོ་། ། དེ་ནས་དགྱེས་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་དབུ་དགུ་ཕྱག་{བཅྭ་,བཅོ་}བརྒྱད་ལས་འདུལ་ བའི་དབང་གིས་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། ཁྲག་གི་རྒྱ་མཚོ་འཁྲུག་པའི་དཀྱིལ་ན་ཀེང་རུས་ཀྱི་སྟེང་ན་རྣམ་པར་གནས་སོ། ། ཁྲོ་བོ་ཆོལ་པ་དེ་དག་གིས་ཀྱང་ཕྱོགས་བཅུའི་དྲེགས་པ་ཇི་སྙེད་པ་ཀུན་བསྒྲལ་ཏེ་སླར་འདུས་ནས། ལ་ལ་ནི་རྡོ་རྗེ་ཁྲག་ འཐུང་ཆེན་པོར་གྱུར་ནས་བརྒྱ་བྱིན་འཁོར་དང་བཅས་པ་བསྒྲལ། ལ་ལ་ནི་རིན་ཆེན་ཁྲག་འཐུང་དུ་གྱུར་ཏེ་ཚངས་པ་འཁོར་དང་བཅས་པ་བསྒྲལ། ལ་ལ་ནི་པདྨ་ཁྲག་འཐུང་ཆེན་པོར་གྱུར་ཏེ། མ་ཧཱ་དེ་བ་འཁོར་དང་བཅས་པ་བསྒྲལ། ལ་ལ་ནི་ལས་ཀྱི་ཁྲག་འཐུང་ཆེན་ པོར་གྱུར་ཏེ། ཁྱབ་འཇུག་འཁོར་དང་བཅས་པ་བསྒྲལ། ཁྲོ་བོ་དེ་དག་གིས་དྲེགས་པ་ཅན་དེ་དག་གི་ནང་གྲོལ་ཀུན་དྲངས། ཁྲག་འཐུངས།
BO
རུས་པ་ཀུན་འཆོས་སོ། ། དེ་ནས་དགྱེས་ཏེ་ཨོྃ་རུ་ལུ་རུ་ལུ་ཛ་ཛ་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་བཅུ་གཉིས་དང་བརྒྱད་ ཀྱི་འཁོར་ཚོགས་མ་ལུས་པ་ཡུད་ཙམ་ཅིག་གིས་དབང་དུ་འདུས་པར་གྱུར་པ་ནི་དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་ལོ། ། བཅོམ་ལྡན་འདས་དཔལ་ཆེན་པོའི་སྐུ་ལ་རྣམ་པ་བརྒྱད་ཀྱིས་འཁྲིལ་བའི་ཚུལ་དུ་གནས་སོ། ། ཁྲག་འཐུང་བཞི་ལ་རྣམ་པ་ལྔ་ལྔས་ འཁྲིལ་བའི་ཚུལ་གྱིས་རྣམ་པར་གནས་པ་དང་། དགྱེས་ཏེ་ཧ་ཧ་ཞེས་བརྗོད་པས་བྱང་ཆུབ་སེམས་ལས་དཀར་མོའི་ཚོགས་དང་། རྐུན་མོའི་ཚོགས་དང་། སྤོས་མོའི་ཚོགས་དང་། གཏུམ་མོའི་ཚོགས་དང་། རྨོངས་མོའི་ཚོགས་དང་། ཐལ་བྱེད་མའི་ཚོགས་དང་། སྨེ་ཤ་ཅན་གྱི་ཚོགས་དང་། མ་མོའི་ཚོགས་རྣམས་འཐོན་ཏོ། ། དེ་ནས་ཡང་དགྱེས་ཏེ་ཧེ་ཧེ་ཞེས་བརྗོད་པས་བྱང་ཆུབ་སེམས་ལས་སེང་གདོང་གི་ཚོགས་དང་། སྟག་གདོང་གི་ཚོགས་དང་། ཝ་གདོང་གི་ཚོགས་དང་། ཁྱི་གདོང་གི་ཚོགས་དང་། བཞད་གདོང་གི་ཚོགས་དང་། དུར་བྱའི་གདོང་གི་ཚོགས་དང་། བྱ་རོག་གི་གདོང་གི་ཚོགས་དང་། འུག་པའི་གདོང་གི་ཚོགས་རྣམས་འཐོན་ཏོ། ། དེ་ནས་ཡང་དགྱེས་ཏེ་ཕཊ་ཅེས་བརྗོད་པས་བྱང་ཆུབ་སེམས་ལས་རྟ་གདོང་གི་ཚོགས་དང་།
BO
ཕག་གདོང་གི་ཚོགས་དང་། སེང་གདོང་གི་ཚོགས་དང་། སྦྲུལ་གདོང་གི་ཚོགས་འཐོན་ནས་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས་པ་རྣམས་རང་རང་གི་གདན་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་ཕཊ་ཅེས་སྤྲོས་སོ། ། དེའི་ཚེ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་ པ་རྣམས་ན་དྲེགས་པ་གང་ཇི་སྙེད་ཡོད་པ་ཐམས་ཅད་ཚུལ་ཇི་ལྟར་འདུལ་བ་དང་། ཐབས་ཅིས་འདུལ་བ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ཀྱི་མཐུས་བཏུལ་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་དེ་དག་ལ་དྲེགས་པའི་ཚོགས་སླར་གསོལ་ཅིག་ཅེས་ བཀའ་སྩལ་པས། ཁྲོ་བོ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཉིད་ཀྱིས་གསོ་བར་གསོལ་ཞེས་པ་དང་། བཅོམ་ལྡན་འདས་ཉིད་ཀྱིས་ཁྲོ་བོ་དེ་དག་གཅིག་ཏུ་ཧཱུྃ་ཞེས་པས་བསྡུས་ཏེ། དབུ་དགུ་ཕྱག་{བཅྭ་,བཅོ་}བརྒྱད་པའི་ཚུལ་དུ་རྣམ་པར་གནས་སོ། ། དེ་ནས་ཡེ་ ཤེས་རྔམ་པའི་རྒྱལ་པོ་དེས་ཕྱག་བཅོ་བརྒྱད་བསྣོལ་ཏེ་བཙིར་བས་མི་གཙང་བའི་འདམ་ཆེན་པོར་འཁྱིལ་ཏོ། ། དེ་ནས་བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་ནས་བདུད་རྩི་འབྱུང་ཞེས་བྱ་བ་གནམ་ནས་རྣམ་པར་ཕྱུང་ངོ་། ། ཨོྃ་བཛྲ་ཨ་མྲྀ་ཏམ་ཧཱ་ཀྲོ་དྷི་ཤྭ་རི་ ཨུ་སྤྲི་ཛྭ། བཛྲ་ཨ་མྲྀ་ཏ་ཧཱུྃ་ཨ།
BO
དེ་ནས་ཁྲོ་མོ་བདུད་རྩི་ཆེན་མོ་དེ་སྨིན་མ་སྒྱུར་ཞིང་ཤིན་ཏུ་རྔམ་པའི་བཞད་པས་རུ་ལུ་རུ་ལུ་ཁཱ་ཧི་ཁཱ་ཧི་ཞེས་བདུད་རྩིར་བསྒྲུབས་ཏེ་གསོལ་བས་གདུག་པ་ཅན་ཐམས་ཅད་སྔ་མ་བཞིན་དུ་རང་རང་གི་ལུས་སོས་པར་གྱུར་ཏེ་ སེམས་དྲན་ནས་དཔལ་ཆེན་ཡེ་ཤེས་རྔམ་པའི་རྒྱལ་པོའི་སྐུ་དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱར་གནས་ཤིང་ཡབ་ལ་ཁྲོ་བོ་བརྒྱ་རྩ་བརྒྱད་ལྷུན་གྱིས་གྲུབ་པར་མཐོང་ངོ་། ། ཕྲ་མེན་མ་ཉི་ཤུའི་ཚོགས་ཀྱང་ཤིན་ཏུ་རྔམ་པའི་གཟུགས་རང་རང་གི་སྟན་ དང་ལག་ཆར་གནས་པ་མཐོང་ནས། ཤིན་ཏུ་ངོ་མཚར་དུ་གྱུར་ནས་ཞུམ་པའི་ང་རོས་གསོལ་བ་བཏབ་པ། བདག་ཅག་འཁོར་དང་བཅས་པ་རྣམས། ། རྔམ་ཆེན་རྒྱལ་པོའི་འབངས་སུ་མཆི། ། འབངས་སུ་ནན་ཏན་མ་བགྱིས་ན། ། མགོ་ལུས་རྙིང་ཡང་རུལ་ནས་ནི། ། བཙོ་བསྲེག་གནས་སུ་འབོད་སྒྲོགས་ཤོག ། བདག་ཅག་རྣམས་ཀྱི་མ་དང་སྲིང་། ། མཆིས་བྲང་དང་ནི་བུ་མོ་རྣམས། ། འབར་བའི་དཀྱིལ་འཁོར་བཞེས་སུ་གསོལ། ། བདག་ཅག་རྣམས་ཀྱི་མགོ་བཅད་ལ། ། འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས། ། བདག་ཅག་ རྣམས་ཀྱི་སྙིང་ཕྱུང་ལ། ། དཔལ་ཆེན་ཉིད་ཀྱི་ཞལ་དུ་གསོལ། ། བདག་ཅག་རྣམས་ཀྱི་ལྤགས་ཤུས་ལ། །
BO
དཔའ་བོ་ཆེན་པོ་སྐུ་ལ་གསོལ། ། ཨ་ལ་ལ་ཧོ་ཞེས་གསོལ་བ་བཏབ་སྟེ། ལ་ལས་ནི་རང་གི་ལུས་གདན་ཁྲིར་ཕུལ། ལ་ལས་ནི་རང་གི་མགོ་བཅད་ནས་ འབར་བའི་ཚོགས་ཀྱི་ཞལ་བུར་ཕུལ། ལ་ལས་ནི་རང་གི་སྙིང་ཕྱུང་ནས་ཞལ་དུ་གསོལ། ལ་ལ་ནི་རང་གི་པགས་པ་བཤུས་ཏེ་སྐུ་ལ་གཡང་གཞི་གསོལ་ཏོ། ། དབང་ཕྱུག་ཆེན་པོ་རྣམས་དཔལ་ཆེན་པོའི་སྐུ་ལ་སྦྲུལ་ལྟར་འཁྲིལ་བས་དེས་དྲེགས་པའི་ཚོགས་ རྣམས་ཀྱང་ཤེས་བྱའི་སྒྲིབ་པ་བྱང་སྟེ། བདེན་པ་མཐོང་ནས་དམ་ཚིག་དང་ལྡན་པར་མཐོང་བར་གྱུར་ཏེ། དེའི་ཚེ་འདུས་པའི་འཁོར་ཚོགས་ཀྱང་རབ་ཏུ་སྤྲོ་བའི་སེམས་ཀྱིས་རྫུ་འཕྲུལ་རྣམ་པ་དུ་མ་དང་ལྡན་ཏེ། ལ་ལ་ནི་འཇིག་རྟེན་གྱི་ཁམས་རྒྱང་མ་རིང་དུ་ འཕན། ལ་ལ་ནི་རི་རབ་ཀླད་ལ་སྐོར། ལ་ལ་ནི་ཉི་ཟླ་ཞབས་འོག་གནོན། ལ་ལ་ནི་འཇིག་རྟེན་རྣམ་པ་དྲུག་ཏུ་གཡོ་བ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་དུ་མ་སྟོན་ཅིང་ཨ་ལ་ལ་ཞེས་པའི་སྒྲ་རྣམ་པར་འབྱིན་ཏོ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་ བདག་པོ་དེས་འཇིགས་བྱེད་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། དུར་ཁྲོད་ཆེན་པོའི་གནས་ཆེན་དུ། ། རཀྟའི་རྦ་རླབས་འཁྲུག་པའི་དཀྱིལ། །
BO
ཀེང་རུས་རི་རབ་འབར་བའི་སྟེང་། ། མེ་འབར་སྲེག་པའི་ཀློང་ དཀྱིལ་ན། ། དུར་ཁྲོད་འབར་བའི་གཞལ་ཡས་ཁང་། ། ཚད་དང་རྒྱ་ཡོངས་མ་ཆད་པ། ། ཕྱི་ནང་མེད་པར་གསལ་བའི་འོད། ། འཁོར་ལོ་འབར་བའི་རྩིབས་བཞི་པ། ། གྲུ་ཆད་བར་ཁྱམས་བཞེས་བརྒྱན་པ། ། གྲུ་བཞི་སྒོ་ཁྱུད་འབར་བས་མཛེས། ། བར་ཁྱམས་གཉིས་ནི་འབར་བར་གསལ། ། ཉི་ཟླ་སྦྲུལ་དང་ཐོད་པས་བརྒྱན། ། ཁྱུ་མཆོག་དང་ནི་མ་ཧེ་གཟིག ། སྟག་དང་གཏུམ་ཐུང་དོམ་དག་གིས། ། སྡེར་མོས་དྲེགས་པ་བརྒྱ་བྱིན་དང་། ། ཚངས་པ་དབང་ཕྱུག་བཟུང་བ་ནི། ། གདན་ཆེན་རྣམས་ ཀྱང་བཟུང་བའོ། ། དབུས་སུ་འཇིགས་བྱེད་ཆེན་པོ་ནི། ། སྨུག་ནག་ཆེན་པོ་འཇིགས་པའི་གཟུགས། ། དབུ་དགུ་ཕྱག་ཀྱང་{བཅྭ་,བཅོ་}བརྒྱད་དེ། ། སྤྱན་འབར་བ་ནི་ཉི་ཤུ་བདུན། ། ཞབས་བརྒྱད་ཐུར་དུ་གཏམས་པའོ། ། རྩུབ་པའི་ཕྱག་མཚན་སྐལ་བར་ཐོགས། ། རྡོ་རྗེ་ གཤོག་པ་ཕྱོགས་བཅུར་གཏམས། ། དུར་ཁྲོད་རྒྱན་གྱིས་རབ་ཏུ་བཞུགས། ། བཙུན་མོ་རྔམ་པ་ཀྲོ་དྷི་ཡང་། ། ཆ་ལུགས་འཇིགས་བྱེད་ཆེན་པོ་ལྟར། ། དེ་ཡི་ཕྱོགས་ཀྱི་ཁྲོ་བོ་ཡང་། ། ཁྲག་འཐུང་རྡོ་རྗེ་རིན་ཆེན་དང་། ། པདྨ་ལས་ཀྱི་ཧེ་རུ་ཀ། ཀུན་ཀྱང་ དབུ་གསུམ་ཕྱག་དྲུག་སྟེ། །
BO
ཞབས་བཞི་དག་ཏུ་རྣམ་པར་བགྲད། ། ཀྲོ་དྷིའི་ཚོགས་ཀྱིས་རབ་ཏུ་འཁྲིལ། ། འཁོར་ལོ་འབར་བའི་རྩེ་མཚན་ལ། ། དཀར་མོ་ལ་སོགས་རལ་པ་ཅན། ། རང་སྟན་ལག་ཆར་ཆས་ཏེ་གནས། ། ཕྱི་རོལ་ཤར་གྱི་ཕྱོགས་དག་ནས། ། སེང་གདོང་ལ་སོགས་མགོ་བརྙན་ཚོགས། ། སྟན་དང་ལག་ཆ་དེ་བཞིན་ཆས། ། སྒོ་སྲུང་གདོང་མོ་ལ་སོགས་གནས། ། རང་གི་ལག་མཚན་སྟན་དང་ཆས། ། འབར་བའི་བར་ཁྱམས་གཉིས་པ་ལ། ། རྡོ་རྗེ་སྲིན་པོ་ཁྲོ་བོ་བཅུ། ། ཧཱུྃ་ཆེན་རྣམ་ རྒྱལ་དབྱུག་སྔོན་ཅན། ། གཤེད་པོ་མི་གཡོ་རྟ་མགྲིན་རྒྱལ། ། གཞན་གྱིས་མི་ཐུབ་བདུད་རྩི་འཁྱིལ། ། ཁམས་གསུམ་རྣམ་རྒྱལ་སྟོབས་པོ་ཆེ། ། དེ་དག་རྣམས་དང་གཉིས་མེད་པའི། ། རྡོ་རྗེ་སྲིན་མོ་ཁྲོ་མོ་བཅུ། ། རླུང་འབྱིན་སྙེམས་མ་སྡེར་མོ་དང་། ། དུར་ཁྲོད་ གཏུན་ཁུང་གཏུམ་མོ་དང་། ། མདའ་སྙེམས་སྒྲ་འབྱིན་གསོད་མ་དང་། ། སྐུལ་བྱེད་རྣམས་ཀྱིས་རབ་ཏུ་འཁྲིལ། ། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། ། ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། ། འཇིག་རྟེན་སྐྱོང་བས་བཏུད་ཚུལ་ལོ། ། དེ་དག་རྣམས་ཀྱི་བཀའ་སྡོད་ནི། ། རྡོ་རྗེ་ཕྲ་མེན་གཏུམ་བག་ཅན། ། མཆེ་གཤོག་འབར་བའི་ཚོགས་དང་འཁོར། ། སླས་དང་བྱི་མོ་བྲན་མོ་དང་། །
BO
ཅི་བགྱི་ལ་སོགས་ཕོ་ཉའི་ཚོགས། ། ཕྱི་རོལ་མུ་རན་དག་ལག་ནས། ། ཞེས་གསུངས་པས་སྣང་སྲིད་ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དུ་གྱུར་ ཏོ། ། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་གསུང་གི་དཀྱིལ་འཁོར་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། ཨོཾ་བྷྲུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་དྷུྃ། ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། མ་མ་མ་མ་མ། ཧཱ་ཧཱ་ཧཱ་ཧཱ་ ཧཱ། བུདྡྷ། བཛྲ་རཏྣ། པདྨ་ཀརྨ། ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤཱི། ཧེ་ཧེ་ཧེ་ཧེ་ཧེ། རུ་རུ་རུ་རུ་རུ། ཀ་ཀ་ཀ་ཀ་ཀ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ཕཊ་ཕཊ། ཨོྃ་ཨོྃ་ཨོྃ་ཨོྃ་ཨོཾ། བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། བུདྡྷ་བཛྲ། རཏྣ། པདྨ། ཀརྨ། ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ། དྷཱི་དྷཱི་ དྷཱི་དྷཱི་དྷཱི། ཤྭ་ཤྭ་ཤྭ་ཤྭ་ཤྭ། རི་རི་རི་རི་རི། བ་བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ། གཽ་རཱི། རྩཽ་རཱི། ཙཽ་མོ་ཧཱ། བཻཏྟ་ལཱི། པུཀྐ་སཱི། གྷསྨ་རཱི། སྨ་ཤཱ་ནཱི། ཙཎྜ་ལཱི། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། བ་བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ། སིདྷ། བྱཱ་གྷྲྀ། སྲྀ་གླ། ཤྭ་ན། ཀྲྀ་ཌྷ། ཀཱངྐ་ཀ ། ཁ་ག ། ཨཱུ་ལུ། མུ་མུ་མུ་མུ་མུ་མུ་མུ་མུ།
BO
ཁ་ཁ་ཁ་ཁ་ཁ་ཁ་ཁ་ཁ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ། ཨཱརྱཱ་ཏེ་ཛ་ཏེ། ཛཿཨ་མུ་ཁ། ལོ་ཀ་བྷསྨི་པ་ལཱ་ཡ། ཛཿཧཱུྃ་པྃ་ཧོཿ། བ་བ་བ་བ་བ་བ་བ་བ་བ་ བ། ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ། ཀྲོ་ཀྲོ་ཀྲོ་ཀྲོ་གྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ། དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ། ཧཱུྃ་ཀཱ་ར། བི་ཛ་ཡེ། ནཱི་ལ་དཎྜ། ཡ་མཱནྟ་ཀ ། ཨཱརྱ་ཨ་ཙ་ལ། ཧ་ཡ་གྲཱི་ཝ། ཨ་པ་རཱ་ཛི་ཏ། ཨ་མྲྀ་ཏ་ཀུཎྜ་ལི། ཏྲི་ལོ་ཀྱ་བི་ཛ་ཡ། མ་ཧཱ་བ་ལ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། བ་ཡ་བེ་ཤྃ་བརྟྟི། ལེ་ནོ་ཀི། ཏྲ་ཏ་ཧྲི་སྟ་ན་པ་ཏ། མུ་ཧ་ལ། ཙཎྜ་ལཱི་ཡ་ཏི། ཤ་ཡ་བ་ཏི། བ་ཡ་བེ་མཱ་ར་ཎ། ཙུནྡྷོ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། རུ་ལུ་རུ་ལུ་རུ་ལུ།
BO
ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཞེས་གསུངས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ ཐམས་ཅད་གསུང་གི་དཀྱིལ་འཁོར་དུ་གྱུར་པའོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དགུ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་རྔམ་ པའི་རྒྱལ་པོ་དེས་སྟང་སྟབས་ཀྱི་རྣམ་པར་རྒྱལ་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྟང་སྟབས་འདི་དག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། ཆོས་ཀུན་མཉམ་པའི་ངང་རྟོགས་ན། ། བསྒུལ་ཞིང་བསིགས་པ་ཐམས་ ཅད་ཀུན། ། ཕྱག་རྒྱ་ཡིན་པར་དཔའ་བོས་བཤད། ། རང་གི་ལྷ་ཡི་ཏིང་འཛིན་གྱིས། ། སྟང་སྟབས་འདི་ལ་གང་གནས་པ། ། སངས་རྒྱས་ཉིད་ཀྱང་སྐྲག་འགྱུར་ན། ། དྲེགས་པའི་ཚོགས་ལྟ་སྨོས་ཅི་དགོས། ། ལག་གཉིས་ཐལ་སྦྱར་སྤྱི་གཙུག་བཞག ། རྐང་ གཉིས་མཐིལ་སྤྲད་རྩེ་མོ་བཙུགས། ། མགོ་མཚན་རྡོ་རྗེ་སྙིང་པོར་བསྒོམ། ། རྩེ་གཅིག་རྩེ་གསུམ་རྩེ་ལྔ་དང་། ། རྩེ་དགུ་བཅུ་གཅིག་རྡོ་རྗེ་བསྒོམ། ། ས་སྟེངས་ཀུན་དུ་མཆོད་བྱས་པ། ། འཇིགས་བྱེད་ཆེན་པོའི་ཕྱག་རྒྱ་ཡིན། །
BO
དེ་ཉིད་གཡོན་གྱི་ཕྱོགས་ ནས་མཆོང་། ། འཇིགས་བྱེད་མ་ཡི་ཕྱག་རྒྱ་བཤད། ། ལག་གཡས་གུང་མོ་སྙིང་པོར་བྱ། ། གུང་མཛུབ་སྲིན་ལག་རྩེ་གསུམ་ཚུལ། ། མཐེ་བོས་མཐེའུ་ཆུང་མནན་པར་བྱ། ། ལྷག་མ་རྣམས་ནི་རྡོ་རྗེའི་ཚུལ། ། གཡོན་པ་བན་དྷ་ལྟར་བྱས་ནས། ། དཀྲུགས་ནས་ ཞལ་དུ་གསོལ་བ་ནི། ། རྡོ་རྗེ་ཁྲག་འཐུང་ཕྱག་རྒྱ་ཡིན། ། གཡས་པ་གཙོ་ལ་འཁྱུད་ཚུལ་དུ། ། གཡོན་པ་རཀྟ་སྟོབས་པ་ནི། ། རྡོ་རྗེ་ཀྲོ་དྷི་ཀུན་གྱི་རྒྱ། ། ལག་པ་གཡས་པ་བརྐྱང་བྱས་ཏེ། ། གཡོན་པ་དུང་དམར་རཀྟ་འཐུང་། ། འདི་ནི་རིན་ཆེན་ཁྲག་ འཐུང་རྒྱ། ། དེ་ཉིད་གུང་འཛུབ་སྲིན་ལག་གཞིབས། ། རལ་གྲི་འདེགས་པ་ལྟར་བྱས་པ། ། པདྨ་ཁྲག་འཐུང་ཕྱག་རྒྱ་ཡིན། ། དེ་ཉིད་གཡས་པ་ཁུ་ཚུར་བཅངས། ། མཐེ་བོ་གུང་མཛུབ་མཐེའུ་ཆུང་རྣམས། ། སོ་སོར་བརྐྱང་བ་རྒྱ་གྲམ་ཚུལ། ། ལས་ཀྱི་ཁྲག་ འཐུང་ཕྱག་རྒྱར་བཤད། ། ཁྲག་འཐུང་གཡས་བརྐྱང་གཡོན་བསྐུམ་ཚུལ། ། ཀྲོ་དྷི་གཡོན་བརྐྱང་གཡས་བསྐུམ་ཚུལ། ། སྟབས་སུ་མཆོད་པར་དཔའ་བོས་བཤད། ། གཡས་པའི་ཁུ་ཚུར་བཅངས་ནས་བསྒྲེང་། ། གཡོན་པ་འཛིན་པ་ལྟར་བྱས་པ། ། གཡས་དང་གཡོན་དུ་ལྟ་ཞིང་སྒྱུར། ། གཽ་རི་ཚོགས་ཀྱི་ཕྱག་རྒྱ་ཡིན། །
BO
མདའ་གཞུ་འགེངས་པའི་ཚུལ་དུ་ནི། ། འབུར་ཚུགས་མི་འགྱུར་ལྟ་བྱེད་པ། ། རྐུན་མོའི་ཚོགས་ཀྱི་ཕྱག་རྒྱ་ཡིན། ། གཡས་པས་ཁུ་ཚུར་བཅངས་པ་ནི། ། མཐེ་བོ་མཐེའུ་ཆུང་བརྐྱང་བར་བྱས། ། གཡོན་པས་འཛིན་པའི་ཁྲོ་ཚུལ་ལྟ། ། པྲ་མོའི་ཕྱག་རྒྱ་དཔའ་བོས་བཤད། ། གཡས་པའི་གུང་མོ་རྩེ་མོ་བརྐྱང་། ། སོར་བཞི་རྩེ་བསྡུས་རྡོ་རྗེ་འཕྱར། ། གཡོན་པ་དཀུ་རུ་བརྟེན་པ་ནི། ། འབུར་ཚུགས་ལྟ་བ་བེ་ཏའི་རྒྱ། ། གཡོན་པས་ཉོན་མོངས་མནན་ཚུལ་ལ། ། གཡས་ པས་རྒྱུ་འདྲེན་ཟ་བའི་ཚུལ། ། པུ་ཀའི་ཕྱག་རྒྱར་བཤད་པ་ཡིན། ། གཡོན་པ་དུང་ཁྲག་འཛིན་པ་ལ། ། གཡས་པས་འཁྲུག་ཅིང་རྔམ་ཚུལ་སྟོན། ། གསྨ་རི་ཡི་ཕྱག་རྒྱ་ཡིན། ། གཡོན་པས་བྱིས་པའི་ལུས་མནན་ནས། ། གཡས་པས་སྙིང་འདྲེན་ཟ་ཚུལ་དུ། ། སྒྲོལ་ ཚུལ་ལྟ་བ་སྨ་ཤའི་རྒྱ། ། གཡས་པས་མགོ་བཅད་ཕྱིར་ནས་ཀྱང་། ། གཡོན་པས་ལུས་འཛིན་སྟོབས་པ་ལྟར། ། ཙཎྜ་ལི་ཡི་ཕྱག་རྒྱ་ཡིན། ། ལག་གཉིས་བྲང་ལ་བསྣོལ་ནས་ནི། ། ཁ་ན་རོ་ཐོགས་རལ་གསིགས་པ། ། སེང་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། ། ལག་གཉིས་ ཐུར་དུ་བསྣོལ་ནས་ནི། ། ཞིང་ལ་འབུར་ཚུགས་མཆེ་བ་བསྙེར། ། སྟག་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། །
BO
ལག་གཉིས་ཞིང་ཁོང་ཁ་ཕྱེ་ནས། ། ལྕེ་ཡིས་ལྡག་པ་ལྟར་བྱེད་ན། ། ཝ་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། ། ལག་གཉིས་ཞིང་ཁོང་ཁ་ཕྱེ་ནས། ། འབུར་ཚུགས་ ལྟ་བ་ཤྭ་ནའི་རྒྱ། ། ལག་གཉིས་སྤུ་གྲི་ཐོགས་ཚུལ་དུ། ། གཡོན་པས་རྒྱུ་མ་གཟུང་ཞིང་ཟ། ། བཞད་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། ། ཞིང་ཆེན་ཕྲག་ལ་བཀལ་ནས་ནི། ། ཀེང་རུས་ཐོགས་པ་ལྟར་བྱས་པ། ། དུར་བྱའི་ཚོགས་ཀྱི་ཕྱག་རྒྱ་ཡིན། ། གཡོན་པས་བན་ད་ གཡས་པ་གྲི། ། གློ་སྙིང་འདྲེན་པ་ལྟར་བྱེད་པ། ། ཁྭ་ཁ་མ་ཡི་ཕྱག་རྒྱ་ཡིན། ། གཡས་པ་རྡོ་རྗེ་ཁུ་ཚུར་ལ། ། ལྕགས་ཀྱུ་འཛིན་པ་ཧུ་ལུའི་རྒྱ། ། མཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས། ། རྟ་སྐད་འཚེར་བ་ལྟར་བྱས་པ། ། རྟ་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། ། མཛུབ་གཉིས་རྩེ་སྦྱར་ཕག་གདོང་གིས། ། ཐ་རྒོད་ལོག་པའི་ཚུལ་བསྟན་པ། ། ཕག་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། ། མཛུབ་གཉིས་ལུ་གུ་རྒྱུད་དུ་འཁྱུད། ། སེང་གེའི་ཚུལ་དུ་རལ་གསིགས་པ། ། སེང་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། ། ལག་གཉིས་རབ་ཏུ་ བསྐྱོད་བྱ་ཞིང་། ། ཕྱོགས་བཅུར་ལྟ་བར་བྱེད་པ་ནི། ། སྦྲུལ་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། ། ལག་པའི་ཕྱག་རྒྱ་བཅིངས་བྱས་ཤིང་། །
BO
རྐང་པ་འཇོག་ཚུལ་སྟབས་སུ་མཆོང་། ། གཡས་པའི་སྡིགས་མཛུབ་ནམ་མཁར་འཕྱར། ། གཡོན་པ་དགུ་རུ་བརྟེན་པ་ནི། ། ཧུྃ་ཀ་ར་ཡི་ཕྱག་རྒྱ་ཡིན། ། ལག་པ་གཡས་པ་སྡེར་མོར་གདེངས། ། གཡོན་པ་འཛིན་པ་རྣམ་རྒྱལ་རྒྱ། ། གཡས་ཀྱི་སོར་མོ་དབྱུག་པར་བརྐྱང་། ། གཡོན་པ་གར་ཐབས་སྐོར་བར་བྱེད། ། དབྱུག་སྔོན་ཅན་གྱི་ཕྱག་རྒྱ་ཡིན། ། གཡས་པའི་ ཁུ་ཚུར་ནམ་མཁར་འཕྱར། ། གཡོན་པས་གྲུ་མོ་བརྟེན་པ་ནི། ། གཤིན་རྗེ་འཇོམས་པའི་ཕྱག་རྒྱ་ཡིན། ། གཡས་པའི་གུང་མཛུབ་སྲིན་ལག་བརྐྱང་། ། མཐེའུ་ཆུང་མཐེ་བོས་མནན་པར་བྱ། ། གཡོན་པའང་དེ་བཞིན་ཤུགས་སུ་བྱ། ། མི་གཡོ་རལ་གྲིའི་ཕྱག་ རྒྱ་ཡིན། ། ལག་གཉིས་མཐེའུ་ཆུང་ལུ་གུ་རྒྱུད། ། ལྷག་མ་ཁུ་ཚུར་བཅངས་པ་ལས། ། དཔྲལ་བའི་ཐད་ཀར་བཟུང་བ་ནི། ། རྟ་མཆོག་དཔལ་གྱི་ཕྱག་རྒྱ་ཡིན། ། ལག་གཉིས་ཁུ་ཚུར་མདུན་དུ་བཅངས། ། ཞགས་པའི་ཚུལ་དུ་དྲངས་པ་ནི། ། གཞན་གྱིས་མི་ཐུབ་ ཕྱག་རྒྱ་ཡིན། ། ལག་གཉིས་ཁུ་ཚུར་གྱེན་དུ་བསྣོལ། ། དྲིལ་བུ་གསིལ་ཚུལ་བདུད་རྩི་འཁྱིལ། ། ལག་པ་གཡས་པ་ཁུ་ཚུར་འཕྱར། ། བརྡེག་པའི་སྟབས་སུ་བྱས་པ་ནི། ། ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིན། ། ལག་གཉིས་ཁུ་ཚུར་ཐུར་དུ་བརྐྱང་། །
BO
གནོན་པའི་ སྟབས་སུ་བགྲད་པ་ནི། ། སྟོབས་པོ་ཆེ་ཡི་ཕྱག་རྒྱ་ཡིན། ། གྱད་ཀྱི་དོར་སྟབས་ཚུལ་དུ་གནས། ། སྟོབས་སུ་མཆོང་བ་ཁྲོ་བོའི་རྒྱ། ། སྲིན་མོ་རྣམས་ཀྱི་ཕྱག་རྒྱ་ནི། ། རྐང་ལག་གར་ཐབས་བསྐོར་བ་ཡིན། ། ཡང་ན་ཁྲོ་བོའི་ཕྱག་རྒྱ་ལས། ། གཡས་གཡོན་བཟློག་པ་ ཡིན་པར་གསུངས། ། ཅི་བགྱིད་བཀའ་ཉན་ཕྱག་རྒྱ་ནི། ། གཡས་གཡོན་སོར་མོ་དྲག་སྤྲུགས་པའོ་ཞེས་གསུངས་སོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་འཇིགས་བྱེད་རྣམས་ཀྱི་ཕྱག་རྒྱ་བསྟན་པའི་ ལེའུ་སྟེ་བཅུ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་བསྙེན་བསྒྲུབ་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཞུགས་ནས་ཀྱང་བསྙེན་བསྒྲུབ་ཟབ་མོའི་དཀྱིལ་འཁོར་འདི་དག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ ཕྱུང་ངོ་། ། བསྙེན་བསྒྲུབ་ཡན་ལག་བསམ་ཡས་ཀྱང་། ། དཀྱིལ་འཁོར་དག་ནི་ཐམས་ཅད་ལ། ། རྣལ་འབྱོར་འཇུག་པའི་དོན་གྱི་ཕྱིར། ། མདོར་བསྡུས་རྣམ་པ་བཞིར་བཤད་དོ། ། ཐོག་མར་བསྙེན་པ་ཡིན་པར་བཤད། ། གཉིས་པ་དག་ནི་ཉེ་བསྙེན་པ། ། གསུམ་ པ་བསྒྲུབ་པ་ཞེས་སུ་བརྗོད། །
BO
ཐ་མ་བསྒྲུབ་ཆེན་པོ་ཞེས་བྱ། ། བྱེ་བྲག་ཏུ་ནི་ཤེས་བྱས་ལ། ། དེ་ནས་ལས་རྣམས་བརྩམ་པར་བྱ། ། བསྙེན་བསྒྲུབ་བྱེ་བྲག་ཤེས་བྱ་ཞིང་། ། དེ་ལ་གནས་པ་རབ་ཏུ་གཅེས། ། དེ་དག་མི་ཤེས་མི་གནས་པས། ། བསྒྲུབས་ཀྱང་ འགྲུབ་པར་མི་འགྱུར་ཏེ། ། ལས་རྣམས་བརྩམས་ཀྱང་དོན་མེད་འགྱུར། ། དེ་བས་ནན་ཏན་བསྐྱེད་དེ་བྱ། ། བསྙེན་པའི་ཏིང་འཛིན་རབ་སྦྱོར་བས། ། བྱང་ཆུབ་སེམས་ནི་ཤེས་པར་བྱ། ། ཉེ་བར་བསྙེན་པ་ལ་གནས་པས། ། བདག་ཉིད་ཕྱག་རྒྱ་ཆེན་པོར་ བསྒོམ། ། དེ་ཡང་གསང་སྔགས་བདག་པོ་ཉིད། ། རིག་མ་བསྐྱེད་དང་བསྐུལ་བྱ་བ། ། བསྒྲུབ་པ་ཞེས་སུ་རྒྱལ་བས་གསུངས། ། ཐབས་དང་ཤེས་རབ་འབྲེལ་བ་ལས། ། རང་གི་ལྷ་ཡི་རྣལ་འབྱོར་གསུངས། ། གང་ཡིན་རྡོ་རྗེ་འགྲུབ་འགྱུར་བ། ། བསྒྲུབ་པ་ ཆེན་པོ་ཞེས་སུ་བྱ། ། བྱང་ཆུབ་སེམས་ཞེས་བྱ་བ་ཡང་། ། དམ་པའི་དོན་གྱི་སེམས་ཡིན་ཏེ། ། ཆོས་རྣམས་ཐམས་ཅད་དངོས་མེད་པས། ། རང་གི་སེམས་ཀྱིས་ཤེས་བྱ་བ། ། བསྙེན་པའི་དམ་ཚིག་ཡིན་པར་གསུངས། ། བདག་ཉིད་ཕྱག་རྒྱ་ཆེན་པོ་ནི། ། སྔགས་ཀྱི་བདག་པོའི་ཆ་ལུགས་སུ། ། ཏིང་འཛིན་ནན་ཏན་ཁུགས་པར་བསྒོམ། ། ཐམས་ཅད་ལྷ་ཡི་རང་བཞིན་པས། །
BO
བདག་ཉིད་ལྷ་ཡི་མཚན་ཉིད་དེ། ། ཕྱག་རྒྱ་བཞི་དང་རྣམ་ལྡན་པར། ། ཤེས་པ་ཉེ་བསྙེན་དམ་ཚིག་ཡིན། ། རིག་མ་བསྐྱེད་དང་ བསྐུལ་བྱ་བའི། ། རྟེན་དུ་བྱ་བ་ཤེས་རབ་མ། ། མཚན་ལྡན་བཀྲ་ཤིས་གསང་བའི་གཟུངས། ། བྷ་ག་གསང་བའི་པདྨོ་ནི། ། རྒྱལ་བ་རྣམས་ཀྱི་ཕོ་བྲང་སྟེ། ། འདས་པའི་སངས་རྒྱས་བྱུང་བའི་གནས། ། སླད་ཀྱིས་བྱོན་པ་གཤེགས་པའི་ཤུལ། ། དེ་ལྟར་ སངས་རྒྱས་བཞུགས་པའི་རྟེན། ། རྣལ་འབྱོར་ངོ་ལ་དེ་ལྟར་སྣང་། ། མ་རྟོགས་པ་ལ་འཁོར་བའི་ལམ། ། སྒྲུབ་པ་རྣམས་ཀྱི་བསྒྲུབ་པའི་རྟེན། ། རྣལ་འབྱོར་ཅན་གྱིས་ཤེས་པར་བྱ། ། ཆེན་པོ་ལྔས་བསྡུས་ཐམས་ཅད་ཀུན། ། དེ་ནས་ཡུམ་དུ་གནས་ མོད། ། མཚན་མ་བསྒྲུབ་པའི་རྣལ་འབྱོར་པ། ། བསྒྲུབ་ཕྱིར་རིགས་ཀྱི་དབྱེ་བ་བྱ། ། སྨིན་མའི་དཀྱུས་རིང་ལག་སོར་ཕྲ། ། ཚིགས་པ་ཟླུམ་ལ་རྐེད་སྐབས་ཕྱེད། ། ཕྲ་བཤད་ཨུཏྤལ་དང་ལྡན་ཞིང་། ། སོ་དཀར་སྐྲ་འཇམ་མཐོན་མཐིང་འཁྲིལ། ། མིག་ ཀྱང་ཟར་མའི་མེ་ཏོག་འདྲ། ། སྐྲ་མཚམས་འཁྱུག་ལ་མདོག་ཀྱང་གསལ། ། སྣ་བཟང་སྐེ་རིང་སེམས་མ་འདྲ། ། ལུས་དྲང་ནུ་མའི་དཀྱིལ་ན་མཐོ། ། ཁོང་དལ་འགྲོ་ན་འཇབ་པ་འདྲ། ། སྐད་ནི་ངང་པའི་རྒྱལ་པོ་འདྲ། །
BO
ཅིར་ཡང་མཛེས་པའི་སྟོབས་ལྡན་པ། ། སྤྱི་ ཡི་རིགས་དང་མཚན་དུ་བཤད། ། བཞིན་དབྱིབས་སོག་ཀ་མདོག་ཀྱང་དམར། ། མིག་{རིངས་སོ་,རིང་ངོ་་}ཐགས་རབ་ཏུ་དམ། ། སོ་ལ་ཤེལ་ཆགས་ཀོས་ཀོ་ཕྲ། ། ལུས་ལ་ཞིམ་པའི་དྲི་འབྱུང་བ། ། པདྨ་ཅན་ཞེས་བྱ་བར་བཤད། ། ཟླ་བའི་མདངས་ལྟར་དཀར་ལ་ གསལ། ། གཙུག་ཕུད་གཡས་འཁྲིལ་སྐད་ཀྱང་ཆེ། ། བོང་ཆུང་ལུས་མཛེས་ཚིག་ཏུ་སྙན། ། དུང་ལྟར་ལུས་བཞིན་གཡས་སུ་འཁྱིལ། ། དུང་ཅན་མ་ཞེས་བྱ་བར་གྲགས། ། འདོད་པ་ཆེ་ལ་བརྟུལ་ཞུགས་ཆེ། ། ཤེས་པ་གསལ་ལ་བྱད་བཞིན་ཡངས། ། བུ་མོ་ མིག་{མངས་,མང་}མ་རུ་བཤད། ། སྦས་པའི་བརྡ་དང་ཐབས་ལ་མཁས། ། ཕྱི་ནང་རླུང་ཁར་གསེར་ལྟར་ལྕི། ། བསྡིག་ཅིང་ཀུན་གྱིས་དྲོད་མི་ལོན། ། དོན་ལ་གཞོལ་ལ་རྟོག་པ་མེད། ། ཟླ་གསང་དཀར་དམར་རླུང་ཁར་ལྕི། ། རིགས་དང་མཚན་དུ་བཤད་པ་ཡིན། ། སྐྲ་ནི་མཐོན་མཐིང་ལྕང་ལོར་བཤད། ། སྲིད་དུ་རིང་ལ་ཕྲ་ལ་ལྡེམ། ། ལྕུག་ཕྲན་མང་པོ་འདབ་རྒྱས་པ། ། ལྗོན་པ་མ་ཞེས་བཤད་པ་ཡིན། ། ཕྲ་ཞིང་བཤན་ལ་གཟངས་རིང་བ། ། བཅུ་གཉིས་ཉི་ཤུ་ལྔ་ཡི་བར། ། མཱུ་ལ་རཀྟ་འཛག་པ་ལ། ། རྡོ་རྗེ་མཚོན་ གྱིས་མ་ཕོག་པ། ། ལྕུག་ཕྲན་མ་ཡི་རིགས་སུ་བཤད། །
BO
སོར་མོ་གྲུ་བཞི་སྐྲ་ཡང་ཁམ། ། སྨིན་ཚོགས་ཆེ་ཞིང་མིག་ཀྱང་འབུར། ། འགྲམ་གླད་རིང་ལ་སྐྲ་མཚམས་དམའ། ། ཤ་མདོག་ཆེ་ཞིང་རྣ་བ་རིང་། ། བ་ལང་ཅན་ཞེས་བྱ་བར་བཤད། ། བཞིན་ མདོག་གྲུ་གསུམ་ཁ་དོག་གནག ། སྐྲ་རྩུབ་ཤེལ་ལ་ཁྲོ་གཉེར་མང་། ། རི་མོ་ཅན་ཞེས་བྱ་བར་བཤད། ། སྐྱེ་རྒྱུད་མེད་ཅིང་བཀྲ་མི་ཤིས། ། གཅིག་པུར་འདུག་པ་གདོང་གཅིག་མའོ། ། ཡན་ལག་ཐམས་ཅད་མེས་ཚིག་བཞིན། ། གཏན་དུ་འཕེལ་བའི་རྒྱུ་ མེད་པ། ། མེ་རེག་མ་ཡི་རིགས་སུ་བཤད། ། གཞན་ཡང་ལྷ་འམ་ལྷ་མིན་ནམ། ། གནོད་སྦྱིན་སྲིན་པོ་ལ་སོགས་པ། ། མདོར་ན་འཇིག་རྟེན་ཁམས་རྣམས་ན། ། མོ་ཡི་རིགས་ཅན་གང་ཡང་རུང་། ། ཡིད་དུ་འོང་དང་མི་འོང་རྣམས། ། དངོས་གྲུབ་བསྒྲུབ་པའི་ རྟེན་ཡིན་ཏེ། ། ཐུགས་རྗེའི་ཡུལ་བས་ཀུན་སྙོམས་བྱའོ། ། དེ་དག་གང་རྙེད་བྱིན་གྱིས་བརླབ། ། དེ་ཡི་སྤྱི་བོ་གཙུག་ཏུ་ནི། ། ཟླ་དཀྱིལ་མྃ་ལས་ཀུན་བཟང་མོ། ། སྙིང་གར་ཟླ་དཀྱིལ་ལྃ་བསམས་ཏེ། ། ཡངས་པའི་སྤྱན་དུ་བསྒོམ་པར་བྱ། ། ལྕེ་སྟེངས་ ཟླ་དཀྱིལ་ཡི་གེ་པྃ། ། གོས་དཀར་མ་ཡི་ལྟེ་བ་ལ། ། ཟླ་དཀྱིལ་མྃ་ལས་མཱ་མ་ཀཱི། ། ཡན་ལག་བཞི་ཡི་དཀྱིལ་འཁོར་ལ། ། རྟྃ་ལས་སྒྲོལ་མའི་ཕྱག་རྒྱར་གསལ། །
BO
ལག་གཡས་ལྕགས་ཀྱུའི་སྐུ་རུ་བསྒོམ། ། ལག་གཡོན་དྲིལ་བུ་ལྕགས་སྒྲོག་ཁ། ། ཞགས་ པ་པདྨ་དག་ལའོ། ། རྡོ་རྗེ་ཐབས་ལ་ཡབ་རྣམས་བསྒོམ། ། དེ་ལྟར་གསལ་བར་གྱུར་པ་དང་། ། བྷ་གའི་དབྱིབས་སུ་མེ་རི་བསྒོམ། ། བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། ། ལྷག་པའི་ཏིང་འཛིན་དཀྱིལ་འཁོར་བསྒོམ། ། གསལ་ལྡན་མ་འམ་བྱིན་བརླབས་བྱའོ། ། མཚན་ལྡན་ཤེས་རབ་དེ་ཉིད་ལ། ། རིན་ཆེན་སྣ་ཚོགས་རྒྱན་དུ་གདགས། ། གསེར་གྱི་རྣ་ཆ་གདུ་བུ་དང་། ། དོ་ཤལ་དཔུང་རྒྱན་སེ་མོ་དོ། ། འཇམ་ཞིང་གསལ་བར་བྱས་པ་ཡི། ། ཆོས་གོས་ལྔ་དང་ལྡན་པར་བྱ། ། ཨ་ག་རུ་དང་དུ་རུ་སྐ། ། དྲི་སྤོས་ཙནྡན་སྦྱར་བ་ཡིན། ། ཁྲུས་ཀྱི་ཆོ་ག་དག་པར་བྱ། ། དྲི་ཞིམ་བྱུག་པས་ལུས་ལ་བྱུགས། ། རྫས་ཀྱི་ཆུ་དང་རྫས་སྦྱར་བས། ། ནང་ཡང་དག་པའི་ཁྲུས་བྱའོ། ། དེ་ནས་བྱང་ཆུབ་སེམས་བསྐྱེད་དེ། ། མི་དམིགས་དོན་ལ་སེམས་སྦྱར་ཕྱིར། ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་ དོན། ། རྒྱ་ཆེར་རབ་ཏུ་བཤད་པར་བྱ། ། སྣང་སྲིད་ཕྱག་རྒྱའི་དཀྱིལ་འཁོར་དུ། ། ལྷུན་གྱིས་གྲུབ་པར་ཡིད་ཆེས་བྱ། ། དེ་ནས་བསྐུལ་བར་བྱ་བའི་ཕྱིར། ། གསང་བའི་བརྡ་ཡིས་བསྲེ་བར་བྱ། ། ས་མ་ཡ་ཧོ་ཞེས་བརྗོད་ན། །
BO
ས་མ་ཡ་སྟྭྃ་ཞེས་པས་བསྲེ། ། རཱ་ག་ཡཱ་མི་ ཞེས་བརྗོད་ན། ། ར་ཧོ་ཧྃ་ཞེས་ཀྱང་ནི་བྱ། ། ཏི་པ་སུ་ཀེ་ཞེས་བརྗོད་ན། ། གན་དེ་ཙི་ཏ་ཞེས་པས་མཚོན། ། ཨ་ཏི་པུ་ཧོ་ཞེས་བརྗོད་ན། ། པྲ་ཏི་པུ་ཧོ་ཞེས་པས་མཚོན། ། གཡས་པ་སྨིན་མ་བསྐྱོད་ན་ནི། ། གཡོན་པའི་སྨིན་མས་དེ་བཞིན་མཚོན། ། དེ་བཞིན་ བརྡ་སྣ་ཚོགས་པས་བསྲེ། ། དེ་ནས་བསྐུལ་བར་བྱ་བ་ནི། ། ཤེས་རབ་ཉི་མའི་འོད་ཟེར་གྱིས། ། ཐབས་མཆོག་ཟླ་བའི་འོད་ཟེར་ལ། ། བསྐུལ་བའི་ཆོ་ག་འདི་སྐད་དོ། ། མི་གཡོ་མཆོག་གི་རྒྱལ་པོ་དགོངས་སུ་གསོལ། ། རྣམ་པར་རྟོག་བྲལ་ཤིན་ཏུ་དྲི་མེད་སྐུ། ། འོད་ཟེར་ཟླ་རྒྱས་འདྲ་བའི་མདངས་ལྡན་ཞལ། ། དགྱེས་པའི་རོལ་པའི་དོན་ལ་གཤེགས་སུ་གསོལ། ། ཐབས་མཆོག་ཟླ་བའི་འོད་ཟེར་གྱིས། ། ཤེས་རབ་ཉི་མའི་འོད་ཟེར་ལ། ། བསྐུལ་བའི་ཆོ་ག་འདི་སྐད་དོ། ། འབྱོར་ལྡན་ཡིད་འོང་རྒྱལ་བ་རྒྱ་མཚོའི་དབྱིངས། ། ཤེས་རབ་ཟབ་མོ་རྣམ་དག་པདྨའི་མདངས། ། རྫུ་འཕྲུལ་ཐབས་ལ་མཁས་པའི་སྤྱོད་མཆོག་མ། ། འབྱོར་ལྡན་ཡིད་འོང་ཆོ་འཕྲུལ་སྣ་ཚོགས་སྟོན། ། ཧོ། ཉི་མའི་འོད་ཟེར་གྱིས་བསྐུལ་བ། ། ཨེ་མའོ་པདྨ་འབར་བའི་ཟེའུ་འབྲུ་འདི། ། འཛུམ་པའི་མདངས་ཀྱིས་ འབུལ་ལགས་ན།
BO
། དགྱེས་པའི་རྡོ་རྗེ་རབ་གསོར་ནས། ། བྱང་ཆུབ་སེམས་སྤྲིན་དབབ་ཏུ་གསོལ། ། ཟླ་བའི་འོད་ཟེར་གྱིས་བསྐུལ་བ། ། ཨེ་མའོ། འོད་ཟེར་དགའ་སྟེ་ཡིད་འོང་མ། ། སེམས་འཕྲེང་གདུངས་པའི་ཤེས་རབ་གཟུངས། ། གའུ་འཁྲིལ་པའི་པདྨ་ལ། ། རྡོ་རྗེ་ བདེ་བའི་བྱང་ཆུབ་འབར། ། ཨ་ལ་ལ་ཧོ། དེ་ནས་གཉིས་མེད་བདེ་མཆོག་སེམས། ། སངས་རྒྱས་སྤྲིན་གྱི་ཚོགས་ཆེན་ལ། ། དགྱེས་མཉམ་མཆོག་གི་མཆོད་པ་དབུལ། ། གྲུབ་པ་ཉི་ཟླའི་སྙིང་པོ་དེ། ། རྣལ་འབྱོར་རྡོ་རྗེ་ཆེན་པོས་བླང་། ། འགྲོ་དྲུག་སེམས་ ཅན་བག་ཆགས་སྲེག ། ཞི་བའི་མཐའ་ལ་ཤི་བ་བསླང་། ། ཕྱོགས་བཅུའི་རྣལ་འབྱོར་ཐུགས་དམ་བསྐུལ། ། དེ་ལྟར་བྱ་བའི་དམ་ཚིག་ནི། ། བསྒྲུབ་པ་ཡིན་པར་རྒྱལ་བས་གསུངས། ། དེ་དག་དངོས་གྲུབ་ཐོབ་པའི་རྒྱུ། ། རིག་པའི་དམ་ཚིག་བསྒོམས་ པའི་ལམ། ། སྔགས་ཀྱི་བདག་པོ་བདག་འགྲུབ་སྟེ། ། གང་ཡིན་ལས་ལ་འཇུག་ནུས་པའི། ། དམ་ཚིག་སྒྲུབ་པོ་ཆེན་པོ་ཡིན། ། ཞེས་གསུངས་སོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་བསྙེན་བསྒྲུབ་རྣམ་ བཞི་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ། ། ། །
BO
དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་འདོད་པ་ཐམས་ཅད་རབ་ཏུ་བསྒྲུབ་པའི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བསྒྲུབ་པའི་མཚན་ཉིད་ལས་དངོས་ གྲུབ་ཀྱི་བྱེ་བྲག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། དེ་ལ་འདི་ནི་ཕྲ་མོའི་ཏིང་ངེ་འཛིན་ལ་བསྒྲུབ་པའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཕྱིར། ། རང་སེམས་ཤིན་ཏུ་སྦྱངས་པས་ན། ། ཕྲ་མོའི་དངོས་ གྲུབ་བསྒྲུབ་པ་གཅེས། ། རབ་ཏུ་དབེན་པའི་གནས་དག་ཏུ། ། བདག་ཉིད་ནམ་མཁའི་དབུས་སུ་ནི། ། ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། ། རང་གི་ལྷར་ནི་རང་བསྒོམས་ནས། ། ཕྲ་མོའི་སྦྱོར་བ་ཀུན་དུ་བརྩམ། ། རིན་ཆེན་རྒྱུ་ལས་གྲུབ་པ་ཡི། ། བསྙེན་མའི་ དཀྱིལ་འཁོར་དེ་བཞིན་དུ། ། སོ་སོའི་གསུང་གི་ཡིག་འབྲུ་རྣམས། ། ཆེ་ཆུང་ཡུངས་ཀར་འབྲུ་ཚོད་ཙམ། ། སྙིང་གའི་དཀྱིལ་དུ་གསལ་བ་ལས། ། ཧཱུྃ་གིས་ཁོང་དུ་དྲངས་ནས་ནི། ། ཁོང་ནས་ཁ་རུ་བྱུང་བར་བསམ། ། ཧཱུྃ་གི་དབུགས་ལ་ཞོན་ནས་སུ། ། སྣ་ཡི་རྩེ་ མོར་བྱུང་བ་དང་། ། སྣ་རྩེ་ཉིད་དུ་གསལ་བར་བསྒོམ། ། ཏིང་འཛིན་གསལ་བར་ཁུགས་པ་དང་། །
BO
སྣ་ཡི་རྩེ་ནས་ནམ་མཁའ་ལ། ། ཇེ་རིང་ཇེ་རིང་ཕཊ་ཀྱིས་སྤྲོ། ། རིང་དུ་སྤྲོ་བ་གོམས་པ་དང་། ། འོད་དང་བཅས་པའི་ཡིག་འབྲུ་དེས། ། ཕྱོགས་ བཅུར་གནས་པའི་སངས་རྒྱས་ཀྱི། གསུང་གི་ཡི་གེ་ཇི་སྙེད་པ། ། དབྱར་གྱི་སྤྲིན་སྤུང་འདུས་པ་བཞིན། ། ཧཱུྃ་གིས་སྙིང་ག་ཉིད་དུ་བསྡུ། ། ཡུངས་ཀར་འབྲུ་ཚོད་དེ་ཉིད་ལ། ། སྟོང་གསུམ་འཇིག་རྟེན་ཀུན་བཅུག་ཀྱང་། ། དེ་ཡི་ནང་དུ་ས་ལེ་གསལ། ། སྔགས་ ཀྱིས་བརྟགས་པའི་ལྷ་རྣམས་ཀྱི། ། གནས་སུའང་དེ་ཉིད་གསལ་བར་བསྒོམ། ། དེ་ལྟའི་འཕྲོ་འདུ་ཡང་དང་ཡང་། ། གོམས་པར་ཅི་ནུས་དག་ཏུ་བྱ། ། དེ་ནི་གསུང་གི་ཕྲ་མོར་བཤད། ། སོ་སོའི་གསུང་གི་ཡིག་འབྲུ་ལས། ། ཕྱག་མཚན་ཡུངས་ཀར་ཙམ་དུ་ གསལ། ། སྙིང་ག་ཉིད་དུ་གསལ་བ་ནས། ། རྒྱལ་བའི་ཕོ་བྲང་འདུས་ཀྱི་བར། ། གོང་མའི་{གོ་རིམས་,གོ་རིམ་}དེ་ཡིས་བྱ། ། དེ་ནི་ཐུགས་ཀྱི་ཕྲ་མོར་བཤད། ། སོ་སོའི་ཐུགས་མཚན་གསལ་བ་ལས། ། རང་རང་ལྷ་ཡི་རྣམ་པར་གསལ། ། ཐུགས་ཀར་ཡུངས་ཀར་འབྲུ་ཚོད་ ཙམ། ། གོང་མའི་ཚུལ་དུ་བྱ་བར་བཤད། ། དེ་ནི་སྐུ་ཡི་ཕྲ་མོ་ཡིན། ། དེ་ལྟར་ལྷ་ཚོགས་མ་ལུས་པར། ། རིམ་གྱིས་ཡང་ན་ཅིག་ཅར་རོ། ། ཅིག་ཅར་བསྒོམ་པ་ཤིན་ཏུ་དཀའ། །
BO
བདེ་གཤེགས་རྒྱལ་བ་སངས་རྒྱས་ཀྱི། ། ཐམས་ཅད་མཁྱེན་པའི་སྤྱོད་ ཡུལ་མིན། ། རྣལ་འབྱོར་ཅན་གྱིས་རིམ་གྱིས་ནི། ། གཙོ་ནས་འཁོར་གྱི་བར་དག་ཏུ། ། ཡང་ནས་ཡང་དུ་གསལ་བར་བསྒོམ། ། འདི་དག་བསྒོམས་པའི་ཡོན་ཏན་ནི། ། སངས་རྒྱས་ཉིད་དུ་འགྲུབ་པར་ངེས། ། ཐམས་ཅད་མཁྱེན་པ་བསྒྲུབ་པའི་མཆོག ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཀུན། ། འདི་ལས་འབྱུང་བར་གདོན་མི་ཟ། ། འདི་ཐོས་དངོས་གྲུབ་གཞན་རྣམས་ཀུན། ། བསྒྲུབ་མི་དགོས་པར་གྲུབ་པ་ཡིན། ། རྣལ་འབྱོར་ཅན་གྱིས་བསྒོམ་བྱས་ན། ། ཟླ་བ་དྲུག་གིས་ངེས་པར་འགྲུབ། ། ཟས་སུ་ བཤང་གཅི་ཟ་བའམ། ། ཤ་རྣམས་ཟོས་ན་འགྲུབ་པ་ཡིན། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་མི་སྣང་བ་བསྒྲུབ་པའི་ཐབས་སོ། ། དགོན་པའི་གནས་སམ་རི་བོ་དབེན། ། མེ་ཏོག་འབྲས་བུ་རྒྱས་པ་རུ། ། རང་གི་ལུས་ངག་སེམས་རྡོ་རྗེའི། ། སྙིང་གར་ཟླ་ བའི་དཀྱིལ་འཁོར་ལ། ། འཇམ་དཔལ་ས་བོན་མུྃ་དུ་བསྒོམ། ། བདག་ལུས་དང་ནི་ཟླ་བ་དང་། ། མུྃ་རྣམས་རིམ་པར་ཇེ་ཞི་ལ། ། སྟོང་པ་ཉིད་ཀྱི་རྣམ་པ་ལས། ། སྙིང་རྗེ་མུྃ་དང་ཟླ་བ་ལས། ། རྡོ་རྗེ་འཇམ་པའི་ཕྱག་རྒྱ་བསྒོམ། ། ལུས་དང་ངག་སེམས་རྡོ་རྗེ་ལས། །
BO
རྡོ་རྗེ་འཇམ་པ་རབ་འཕྲོས་པས། ། འཇམ་དཔལ་ཉིད་དང་འདྲ་བར་འགྱུར། ། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། ། རྡོ་རྗེ་འཇམ་པའི་འོད་དང་བཅས། ། རྒྱན་རྣམས་ཀུན་གྱིས་ལེགས་བརྒྱན་པའི། ། འཇམ་དཔལ་ཉིད་དུ་ཀུན་གྱིས་མཐོང་། ། མངོན་ཤེས་ལྡན་པའི་ལྷ་ རྣམས་ཀྱིས། ། ལུས་ཀྱི་རྣམ་པ་མཐོང་མི་འགྱུར། ། དེ་ནས་སླར་ནི་བསྡུས་པ་ལས། ། ཐུགས་ཀའི་མུྃ་ལ་ཐིམ་བསམས་ན། ། མཆོག་ཏུ་ཤེས་རབ་རྣོ་བ་དང་། ། མཁྱེན་རབ་ཀུན་གྱི་བདག་པོར་འགྱུར། ། ཐམས་ཅད་མཁྱེན་པའང་ཐོབ་འགྱུར་ན། ། འཇིག་ རྟེན་ཤེས་བྱ་སྨོས་ཅི་དགོས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་རིག་འཛིན་བསྒྲུབ་པའི་ཐབས་སོ། ། ནམ་མཁའ་དབྱིངས་ཀྱི་དབུས་དག་ཏུ། ། ཟླ་བའི་དཀྱིལ་འཁོར་བསམས་ནས་སུ། ། རང་ཉིད་གང་འདོད་ལྷར་བསྒོམས་ཏེ། ། སྐུ་གསུང་ཐུགས་སུ་བྱིན་ བརླབས་པའི། ། དམ་རྫས་བདུད་རྩི་རྣམ་ལྔ་ལ། ། སྲན་མ་ཙམ་གྱི་རིལ་བུ་བྱ། ། ལྕགས་གསུམ་ག་འུར་བཅུག་ནས་ནི། ། ཁར་བཅུག་རང་གི་སྙིང་པོ་ལས། ། རབ་ཏུ་གོམས་པར་འདི་བྱས་ན། ། གང་འདོད་རིགས་འཛིན་གདོན་མི་ཟ། ། མཐའ་ཡས་ཞིང་ཁམས་ ཐམས་ཅད་ཀྱི། ། རྡུལ་སྙེད་བཞུགས་པའི་སངས་རྒྱས་ཀུན། ། དེ་ཡི་རྗེས་སུ་འབྲང་བར་འགྱུར།
BO
། དེ་ལ་སོགས་ཏེ་མཐའ་ཡས་མཆོག ། ཅེས་གསུངས་སོ། ། ཡང་ན་རང་གི་ཕྱག་རྒྱ་སྟེ། ། ནམ་མཁའ་དབྱིངས་ཀྱི་དབུས་དག་ཏུ། ། ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི། ། བདག་ཉིད་གང་འདོད་ལྷར་བསྒོམས་ཏེ། ། རང་གི་ཕྱག་རྒྱ་བརྙན་མར་བྱ། ། ལག་ཏུ་ཐོགས་ལ་རང་རིག་སྔགས། ། བཟླས་ན་རིག་འཛིན་གང་ཡིན་འགྱུར། ། རང་གི་ལྷ་ནི་གང་ཡིན་པའི། ། ཡོན་ཏན་དག་ནི་དེ་ཐོབ་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་ལྷ་དང་། ། ལྷ་མོ་དགུག་པའི་ཆོ་གའོ། ། ཤིང་གཅིག་དྲུང་ངམ་བཞི་མདོ་འམ། ། མཚན་མ་གཅིག་དང་ཞི་གནས་སུ། ། བདག་ཉིད་གཙོ་གཟུང་ལྡན་བྱས་ནས། ། སྐུ་གསུང་ཐུགས་ཀྱི་བདག་ཉིད་བསམ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། ལག་ ན་ཀྱོ་བ་ཐོགས་པ་ཡི། ། སྤྲུལ་པ་བསམ་ཡས་འཕྲོ་བར་བྱ། ། ཛ་ཡཱ་ར་ཎ་ཕཊ། གང་དགུག་ལྷ་འམ་བུད་མེད་དམ། ། ཡྃ་ལས་རླུང་གིས་བཏེག་བསམས་ཏེ། ། ཀྱོ་བས་གདན་ནམ་སྙིང་ག་ནས། ། གཟུང་སྟེ་ཧཱུྃ་གིས་བསྡུས་བྱས་ན། ། སངས་རྒྱས་གྲགས་པ་ ཆེན་པོ་ཡང་། ། རང་དབང་མེད་པར་ཁུགས་འགྱུར་ན། ། འཇིག་རྟེན་བུ་མོ་སྨོས་ཅི་དགོས། ། གང་འདོད་ལས་དེ་བྱེད་པར་འགྱུར། ། ཞེས་གསུངས་སོ། །
BO
དེ་ནི་འདི་ནི་རྡོ་རྗེ་ལྕེ་བསྒྲུབ་པའི་ཐབས་སོ། ། བདག་ཉིད་སྔགས་ཀྱི་སྐྱེས་བུ་ཡི། ། རྡོ་རྗེའི་སྐུར་ནི་རབ་བསྒོམས་ ལ། ། ལྕེ་ལ་པདྨའི་དཀྱིལ་འཁོར་དུ། ། རྡོ་རྗེའི་སྦྱོར་བས་ཨོྃ་དུ་བསམ། ། དེ་ལས་རྡོ་རྗེ་གསུང་དུ་གྱུར། ། བསམ་ཡས་ཨྃ་གི་འཕྲོ་འདུ་ལས། ། སངས་རྒྱས་གསུང་དང་སེམས་ཅན་དག ། བདག་གི་ལྕེ་ལ་འདུས་པ་རུ། ། ཡང་ནས་ཡང་དུ་གོམས་པར་བསྡུ། ། འཇིག་རྟེན་ཚིག་གམ་ཆོས་ཀྱི་སྒྲ། ། ངག་བརྗོད་བདེན་ཞིང་ཉན་པ་དང་། ། {བརྫུན་,རྫུན་}དང་ཕྲ་མ་ཚིག་རྩུབ་སོགས། ། ངག་གི་ཉེས་པ་ཅི་བརྗོད་ཀྱང་། ། ལྕེ་སྒྲིབ་སྤངས་པར་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཤ་རྣམ་པ་ལྔའི་དངོས་གྲུབ་བསྒྲུབ་པའི་ཐབས་ སོ། ། བདག་ཉིད་ལུས་ངག་སེམས་རྡོ་རྗེ། ། རྡོ་རྗེ་གསུམ་དུ་རྣམ་པར་བསྒོམ། ། མཚན་དང་དཔེ་བྱད་ཡང་དག་ལྡན། ། ཡེ་ཤེས་དམ་ཚིག་སྙིང་གར་བསྒོམ། ། དབུ་རྒྱན་རྡོ་རྗེ་གསལ་བར་བྱ། ། ཤ་ཆེན་དག་ནི་ཐམས་ཅད་ལ། ། ས་བོན་ཨོཾ་གྱིས་རྣམ་པར་སྦྱང་། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ཤ་ཆེན་ཇི་སྙེད་ཡོད་པ་ཀུན། ། ཨོྃ་གྱི་འཕྲོ་འདུས་བསྡུས་ནས་ནི། ། སྤྱོད་ཚེ་བདག་ལ་ཐིམ་པར་བསྒོམ། ། གླང་པོ་དག་གི་ཤ་རྣམས་ལ།
BO
། ཧཱུྃ་ལྕེའི་དམ་ཚིག་རྡོ་རྗེ་ལ། ། རྡོ་རྗེ་ཅན་གྱི་ཧཱུྃ་དུ་བསྒོམ། ། ཡེ་ཤེས་ ལྔ་ཡི་སྦྱོར་བ་ཡིས། ། ཟོས་ན་དམ་ཚིག་སྐུ་གསུང་ཐུགས། ། རྡོ་རྗེ་ཐོབ་པར་གདོན་མི་ཟ། ། ཕྱག་ན་རྡོ་རྗེའི་མཐུ་སྟོབས་འགྲུབ། ། ཆོ་ག་{གོ་རིམས་,གོ་རིམ་}དེ་ཡིས་ནི། ། གླང་པོ་དག་གི་ཤ་རྣམས་ལ། ། ཧཱུྃ་གི་འཕྲོ་འདུས་རབ་སྦྱངས་ཏེ། ། ཟོས་ན་མངོན་ཤེས་ལྔ་ཐོབ་འགྱུར། ། རྟ་ཤ་དག་ནི་ཐམས་ཅད་ལ། ། སྭ་ཡི་འཕྲོ་འདུས་རབ་སྦྱངས་ཏེ། ། ཟོས་ན་མི་སྣང་ཀུན་གྱི་མཆོག ། ཁྱི་ཤ་དག་ནི་ཐམས་ཅད་ལ། ། ཧ་ཡི་འཕྲོ་འདུས་རབ་སྦྱངས་ན། ། དངོས་གྲུབ་རབ་འབྲིང་ཐ་མ་ཀུན། ། ཡིད་བཞིན་ནོར་བུ་ལྟ་བུར་འགྱུར། ། གཉིད་ཀྱི་དགྲ་ཡང་ མོད་ལ་འཇོམས། ། བ་གླང་ཤ་ནི་ཐམས་ཅད་ལ། ། ཨྃ་གྱི་འཕྲོ་འདུས་སྦྱང་བྱས་ཏེ། ། ཆོ་ག་བཞིན་དུ་ཟོས་ན་ནི། ། སངས་རྒྱས་ཀུན་གྱི་ལོངས་སྤྱོད་འཕྲོག ། མཐུ་ཆེན་ཀུན་གྱི་བུ་མོ་ཡང་། ། སྤྱོད་པར་འགྱུར་བ་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ རྡོ་རྗེ་མངོན་པར་ཤེས་པ་ལྔ་བསྒྲུབ་པའི་ཐབས་སོ། ། རབ་ཏུ་དབེན་པའི་གནས་དག་ཏུ། ། བདག་ཉིད་རྣམ་པ་ཀུན་ལྡན་པའི། ། སྔགས་ཀྱི་ལུས་སུ་རྣམ་སྦྱངས་ནས། །
BO
མིག་གི་དབང་པོ་ཐམས་ཅད་ལ། ། ཡིག་འབྲུ་ལྔ་ཡིས་རབ་སྦྱངས་ཏེ། ། འོད་ཟེར་ལྔར་ནི་འཕྲོ་ བ་ལས། ། སངས་རྒྱས་སེམས་ཅན་ཐམས་ཅད། ། མིག་གི་མངོན་ཤེས་ཀུན་བསྡུས་ནས། ། དབང་པོ་དེ་ལ་ཐིམ་པ་དང་། ། ཟོས་སམ་མིག་ལ་རྟག་བསྐུས་ན། ། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི། ། སྤྱོད་ཡུལ་ཇི་སྙེད་ཡོད་པ་ཀུན། ། ཤིང་ཐོག་ ལག་ཏུ་བཞག་པ་བཞིན། ། རྡོ་རྗེ་མིག་གི་གསལ་བར་མཐོང་། ། ཆོ་ག་གོང་མའི་ཚུལ་གྱིས་ནི། ། རྣ་བའི་དབང་པོ་ཐམས་ཅད་ལ། ། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི། རྣ་བའི་མངོན་ཤེས་ཀུན་བསྡུས་ནས། ། ཟོས་སམ་རྣ་བའི་ནང་བཞག་ན། ། སངས་རྒྱས་ སེམས་ཅན་ཐམས་ཅད་ཀྱི། ། སྒྲ་རྣམས་ཐམས་ཅད་ཇི་སྙེད་པ། ། རྣ་བའི་དྲུང་དུ་འདོད་པ་བཞིན་ལ། ། སྙིང་གི་བྱེ་བྲག་ཐམས་ཅད་ལ། ། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི། ། དྲན་པའི་མངོན་ཤེས་ཀུན་བསྡུས་ནས། ། ཟོས་སམ་སྙིང་གར་ བཞག་ན་ནི། ། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི། ཐུགས་དང་སེམས་ཀྱི་རྒྱུད་དག་ནི། ། མཁྱེན་ཅིང་རིག་པ་ཀུན་ཤེས་འགྱུར། ། ཡུམ་གྱི་མཁའ་ལས་བྱུང་བ་ཡི། ། རཀྟ་དག་ནི་ཐམས་ཅད་ལ། ། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི། ། གནས་ རྣམས་མ་ལུས་ཀུན་བསྡུས་ནས། །
BO
ཟོས་སམ་སྙིང་གར་བཞག་ན་ནི། ། སྔོན་གྱི་གནས་ཀྱི་གཏན་ཚིགས་རྣམས། ། ཞག་གསུམ་ལོན་བཞིན་གསལ་བར་འགྱུར། ། སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ། ། ཕྱོགས་བཅུར་གནས་པའི་སངས་རྒྱས་རྣམས། ། བཀུག་ནས་དེ་དག་རྫུ་འཕྲུལ་རྣམས། ། ཕྲོགས་ནས་སྙིང་གར་བསྡུ་བྱས་ན། ། སངས་རྒྱས་དག་ནི་ཐམས་ཅད་ཀྱི། ། རྡོ་རྗེ་རྫུ་འཕྲུལ་ཐམས་ཅད་ཀུན། ། འགྲུབ་པར་འགྱུར་བར་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་བསྲུང་བ་བསྒྲུབ་པའི་ཐབས་སོ། ། སྐུ་གསུང་ ཐུགས་ནི་རྣམས་བསྒོམས་ལ། ། སྙིང་གར་ཉི་ཟླའི་དཀྱིལ་འཁོར་ལས། ། ཁྲོ་བོ་འོད་ཀྱི་ཕྲེང་བ་ཡིས། ། བསྲུང་བར་བྱ་བའི་ཟུག་རྔུ་རྣམས། ། ཕྱུང་སྟེ་མེད་པར་བསམས་ནས་ནི། ། ལྷ་རྣམས་དག་ནི་ཐམས་ཅད་ཀྱི། ཕྱག་རྒྱ་དག་ནི་ཐམས་ཅད་དམ། ། ཡང་ན་རྡོ་རྗེ་ རྒྱ་གྲམ་མམ། ། རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཡིས། ། ལུས་དང་ངག་སེམས་རབ་བསྲུངས་ན། ། སངས་རྒྱས་ཀྱིས་ཀྱང་མི་ཚུགས་ན། ། ཕལ་པ་རྣམས་ཀྱིས་སྨོས་ཅི་དགོས། ། ཞེས་གསུངས་སོ། ། ལས་འདི་སྦྱར་བར་བྱ་བ་ཡང་། ། ལྗོངས་སམ་གྲོང་ཁྱེར་གྲོང་དག་ཏུ། ། སྔགས་ཀྱི་བདག་པོར་རབ་གནས་ལ། ། ནད་ཀུན་སྤོང་བའི་ལས་འདི་བྱ། །
BO
རྡོ་རྗེ་རྩེ་ལྔ་འོད་འཕྲོ་བ། ། བསྐལ་པའི་མེ་བཞིན་བསམས་ནས་སུ། ། སྤྲོས་པས་ནད་རྣམས་བསྲེགས་ནས་ནི། ། སླར་ཡང་རྡོ་རྗེ་ཉིད་ལ་བསྡུ། ། དེ་ནས་རྡོ་རྗེ་དེ་ཉིད་ལས། ། འོད་ཟེར་ སེར་པོ་སྤྲོས་པ་ཡིས། ། ནད་རྣམས་སྟོང་པའི་གནས་དེ་དག ། བསྐལ་པ་ཡུན་དུ་གང་བསམས་ཏེ། ། གོམས་པར་ཡང་དང་ཡང་བསམས་ན། ། ནད་རྣམས་ཐམས་ཅད་སེལ་བར་བྱེད། ། དེ་ན་འཁོར་བའི་སྐྱེ་བོ་རྣམས། ། སྤྲུལ་པའི་བདེ་བ་ཐོབ་པར་འགྱུར། ། བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་རློབ། ། ཚེ་རིང་ལང་ཚོ་བདེ་བར་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཞི་བ་བསྒྲུབ་པའི་ཐབས་སོ། ། རབ་ཏུ་དབེན་ཞིང་ཉམས་དགའ་བར། ། རྣམ་པར་སྣང་མཛད་བསྒོམ་པ་ནི། ། ནམ་མཁའི་དབུས་སུ་ཟླ་བ་ལ། ། དཀྱིལ་འཁོར་ཟླུམ་པོ་བསམས་ནས་སུ། ། རྣམ་པར་སྣང་མཛད་དཀྱིལ་འཁོར་བསྐྱེད། ། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། ། བུད་དྷ་ལོ་ཙའི་སྙིང་པོ་བསམ། ། དེ་ལས་ལྷ་མོའི་སྐུར་སྤྲོས་པས། ། མཁའ་དབྱིངས་ཡོངས་སུ་གང་བར་བསྒོམ། ། སླར་འདུས་འོད་ཀྱི་ ཐིག་ལེར་གསལ། ། དེ་ཉིད་བདག་གི་ལུས་ལ་དབབ། ། བདག་གི་བ་སྤུའི་བུ་ག་ནས། ། སངས་རྒྱས་སྤྲིན་ཆེན་རབ་འཕྲོས་ཏེ། ། འདོད་པའི་ལུས་ནང་གང་བར་བྱ།
BO
། སངས་རྒྱས་སྤྲིན་གྱིས་དེ་ལུས་ལ། ། དབང་བསྐུར་བ་ནི་རབ་ཏུ་སྩོལ། ། དེ་ཡིས་སྐད་ཅིག་དེ་ཡི་ཚེ། ། དྲག་པོ་གཏུམ་པོའང་ལྷན་ནེར་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྒྱས་པའི་བསྒྲུབ་པའི་ཐབས་སོ། ། ནམ་མཁའི་དབུས་སུ་ཟླ་བ་ལ། ། ཆོས་ཀྱི་སེམས་དཔའ་བསྒོམ་པར་བྱ། ། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། ། གོས་དཀར་ཅན་གྱི་སྙིང་པོ་བསམ། ། དེ་ལས་གོས་དཀར་ཉིད་འཕྲོས་པས། ། མཁའ་དབྱིངས་ཡོངས་སུ་གང་བར་བསྒོམ། ། དེ་ལས་འོད་ཀྱི་གོང་བུ་ནི། ། གྲུ་བཞི་ལམ་པར་གསལ་བར་བསྡུ། ། བ་སྤུ་རྣམས་ཀྱི་བུ་ག་ནས། ། རིན་ཆེན་སྤྲིན་ཆེན་རབ་སྤྲོས་པས། ། རྡོ་རྗེ་ཆོས་སུ་བསྒོམས་ནས་སུ། ། འདོད་ པར་བྱ་བའི་ལུས་ནང་དགང་། ། ཡང་ནས་ཡང་དུ་འདི་བྱས་ན། ། བར་སྣང་ཅི་འདོད་རྒྱས་པར་འགེངས། ། ནོར་བུ་རིན་ཆེན་བཞིན་འདྲར་འགྱུར། ། དགོས་པ་ཕྲ་མོ་སྨོས་ཅི་དགོས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་དབང་དུ་བསྡུ་བ་བསྒྲུབ་པའི་ཐབས་སོ། ། རྡོ་རྗེ་དཀྱིལ་ འཁོར་ཟླ་གམ་ནི། ། ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ། ། རྡོ་རྗེ་ཆོས་མཆོག་གཟུགས་སུ་བསམ། ། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། ། ཉིད་ཀྱི་སྙིང་པོ་བསམ་པར་བྱ། །
BO
རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། ། མཁའ་དབྱིངས་ ཐམས་ཅད་གང་བར་བསྒོམ། ། འོད་ཟེར་སྣ་ལྔ་འཕྲོས་པ་ཡིས། ། འདོད་པ་ལ་ནི་དབབ་པར་བྱ། ། དེ་ནས་བསྡུས་ཏེ་བདག་ཉིད་ཀྱིས། ། སྐུ་གསུང་ཐུགས་ཀྱི་བྱིན་བསྡུས་ན། ། སངས་རྒྱས་ཉིད་ཀྱང་དབང་འདུ་ན། ། འགྲོ་བ་དབང་མེད་སྨོས་ཅི་དགོས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་དྲག་པོ་བསྒྲུབ་པའི་ཐབས་སོ། ། ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། ། ཉི་མའི་དཀྱིལ་འཁོར་སྟེང་དུ་ནི། ། ཁྲོས་པའི་གཟུགས་རྣམས་བསྒོམ་བྱ་སྟེ། ། བསྐལ་པའི་མེ་དཔུང་འཕྲོས་པ་ལས། ། ཁྲོས་པའི་རྡོ་རྗེ་སྲིན་པོ་དང་། ། སྣ་ཚོགས་ཝ་དང་བྱ་ རོག་དང་། ། བྱ་རྒོད་ཁྱི་ལ་སོགས་པ་ཡི། ། ཕྲ་མེན་བསམ་ཡས་མི་བཟད་པས། ། མཁའ་དབྱིངས་གང་བར་བསྒོམས་ནས་སུ། ། སངས་རྒྱས་ཀུན་ལ་གནོད་བྱེད་ན། ། དངོས་སམ་ཡང་ན་བསམས་ནས་ཀྱང་། ། མཚོན་ཆ་ཐོགས་པ་དེ་དག་གིས། ། སྙིང་དང་ ནང་གྲོལ་དབང་པོ་ཀུན། ། དྲངས་ཏེ་ཟོས་པར་རབ་བསྒོམས་ན། ། དགྲ་རྣམས་འཆི་བར་ངེས་པ་སྟེ། ། དེ་ལྟར་རབ་ཏུ་བསྒོམས་ན་ནི། ། རྒྱལ་བ་རྡོ་རྗེ་འཛིན་པ་ཡང་། ། ཟླ་བ་ཕྱེད་ཀྱིས་འཆི་འགྱུར་ན། ། དམ་ཚིག་ཉམས་པ་སྨོས་ཅི་དགོས། ། ཞེས་གསུངས་སོ། །
BO
དེ་ལ་འདི་ནི་ སྐྱེ་འགྲོ་འདུལ་བའི་ཕུར་བུ་བསྒྲུབ་པའི་ཐབས་སོ། ། སྡིག་པ་བྱེད་དམ་གནོད་བྱེད་པ། ། རྡོ་རྗེ་ཕུར་བུས་གདུལ་བར་བྱ། ། དུར་ཁྲོད་གནས་སམ་རྐང་གཅིག་ཏུ། ། བདུད་རྩི་འཁྱིལ་པའམ་ཀི་ལིའམ། ། གང་ཡང་རུང་བར་གནས་བྱས་ལ། ། རྡོ་རྗེ་ཕུར་བུ་རབ་ཏུ་བསྒོམ། ། མེ་སྟག་འཕྲོ་བའི་འོད་འཕྲོ་བས། ། རི་རབ་གླིང་བཞིའི་གཟུགས་བྱས་ལ། ། རང་གི་སྔགས་ཀྱིས་གདབ་པར་བྱ། ། དེ་ལྟར་རབ་ཏུ་གདབ་བྱས་ན། ། འགྲོ་དང་མི་འགྲོ་ཐམས་ཅད་ཀུན། ། དུལ་བར་གྱུར་པར་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་གཞན་གྱི་རིག་ སྔགས་གནོན་པ་བསྒྲུབ་པའི་ཐབས་སོ། ། ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། ། དབང་ཆེན་དཀྱིལ་འཁོར་བསྒོམས་ནས་ནི། ། ལས་ཀྱི་སེམས་དཔར་བདག་གནས་ལ། ། གཡས་པ་རྡོ་རྗེ་རྩེ་ལྔ་བཞག ། རིག་སྔགས་བྱེད་པ་བསམས་ནས་ནི། ། ལས་ཀྱི་རྡོ་རྗེའི་རྐང་ པ་དག ། དེ་ཡི་སྤྱི་ནས་མནན་པར་བསྒོམ། ། རིག་སྔགས་ཉིད་ཀྱང་མནན་པར་བསམ། ། དེས་ནི་མུ་སྟེགས་ཅན་དག་དང་། ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀུན། ། མནན་པར་འགྱུར་ཏེ་ཐེ་ཚོམ་མེད། ། ཅེས་གསུངས་སོ། ། དེ་ལ་འདི་ནི་གཞན་གྱི་དཔུང་མནན་ པ་བསྒྲུབ་པའི་ཐབས་སོ། །
BO
ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། ། ཉི་མའི་དཀྱིལ་འཁོར་དབུས་གནས་པར། ། གཞན་གྱིས་མི་ཐུབ་ཁྲོ་བོ་ཆེ། ། པདྨ་དམར་སེར་མདོག་འདྲ་བ། ། ཤིན་ཏུ་ཆེ་ཞིང་བརྗིད་པ་བསྒོམ། ། ཕ་རོལ་དམག་དཔུང་འོག་དག་ཏུ། ། རླུང་དང་ མཚོ་དང་ས་སྐྱེད་ལ། ། དེ་ལ་གནས་པའི་དཔུང་རྣམས་ཀྱིས། ། སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམ། ། དེ་སྟེང་རྡོ་རྗེ་རྒྱ་གྲམ་གྱི། ། སྟེང་དུ་རི་རབ་རྣམ་པར་བསྒོམ། ། དེ་ཡི་སྟེང་དུ་མནན་བསམས་ན། ། སངས་རྒྱས་དཔུང་ཡང་གནོན་པར་ནུས། ། མི་རྒྱལ་དཔུང་ ལ་སྨོས་ཅི་དགོས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་དགྲའི་དཔུང་རྨོངས་པར་བྱ་བ་བསྒྲུབ་པའི་ཐབས་སོ། ། དགྲ་འམ་དཔུང་གི་གཟུགས་བརྙན་དག ། བསམས་སམ་གཟུགས་སུ་བྱས་ནས་ནི། ། རྡོ་རྗེ་ཕུར་བུ་ཚད་ལྡན་ལ། ། ཧཱུྃ་ལས་ཁྲོ་བོའི་སྐུར་བསྐྱེད་ནས། ། རང་གི་རིག་སྔགས་རབ་བཟླས་ཏེ། ། སྙིང་གར་བཏབ་པར་རབ་བསྒོམས་ནས། ། ཁྲོས་པས་བྱས་ན་སངས་རྒྱས་ཀྱི། ། དཔུང་ཡང་མྱོས་པར་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཆུ་ལ་འབྱིང་བ་མེད་པ་བསྒྲུབ་པའི་ཐབས་སོ། ། ནམ་མཁའ་དབྱིངས་ ཀྱི་དབུས་སུ་ནི། ། སྔགས་ཀྱི་བདག་པོ་རབ་ཏུ་བསྒོམ། ། ཆུ་ཡི་སྟེང་ནི་ཐམས་ཅད་དུ། །
BO
སངས་རྒྱས་དག་གིས་གཏམས་པར་བསྒོམ། ། སྟེང་ནས་དལ་གྱིས་བཅག་པར་བསམ། ། སངས་རྒྱས་དག་ནི་ཐམས་ཅད་ཀྱི། ། སྤྱི་བོའི་སྟེང་དུ་རྐང་པ་བསྒོམ། ། དེ་ལྟར་ རབ་ཏུ་གོམས་པ་དང་། ། ས་ལ་འགྲོ་བཞིན་ནུས་པར་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཐོགས་མེད་རླུང་གི་དངོས་གྲུབ་བསྒྲུབ་པའི་ཐབས་སོ། ། ནམ་མཁར་རྡོ་རྗེ་དབུས་སུ་ནི། ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ། ལྷ་ཡི་རྣལ་ འབྱོར་བསྒོམ་པར་བྱ། ། འོག་གི་ཕྱོགས་སུ་ཡྃ་ལས་ནི། ། རླུང་གིས་རབ་ཏུ་བཏེག་པར་བསྒོམ། ། དེ་ལྟར་རབ་ཏུ་བསྒོམ་བྱས་ན། ། མཁའ་ལ་བྱ་བཞིན་འགྲོ་བར་ནུས། ། ཞིང་ཁམས་ཀུན་དུ་བགྲོད་པར་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཉི་མ་གསལ་བ་ ཞེས་བྱ་བའི་དངོས་གྲུབ་བསྒྲུབ་པའི་ཐབས་སོ། ། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། ། སྙིང་གར་ཉི་མའི་དཀྱིལ་འཁོར་བསམ། ། དེ་ལས་འོད་དུ་འཕྲོས་པ་ལས། ། མུན་པའི་གནས་རྣམས་བསལ་བར་ངེས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རླུང་བཅད་པ་བསྒྲུབ་པའི་ ཐབས་སོ། ། བདག་ཉིད་རླུང་གི་ཕྱོགས་སོང་ལ། ། སྟེགས་བུ་གྲུ་བཞི་ལྷམ་པར་བྱ། ། སྤོས་ཀྱི་ཐིག་ལེ་བདུན་བྱས་ཏེ། ། ཡྃ་ལས་རླུང་བདུན་བསྐྱེད་པར་བྱ། །
BO
རླུང་ལྷ་དགུག་པ་བྱས་ནས་སུ། ། ཁམ་ཕོར་གྱིས་ནི་དགབ་བྱས་ཏེ། ། དེ་སྟེང་ལྃ་ལས་རི་རབ་བསྒོམ། ། རི་རབ་རྩེ་ལ་ཁྲོ་བོ་ནི། ། འབར་བ་དག་གིས་མནན་པར་བསྒོམ། ། དེས་ནི་འཇིག་པའི་རླུང་རྣམས་ཀྱང་། ། བཅིངས་པར་འགྱུར་བར་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཆར་པ་དབབ་པའི་ཐབས་སོ། ། ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། ། པདྨ་འདབ་མ་བརྒྱད་པ་བསྒོམ། ། དབུས་སུ་ཁྲོ་བོ་སྟོབས་པོ་ཆེ། ། འདབ་མ་ལ་ནི་ཀླུ་བརྒྱད་པོ། ། བསྒོམས་སམ་ཡང་ན་བྲིས་ཀྱང་རུང་། ། ཁྲོ་བོའི་ཞབས་ཀྱི་མཐིལ་གྱིས་ནི། ། ཀླུ་རྣམས་རབ་ཏུ་མནན་ནས་སུ། ། ཧཱུྃ་གཉིས་བར་དུ་ཀླུ་རྣམས་ཀྱི། ། སྙིང་པོ་སྤེལ་ ཅིང་གཟིར་ནས་སུ། ། ཀླུ་རྣམས་གནས་པའི་ས་ཕྱོགས་སུ། ། ཧཱུྃ་ཞེས་བྱ་བ་བཟླས་བརྗོད་བྱ། ། ཁྲོ་བོས་མནན་པའི་ཀླུ་རྣམས་ཀྱི། ། ཁ་ནས་ཆར་པ་སྐྱུགས་བསམས་ན། ། འཇིག་དུས་ལྟ་བུའི་ཆར་པའང་འབབ། ། ཅེས་གསུངས་སོ། ། དེ་ལ་འདི་ནི་ཆར་པ་དང་ སེར་བ་གཅད་པའི་ཐབས་སོ། ། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། ། ཉི་མའི་དཀྱིལ་འཁོར་དབུས་གནས་པར། ། རྟ་མཆོག་དཔལ་ནི་རྣམ་པར་བསམ། ། ཉི་མའི་མདོག་འདྲ་འོད་བཟང་ཞལ། ། ནམ་མཁའ་ཁྱབ་པར་རྣམ་པར་གདངས། །
BO
ལྕེ་ཡི་སྟེང་དུ་ཧཱུྃ་ བཞག་སྟེ། ། མེ་རི་འོད་དང་བཅས་པ་ཡིས། ། ཆར་ཆུས་གང་བའི་སྤྲིན་རྣམས་ཀུན། ། བསྐམ་ཞིང་ལྕེ་ཡིས་བླངས་བསམས་ན། ། སྐམ་པར་འགྱུར་བར་གདོན་མི་ཟ། ། ཡང་ན་ལྕེ་སྟེངས་དེ་ཉིད་དུ། ། ཡྃ་ལས་རླུང་དུ་བསྒོམས་ནས་ནི། ། བུས་པས་སྤྲིན་རྣམས་ གཏོར་བར་འགྱུར། ། ཡང་ན་རལ་གྲིའི་ཕྱག་རྒྱ་ཡིས། ། ཆར་སྤྲིན་དང་ནི་ཀླུ་ཡི་གཟུགས། ། བཅད་ཅིང་དུམ་བུར་གཏུབས་བསམས་ཏེ། ། ཧཱུྃ་ཞེས་བྱ་བའི་སྡིགས་མཛུབ་ཀྱིས། ། བསྡུས་ཏེ་རང་རིག་སྔགས་བཟླས་ན། ། འཇིག་པའི་ཆར་ཆེ་དེ་རྣམས་ཀྱང་། ། སྐད་ཅིག་ ན་ནི་མེད་པར་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་བགེགས་བསལ་བའི་ཐབས་སོ། ། ནམ་མཁའི་དབུས་སུ་ཉི་མ་ཡི། ། དབུས་སུ་ཁྲོ་བོ་རྣམ་བསྒོམ་པ། ། མི་གཡོ་མགོན་པོའི་ཕྱག་རྒྱ་ཆེ། ། རིག་པ་མང་པོས་བསྐོར་བའོ། ། རང་རིག་སྔགས་དང་ སྟངས་ཚུལ་གྱིས། ། ཧཱུྃ་དང་ཕཊ་ཅེས་རྣམ་བསྒྲགས་ན། ། ཁམས་གསུམ་དྲེགས་པ་ཐམས་ཅད་ཀྱང་། ། རྡུལ་ཕྲན་བཞིན་དུ་རླག་པར་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཆོམ་རྐུན་བཅིང་བའི་ཐབས་སོ། ། རྐང་རྗེས་ས་དང་ཁྱི་ཁྲག་ལས། ། མཚན་ མ་མིང་དུ་བཅས་པར་བྱ། ། མི་ཡི་རུས་པའི་ཕུར་བུ་ལ། །
BO
འོད་ཟེར་ཅན་གྱི་སྔགས་བཟླས་པས། ། ལན་གྲངས་ཉི་ཤུར་བསྔགས་ནས་ནི། ། མིག་གཉིས་སུ་ནི་གདབ་པར་བྱ། ། གཟུགས་བརྙན་ཚོགས་ལ་ཕུལ་ནས་ནི། ། རྡོ་རྗེ་གཏུན་ཤིང་དག་གིས་བརྡུང་། ། ཨོཾ་སུམ་བྷ་བཛྲ་མུ་ས་ལེ་ན་ཙུརྞཱ་ཡ་ན་ར་བིགྷྣན་ཧཱུྃ་ཕཊ། ལས་འདི་བརྩམ་པ་བྱས་ན་ནི། ། མི་རྒོད་བཟློག་པར་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་མེ་བསད་པའི་ཐབས་སོ། ། མེ་ནི་མཆེད་པའི་ས་ཕྱོགས་སུ། ། མཁའ་ལྡིང་རྒྱལ་པོ་བྱ་ཁྱུང་ནི། ། སྟང་ ཟིལ་ལྟ་བུའི་ཁ་དོག་ལ། ། སྦྲུལ་ནག་སྟོང་གིས་རབ་བརྒྱན་པའི། ། གཤོག་པ་མཁའ་ལ་གདེངས་པ་བསྒོམ། ། ཀླུ་རྣམས་དང་ནི་སྤྲིན་དག་ལ། ། རྡོ་རྗེ་ཚིག་ཏུ་བསྒོ་བ་ནི། ། ཆར་ཆེན་ཕོབ་ལ་མེ་སོད་ཅེས། ། ཐོས་ནས་སྤྲིན་ཚོགས་བུམ་པ་ ཡི། ། ཆར་གྱིས་མེ་ཡང་གསོད་པར་འགྱུར། ། གཤོག་པས་མེ་ཉིད་བཀབ་ནས་སུ། ། མཆུས་བརྐོས་ཆུས་ནི་མཚམས་བཅད་ན། ། བསྐལ་པའི་མེས་ཀྱང་འཚིག་མི་ནུས། ། ཨོཾ་བཛྲ་ན་ར་ཡ་ཎ། ནི་རྦ་བ་ཡ་ཏི་ན་བྃ་བུ་མེ་གྷེ་ཧཱུྃ་ཞེས་གསུངས་སོ། ། དེ་ལ་འདི་ནི་ཐོག་ བཟློག་པའི་ཐབས་སོ། ། ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། ། བདེ་བ་ཆེན་པོ་ཞེས་བྱ་བ། ། ཞལ་གསུམ་ཕྱག་བཞིར་རྣམ་པར་གནས། །
BO
སྟོན་ཀའི་ཟླ་བའི་མདོག་འདྲ་བ། ། སྙེམས་མ་དང་ནི་བྱམས་མ་དང་། ། ཆུ་སྲིན་རྒྱལ་མཚན་ཞེས་བྱ་བ། ། མེ་ཏོག་ རོལ་པ་ཞེས་བྱ་ཡི། ། ལྷ་མོ་བཞི་ཡིས་རྣམ་པར་བསྐོར། ། གཡས་པའི་ཕྱག་གིས་རྡོ་རྗེ་གསོར། ། གཡོན་པའི་དྲིལ་བུ་དཀུར་བརྟེན་པ། ། ཕྱག་གཉིས་མདའ་གཞུ་འགེངས་པ་སྟེ། ། སྐུ་ལས་སེམས་དཔའ་འབྱུང་བའི་སྤྲིན། ། ཐོར་ཚུགས་གསལ་བ་རྣམ་པར་བསྒོམ། ། ནམ་མཁའ་ལས་ནི་བབས་པ་ཡི། ། ཐོག་ནི་རང་རིག་སྔགས་ཀྱིས་བཟློག ། ཨྃ་མ་ཧཱ་སུ་ཁ་བཛྲ་ཆེ་གེ་མོ་ཛ། ཨོྃ་སུ་ར་ཏ་བནྡྷ་ཧཱུྃ་ཕཊ་ཅེས་གསུངས་སོ། ། དེ་ལ་འདི་ནི་གཞན་གྱི་ལྕེ་གནོན་པའི་ཐབས་སོ། ། མར་གྱི་ཚེས་བརྒྱད་བཅུ་བཞི་ལ། ། དུར་ཁྲོད་སོལ་བ་བླངས་ ནས་སུ། ། སྔགས་ཀྱི་བདག་པོར་བསྒོམས་ནས་སུ། ། དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། ། མི་སྙན་སྨྲ་བའམ་ཤགས་རྒོལ་བའི། ། ལྕེ་ཡི་གཟུགས་སུ་བྲིས་པ་ཡི། ། སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ། ། རྡོ་རྗེ་རྒྱ་གྲམ་བསྒོམས་པ་ཡི། ། དབུས་སུ་རི་རབ་བསྐྱེད་ པར་བྱ། ། དེ་སྟེང་བདག་གིས་མནན་བསམས་ན། ། ཚིག་དབང་ལྷ་ཡང་དབང་འགྱུར་ན། ། ཤགས་ལ་སོགས་པ་སྨོས་ཅི་དགོས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་པྲ་དབབ་པ་བསྒྲུབ་པའི་ཐབས་སོ། །
BO
ལོ་གྲངས་བཅུ་གཉིས་ལོན་པ་ཡི། ། ཁྱེའུ་བུ་མོ་གང་ཡང་རུང་། ། མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། ། དབབ་པའི་སྣོད་དུ་རབ་ཏུ་བརྟག ། ཏིང་འཛིན་རྩལ་དང་ལྡན་པས་བྱ། ། གཞན་གྱིས་བྱས་ན་དཔྱས་པར་འགྱུར། ། དང་པོར་ཕྱི་ནང་ཁྲུས་བྱས་ཏེ། ། སྡིག་པ་སྦྱང་ཕྱིར་འདུལ་ཁྲིམས་དབོག ། འོད་ཀྱི་འཕྲོ་འདུས་བྱིན་གྱིས་བརླབ། ། རྒྱན་གྱི་ཁྱད་པར་རྣམས་ཀྱིས་བརྒྱན། ། སྙིང་གར་ཧཱུྃ་ནི་བསྒོམ་པར་བྱ། ། སྤྱི་བོ་གཙུག་ཏུ་ཧ་བསྒོམ་མོ། ། ཨ་ནི་ཁ་རུ་དེ་བཞིན་ཏེ། ། དེ་ནས་མདུན་གྱི་ནམ་མཁའ་ལ། ། འཕགས་པ་ཀུན་མཁྱེན་སྤྱན་དྲངས་ཏེ། ། དེ་ལས་འོད་ཟེར་བསྐུལ་ཞིང་དབབ། ། ངྷ་ནི་བསྐུལ་ བའི་སྔགས་ཚིག་སྟེ། ། གང་དབབ་ཛྷཽ་ཡིས་བསྐུལ་བར་བྱ། ། བྱིས་པའི་ལུས་ལ་ཐིམ་པར་བསམ། ། བྱིས་པའི་ཙིཏྟ་གཞལ་མེད་ཁང་། ། དབབ་པའི་ལྷ་ཉིད་བཞུགས་བསམས་ཏེ། ། ལག་རྒྱ་རྡོ་རྗེ་ཐལ་མོ་ལས། ། སོར་མོ་ཕྱིར་བསྣོལ་ཁ་སྦུབ་ལ། ། མཐེབ་གཉིས་སོ་སོའི་ མཐིལ་བཀུག་པའོ། ། རྡོ་རྗེ་ཚིག་ཏུ་བཟླས་པའི་སྔགས། ། ཆེ་གེ་མོ་ཞིག་ཨ་ཨ་ཞེས། ། བརྗོད་ཅིང་རབ་ཏུ་བསྐུལ་བྱས་ན། ། འགུལ་བ་དང་ནི་གཡོ་བར་འགྱུར། ། ཁྲུ་གང་ཙམ་ནས་ལྔ་ཡི་བར། །
BO
འཇིགས་སྐྲག་ནས་ནི་འཕར་བར་འགྱུར། ། སྙིང་ལ་གནས་པའི་ ལྷ་དེས་ནི། ། སྨྲ་གསུང་ཀུན་དང་ལྡན་པ་སྟེ། ། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། ཅི་འདོད་གཏམ་ནི་སྨྲ་བར་འགྱུར། ། རྟོག་པ་ཐམས་ཅད་བྲལ་བ་ཡི། ། རྡོ་རྗེ་སེམས་དཔའ་ཆེན་པོ་ཡང་། ། ཆོ་ག་འདི་ཡིས་འབབ་འགྱུར་ན། ། འཇིག་རྟེན་པ་ལྟ་སྨོས་ཅི་དགོས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་དུག་གཏང་བའི་ཐབས་སོ། ། སྦྲུལ་ནི་མི་སྡུག་གདུག་ཅིང་ཁྲོ། ། འཇིགས་བྱེད་ནག་པོ་རབ་ཏུ་འབར། ། དུག་གི་ལྕེ་གཉིས་མཆེ་བ་ཅན། ། སོལ་བ་རྡོ་རྒྱུས་དག་གིས་བྲི། ། བསྐུལ་བའི་ཡི་གེ་སྙིང་པོ་འདི། ། སྦྲུལ་གྱི་ཁོང་པར་རབ་ ཏུ་བསམ། ། ཁཾ་ཁ་དེ་ནང་མི་ཟད་དུག ། འཇིགས་པར་བདེ་བ་རབ་བསྒོམས་ན། ། སྦྲུལ་དེ་རབ་ཏུ་འགུལ་བར་འགྱུར། ། དེ་ནས་ཟོས་ཤིག་ཅེས་བསྐུལ་ཏེ། ། མཚན་མ་ནས་ནི་ཞུགས་ནས་ནི། ། ཁོང་དུ་སོང་སྟེ་ཟོས་བསམས་ན། ། དུག་གིས་གཟུང་བར་ གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་དུག་དབྱུང་བའི་ཐབས་སོ། ། ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ། སྤྱན་རས་གཟིགས་ནི་བསྒོམ་པར་བྱ། ། ཁ་དོག་དཀར་པོ་ཧྲི་སྤྲོས་ཏེ། །
BO
དུག་ཅན་ ཁོང་དུ་ཞུགས་པ་ཡིས། ། དུག་རྣམས་ཧྲི་ལ་འདུས་ནས་ནི། ། ཧཱུྃ་གིས་ཁོང་ནས་ཕྱིར་ཕྱུང་དང་། ། ཕཊ་ཀྱིས་བར་སྣང་ཁམས་སུ་གཏོར། ། ཡང་ན་གཞན་གྱི་ཁོང་དུ་སྤོ། ། དེས་ནི་དེ་མ་ཐག་ཏུ་ཡང་། ། དུག་རྣམས་དབྱུང་བར་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ ལ་འདི་ནི་དུག་སྤོ་བའི་ཐབས་སོ། ། དུག་ཅན་སྙིང་གར་ཨོྃ་དཀར་ལས། ། འོད་ཟེར་དཀར་པོས་དུག་བསྡུས་པས། ། ཨོྃ་ཉིད་ནག་པོར་སྣང་བྱུང་ནས། ། གཞན་གྱི་ལྕེ་འམ་མཚན་མ་འམ། ། ཁོང་དུ་ཞུགས་པར་རབ་བསྒོམས་ན། ། འཕོ་བ་རྟག་ཏུ་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཉེ་བའི་དུག་གསོ་བའི་ཐབས་སོ། ། མཛེ་འབྲས་ཤུ་བ་ཕོལ་མིག་དང་། ། འབྲུམ་བུ་ལ་སོགས་ནད་རྣམས་ཀུན། ། ཨ་དཀར་དག་གི་འཕྲོ་འདུ་ཡིས། ། གོང་མ་བཞིན་དུ་དབྱུང་བར་བྱ། ། སྤོ་བ་ཡང་ནི་དེ་བཞིན་ནོ། ། དེ་ནི་ཁམས་ལས་ གྱུར་པ་ཡི། ། ནད་རྣམས་ཐམས་ཅད་ངེས་པར་སེལ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་བཀྲེས་སྐོམ་ཞི་བ་སྒྲུབ་པའི་ཐབས་སོ། ། བཀྲེས་སྐོམ་ཅན་གྱི་ཉོན་མོངས་པའམ། ། ཡང་ན་བསྒྲུབ་པའམ་གང་ཡང་རུང་། ། སྦྱོར་བ་འདི་ནི་བརྩམ་པར་བྱ། ། རྣམ་པར་སྣང་ མཛད་གཟུགས་ཆེན་པོ། །
BO
ནམ་མཁའི་དབུས་སུ་བསྒོམ་པར་བྱ། ། བ་ནི་ཁ་ཡི་ནང་དུ་བསྒོམ། ། ཨོྃ་ནི་ལྕེ་ལ་རྣམ་བསམས་ཏེ། ། ཡིད་བཞིན་བདུད་རྩི་ལྟ་བུ་ཡི། ། བཟའ་བའི་གནས་སུ་དེ་ཉིད་བསམ། ། དེས་ནི་བཀྲེས་སྐོམ་སྡུག་བསྔལ་སེལ། ། ཞེས་གསུངས་ སོ། ། དེ་ལ་འདི་ནི་རྣམ་པར་དག་པ་བསྒྲུབ་པའི་ཐབས་སོ། ། ཨོྃ་ནི་མིག་ལ་རབ་བསམས་ཏེ། ། ཡུལ་ཀུན་རྣམ་སྣང་མཛད་དུ་བསྒོམ། ། དེ་ལྟར་རྟག་ཏུ་གོམས་པ་དང་། ། ཆོས་ཀུན་སྐུ་གསུང་རྡོ་རྗེ་མཐོང་། ། དེ་ཉིད་རྣམ་དག་སྤྱན་དུ་གྲགས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་རྣམས་ཟིལ་གྱིས་གནོན་ཅིང་ཚིག་ཉན་པ་བསྒྲུབ་པའི་ཐབས་སོ། ། ནམ་མཁའ་རྡོ་རྗེའི་དབུས་སུ་ནི། ། ཉི་མའི་དཀྱིལ་འཁོར་དབུས་གནས་པར། ། ཁམས་གསུམ་རྣམ་པར་རྒྱལ་བ་བསམ། ། བྷི་ཞེས་བྱ་བའི་སྙིང་པོ་ ཡིས། ། མཐུ་ཆེན་རྣམས་ནི་དྲངས་ནས་སུ། ། བསྡིགས་པ་དག་ཀྱང་བྱས་ནས་ནི། ། ཟིལ་གྱིས་གནོན་ཅིང་ཉན་པར་འགྱུར། ། ཞེས་གསུངས་སོ། དེ་ལ་འདི་ནི་ལྷ་མོ་ཙུན་དྷ་བསྒྲུབ་པའི་ཐབས་སོ། ། སྔགས་ཀྱི་བདག་པོར་བདག་གནས་པའི། ། སྙིང་གར་ཉི་མའི་ དཀྱིལ་འཁོར་ལ། ། ཙྃ་ཞེས་བྱ་བའི་འཕྲོ་འདུ་ལས། །
BO
བདག་ཉིད་ཙུན་དྷའི་གཟུགས་སུ་བསྒྱུར། ། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། ། ཁ་དོག་དཀར་པོ་རབ་ཏུ་བསྒོམ། ། འདི་ནི་ཆོས་དབྱིངས་བསྒྲུབ་པ་སྟེ། ། བུད་མེད་ཐམས་ཅད་འགྲུབ་པར་འགྱུར། ། ཞེས་བཤད་དོ། ། དེ་ལ་འདི་ནི་ཛྃ་བྷ་ལ་ནོར་བསྒྲུབ་པའི་ཐབས་སོ། ། ནམ་མཁའི་དཀྱིལ་འཁོར་དབུས་སུ་ནི། ། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། ། སྙིང་གར་ཛྃ་གྱི་འཕྲོ་འདུ་ལས། ། ཛྃ་བྷ་ལ་ཡི་གཟུགས་དག་གིས། ། བར་སྣང་ཁམས་ཀུན་གང་བ་ནི། ། མདོག་སྔོན་ཐོར་ཚུགས་ཀྱིས་བརྒྱན་པ། ། གསུས་པོ་ཆེ་ལ་མི་ཐུང་གཟུགས། ། ཡིད་བཞིན་ནོར་བུ་ཐོགས་པ་ཡིས། ། དབུལ་བ་ཐམས་ཅད་སེལ་བར་བསམ། ། འདོད་པ་ལ་ནི་དེ་དག་དབ་བ། ། དེས་ནི་དབུལ་བ་སེལ་བར་བྱེད། ། ནོར་དང་གཏེར་གྱི་བདག་པོར་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་ཨཉྫ་ན་བསྒྲུབ་པའི་ཐབས་སོ། ། ཤིང་གཅིག་དྲུང་ངམ་བཞི་མདོ་འམ། ། མ་མོའི་གནས་སམ་ཞི་གནས་སུ། ། རྡོ་རྗེ་ཨཉྫ་བསྒྲུབ་པར་བྱ། ། པདྨ་བན་དྷ་ཁ་སྦྱར་དུ། ། ཚིལ་ཆེན་བཤང་གཅི་ཁུ་བ་དང་། ། མ་ཧཱ་ར་ཀྟ་ལས་ བྱུང་བའི། ། དུ་བ་བན་དྷར་ཆགས་པ་དང་། ། བཤང་གཅི་རཀྟས་སྦྲུས་ནས་ནི། ། རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །
BO
གསུམ་དུ་བྱས་ན་དེ་ཉིད་ལ། ། རང་གི་གསང་སྔགས་བརྒྱ་རྩ་བརྒྱད། ། ཉི་ཤུ་དགུ་ཡི་ནམ་ཕྱེད་ན། ། བཏབ་ན་དངོས་གྲུབ་གྲུབ་འགྱུར་ ཏེ། ། མིག་ལ་བསྐུས་ན་ཅི་ཡང་མཐོང་། ། མི་སྣང་བ་དང་རྐང་མགྱོགས་དང་། ། དེ་ལ་སོགས་པའི་དངོས་གྲུབ་རྣམས། ། ཐོབ་པར་འགྱུར་ཏེ་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་རོ་ལངས་བསྒྲུབ་པའི་ཐབས་སོ། ། ནམ་མཁའི་ དབྱིངས་ཀྱི་དབུས་སུ་ནི། ། ཉི་མའི་དཀྱིལ་འཁོར་དབུས་གནས་པར། ། བདུད་རྩི་འཁྱིལ་པ་རྣམ་པར་བསྒོམ། ། དུར་ཁྲོད་རི་བྲག་གཉན་པའི་སར། ། རོ་ཡི་རྫས་བཙལ་དེ་ནས་ཀྱང་། ། རོ་ཡི་གཉེན་པོར་བདག་བསམས་ཏེ། ། དེ་ཡི་སྟེང་དུ་བདག་གནས་ལ། ། དེ་ལ་དཀྱིལ་འཁོར་ཚང་བར་བསྒོམ། ། དེ་སྔགས་རྒྱུན་དུ་བཟླས་བྱ་ཞིང་། ། དགུག་པའི་ཕོ་ཉ་དྲག་ཏུ་བསྐུལ། ། མདོག་མདངས་བཀྲག་སྣུམ་བྱུང་བ་དང་། ། བདུད་རྩི་ཡིས་ནི་བསྐུ་བར་བྱ། ། དེ་ནས་འགུལ་བར་གྱུར་པ་དང་། ། ཕྱག་རྒྱ་བཞི་ཡིས་གཞུམ་པར་ བྱ། ། སྔགས་ཀྱི་འཕྲོ་འདུ་རྒྱུན་མི་གཅད། ། དེ་ནས་རབ་ཏུ་འཕར་བ་དང་། ། འགྲོ་བ་རིས་དྲུག་གང་ཡིན་པ། ། རྡོ་རྗེ་དྲག་ཏུ་གདབ་པར་བྱ། ། རྡོ་རྗེ་སོ་ཡིས་གཅད་བྱ་ཞིང་། །
BO
སྔགས་ཟློས་ཁོང་དུ་བསྟིམ་པར་བྱ། ། དེ་ནས་ལངས་པར་གྱུར་པ་དང་། ། རྡོ་རྗེ་བྱིན་ ནས་དབང་ཡང་བསྐུར། ། བདུད་རྩིའི་ཆུ་ཡང་བླུད་པར་བྱ། ། ལས་རྣམས་གང་འདོད་བྱེད་དུ་གཞུག ། ཡང་ན་གསེར་རམ་གོས་མཚོན་ནམ། ། རྐང་མགྱོགས་ལ་སོགས་དངོས་གྲུབ་རྣམས། ། ཇི་ལྟར་འདོད་པ་རྐྱེན་གྱིས་བསྒྱུར། ། གང་འདོད་པ་དེ་ གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་སྒྱུ་མ་བསྒྲུབ་པའི་ཐབས་སོ། ། བདག་ཉིད་ལྷ་ཡི་རྣལ་འབྱོར་གྱིས། ། རྡེའུ་ཤིང་བུ་ཡི་རྒྱུ་དག་ལས། ། ཇི་ལྟར་འདོད་པའི་གཟུགས་བྱས་ཏེ། ། ཤེའུ་རེ་སྨན་གྱིས་བྱུགས་ནས་ནི། ། རྡོ་རྗེ་སྔགས་ ཀྱིས་ཚིག་འདི་བཟླས། ། ཤེའུ་རེའུ་ཨི་ན་ཡ། ། ཨ་མོ་ཀ་ཨ་གྷུས་ས་གྷུས། ། ཤིང་བུ་དག་གིས་གདབ་བྱ་ཞིང་། ། ཇི་ལྟར་འདོད་པའི་གཟུགས་སུ་འགྱུར། ། དེས་ནི་སྣ་ཚོགས་གཟུགས་སུ་འགྱུར། ། བསྡུ་བར་འདོད་ན་སླར་ལ་བཟློག ། དེ་ཡང་བཀྲི་དྲང་ ཐབས་སུ་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རོ་བསྲེག་པའི་བསྒྲུབ་ཐབས་སོ། ། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། ། བདག་ཉིད་འཇིགས་བྱེད་སྐུར་བསྒོམས་ཏེ། ། རོ་ལ་སྔགས་ཀྱིས་བཏབ་ནས་ནི། ། དྲི་ཞིམ་ཆུ་ཡིས་བྱུག་པར་བྱ། །
BO
ཞུན་ ཆེན་ཁུ་བར་བཙོས་པ་ཡི། ། རས་ཀྱིས་ཀྱང་ནི་དཀྲི་བར་བྱ། ། དབང་པོ་རྣམས་ཀྱི་གནས་དག་ཏུ། ། ལྷ་ཡི་ཕྱག་རྒྱ་དགོད་པར་བྱ། ། གནས་དེར་སྡོང་བུ་རེ་རེ་ལ། ། ལྷ་རྣམས་སྙིང་པོ་བྲིས་པ་གདགས། ། རོ་ཡི་ཕྱི་རོལ་ཤུན་པ་ལ། ། འགྲོ་དྲུག་ས་བོན་བཀོད་ ནས་ནི། ། རིམ་གྱིས་སྦྱང་བའི་ལས་སུ་བྱ། ། ཐབ་ཁུང་དཀྱིལ་གང་ཡིན་པ་ཡི། ། ཕྱག་རྒྱ་གཞུང་དང་མཐུན་པར་དགོད། ། དེ་སྟེངས་ཤིང་བརྩིགས་གྲུ་བཞི་ལ། ། ཀ་བ་ཟུར་བཞི་སུམ་བརྩེགས་ཀྱི། ། བར་ཁང་ཡང་ཐོག་བཅས་པར་བྱ། ། བར་ཁང་རོ་གཞག་ ཤར་དུ་བསྟན། ། ཡང་སྟེངས་རས་སམ་ཤོག་ཤོག་ལ། ། བྲིས་པའི་ཕྱག་རྒྱ་ཚང་བར་དགོད། ། བར་ཁང་གློ་སྐར་ཕྱོགས་བཞི་ནས། ། གཟུངས་ཐག་ཕྱོགས་བཞིར་བླ་མར་དབུལ། ། དེ་མཐར་འཁོར་གྱི་ལྷ་རྣམས་དགོད། ། དེ་ནས་རྡོ་རྗེ་རྒྱལ་པོ་ཡིས། ། མེ་ ཡི་འཕྲོ་འདུ་རྒྱུན་མི་གཅད། ། རྡོ་རྗེ་ལས་ཀྱི་ཀར་མ་ཡིས། ། ལས་ཀྱི་ཕྲེང་བ་རྫོགས་པར་རོལ། ། རྡོ་རྗེ་བླ་མ་གཅིག་གིས་ནི། ། རོ་ཡི་ཉེས་པ་བགྲང་ཞིང་བཤགས། ། རྡོ་རྗེ་སྐབས་སྦྱོར་ཆེན་པོ་ཡི། ། རྡོ་རྗེ་མཆོད་པ་སྐབས་སུ་དབུལ། ། བཀྲ་ཤིས་གནས་ཀྱི་ སྨོན་ལམ་ནི། ། སྐབས་སམ་མཇུག་ཏུ་གདབ་པར་བྱ། །
BO
རྡོ་རྗེ་གྲངས་ཀྱི་ཏིང་འཛིན་གྱིས། ། གྲངས་གཟུང་དཀར་བྱང་བླ་མ་དབུལ། ། སྡིག་པའི་གནག་བྱང་གཤེགས་ཤིང་བསྲེག ། མེ་ལྷ་སྤྱན་དྲང་མཆོད་པ་བྱ། ། བསྟོད་པ་དག་ཀྱང་ལེགས་པར་བྱ། ། རོ་ཡི་ སྒྲིབ་པ་འབྱོངས་མ་འབྱོངས། ། མེ་ལ་ལྟས་སུ་བལྟ་བར་བྱ། ། མཚན་མ་མི་སྡུག་བྱུང་བ་ན། ། བསྲེག་སྦྱང་ཆོ་ག་རྒྱ་ཆེར་བྱ། ། དེ་ནི་ཚོགས་རྣམས་རྫོགས་པར་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་ཐལ་ཆེན་བསྒྲུབ་པའི་ཐབས་སོ། ། དེ་ལ་ཐལ་བ་ཐམས་ ཅད་ཀུན། ། གུ་གུལ་ནག་པོ་དང་སྦྱར་བ། ། རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། ། རྡོ་རྗེ་འཇོམས་པའི་ཕྱག་རྒྱ་དང་། ། རྡོ་རྗེ་དྲག་པོའི་སྔགས་བཏབ་ན། ། བར་དུ་གཅོད་པའི་གཉེན་པོར་འགྱུར། ། ཞེས་གསུངས་སོ། ། དེ་ལ་འདི་ནི་ཕྲིན་ ལས་བཞིའི་སྒྲུབ་ཐབས་སོ། ། ལས་བཞི་སོ་སོའི་ཁྱད་པར་གྱིས། ། རྫས་དང་ཁ་དོག་ཕྱོགས་དང་དབྱིབས། ། ཡམ་ཤིང་བསྲེག་རྫས་ཁྱད་པར་ལས། ། དཀར་དང་དམར་སེར་མཐིང་གནག་ལས། ། ཤར་ལྷོ་ནུབ་བྱང་ཕྱོགས་དག་ཏུ། ། ཟླུམ་པོ་ལེའུ་ཚེ་ པདྨ་ཞི། ། གྲུ་བཞི་ཟུར་བརྒྱད་འཁོར་ལོ་རྒྱས། ། གྲུ་ཆད་གཞུ་དབྱིབས་ཟླ་གམ་དབང་། ། གྲུ་གསུམ་བྷ་ག་མངོན་སྤྱོད་པའོ། །
BO
ཏིང་འཛིན་བྱམས་དང་དང་བས་ཞི། ། སྙིང་རྗེ་དགའ་བས་རྒྱས་པ་སྟེ། ། དགའ་དང་ཆགས་པས་དབང་དུ་འགྱུར། ། བཏང་ སྙོམས་ཁྲོས་པས་དྲག་པོར་འགྱུར། ། སོ་སོའི་ལས་ཀྱི་ལྷ་རྒྱུད་ལ། ། སྔགས་དང་ཕྱག་རྒྱ་ལ་སོགས་དང་། ། གླུ་རྒྱུད་འབྱོར་པས་མཆོད་པར་བྱ། ། ཞལ་དུ་གྱུར་པའི་མེ་བོས་ལ། ། ཁྲོ་བོས་ཡེ་ཤེས་མེ་རུ་སྦྱང་། ། སོ་སོའི་རྒྱུད་དུ་བཤད་བསྟབས་ཏེ། ། ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། ། དམ་རྫས་བདུད་རྩི་འབར་བ་ཡིས། ། སྦྱང་དང་ཐོབ་ཕྱིར་བསྲེག་པར་བྱ། ། ཉོན་མོངས་ལྔ་ཡི་དམ་རྫས་ནི། ། ཡེ་ཤེས་ལྔ་ཡི་ཀློང་དུ་དབུལ། ། ཕུང་པོ་ལྔ་ནི་ཡབ་ལྔ་ལ། ། འབྱུང་བ་ཡུམ་ལྔའི་དབྱིངས་སུ་བསྟིམ། ། ཤེས་པ་བརྒྱད་ནི་མ་བརྒྱད་ལའོ། ། ཡུལ་བརྒྱད་ཕྲ་མེན་བརྒྱད་ལ་བསྟིམ། ། སྐྱེ་བཞེས་བསྡུས་པའི་སྲེག་རྫས་རྣམས། ། རྣམ་ཐར་སྒོ་བཞིའི་ཀློང་དུ་བསྟིམ། ། སྒྲིབ་དང་དངོས་གྲུབ་དོན་རྣམས་ནི། ། མེ་ལ་མཁས་པས་བརྟག་པར་བྱ། ། སོ་སོའི་དབྱིབས་ དང་ཁ་དོག་ལ། ། དབྱིབས་དང་ཁ་དོག་ཤེས་པར་བྱ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྫས་བསྒྲུབ་པའི་ཐབས་གསང་བའོ། ། ཕུན་སུམ་ཚོགས་པ་བཞི་ལྡན་ནས། ། གནས་དང་ས་གཞི་བརྟགས་པར་ནི། །
BO
ས་སྟེགས་ཚོན་གྱིས་བྲི་བར་བྱ། ། དབུས་སུ་ ཐིག་བཞི་ལེའུ་ཚེ་དགུ། ། དེའི་མཐའ་འཁོར་ལོ་རྩིབས་བརྒྱད་བྱ། ། སྒོ་བཞི་སྒོ་ཁྱུད་བཅས་པར་བྲི། ། མཐའ་ཟད་བསྐལ་པའི་མེ་རི་འབར། ། དབུས་སུ་ཟླ་གམ་ཁ་སྤྲོད་བྲི། ། ཕྱོགས་མཚམས་བརྒྱད་དུ་ཁྃ་བརྒྱད་བྲི། ། འཁོར་ལོའི་བར་ཁྱམས་མུ་ཁྱུད་ ལ། ། ནང་དུ་བལྟས་པའི་ཁྃ་བརྒྱད་གསལ། ། རྩིབས་ལ་ནང་དུ་ལྟ་བ་བརྒྱད། ། མུ་ཁྱུད་བརྒྱད་ལ་ཕྱིར་བལྟས་བརྒྱད། ། གྲུ་ཆད་བཞི་ལ་ནང་བལྟས་བཞི། ། སྒོ་བཞིར་ཕྱིར་བལྟ་བྲི་བར་བྱ། ། ཕྱི་རོལ་བར་ཁྱམས་དེ་དག་ལ། ། ཕྱི་ལྟ་ཉི་ཤུ་རྩ་བརྒྱད་ བྲི། ། བསྐལ་པའི་མེ་རི་ཕྱི་ཁྱམས་ལ། ། ཕྱིར་ལྟ་བཅུ་ནི་བྲི་བར་བྱ། ། དེ་ལ་ཕྱག་རྒྱ་རིམ་པར་དགོད། ། རོ་ཡི་ཚོལ་སྟངས་རྣམ་བཞི་ཡིས། ། དུར་ཁྲོད་རྫས་མཆོག་མ་ཉམས་བཅོལ། ། ཡེ་ཤེས་སྤྱན་གྱིས་ལྟ་བ་དང་། ། རྡོ་རྗེ་འགྲོས་ཀྱིས་བཙལ་བ་དང་། ། ཕྱག་རྒྱའི་ཚོགས་ཀྱིས་རོལ་པ་དང་། ། མ་མོའི་ཚོགས་ཀྱིས་འཇོ་ཚུལ་དང་། ། བཙལ་ནས་མཎྜལ་སྒོ་བཞི་ནས། ། བྲོ་ཆེན་བཞི་ཡིས་སྦྱང་བར་བྱ། ། ཤར་དུ་དུག་གསུམ་འཇོམས་པའི་བྲོ། ། ལྷོ་རུ་ཁྲག་འཐུང་རོལ་པའི་བྲོ། ། ནུབ་ཏུ་རྟ་མཆོག་ཞལ་གྱི་ བྲོ། །
BO
བྱང་དུ་གདུལ་སྦྱོང་དྲག་པོའི་བྲོས། ། སྦྱང་བར་བྱ་བ་རབ་ཏུ་གཅེས། ། དེ་ནས་དབུས་སུ་གཞག་བྱ་སྟེ། ། མགོ་བོ་ཤར་དུ་བསྟན་པ་དེའི། ། ཕུང་པོ་བྲུྃ་ལས་གཞལ་མེད་ཁང་། ། དེ་རུ་ཕྱག་རྒྱའི་ཚོགས་མཆོག་བསྒོམ། ། སོ་སོའི་རྫས་ཀྱི་གནས་ རྣམས་ལ། ། རིགས་ཀྱི་ལྷ་རྣམས་རིམ་པར་དགོད། ། བསྙེན་པས་ཕྱིན་ཕེབས་རྟགས་བྱུང་ནས། ། བམ་དེ་བྱང་ཤར་མཚམས་སུ་བསྒྲལ། ། རྡོ་རྗེ་ཐིག་གིས་བཏབ་ནས་ཀྱང་། ། རྫས་རྣམས་སོ་སོའི་སྐོས་སུ་གདབ། ། དེས་མཚོན་རྣམ་ལྔས་བཀྲོ་བར་བྱ། ། འཁོར་ལོའི་སྤྱི་བོ་ཉིད་ནས་བཀྲོ། ། རྡོ་རྗེས་སྙིང་གའི་ཕྱོགས་ནས་བཀྲོ། ། རིན་ཆེན་ཟུར་བརྒྱད་ལྟེ་བ་ནས། ། པདྨས་ཁ་ཡི་ཕྱོགས་ནས་སོ། ། རལ་གྲིས་ཡན་ལག་རྣམས་ནས་བཀྲོ། ། དེ་ནས་ཕྱག་རྒྱའི་གནས་རྣམས་སུ། ། རྫས་རྣམས་{གོ་རིམས་,གོ་རིམ་}བཞིན་དུ་ དགོད། ། དཔལ་དང་ལྡན་པའི་གནོད་དགུ་ལ། ། སྐུ་གསུང་ཐུགས་དང་ལྡན་པར་ནི། ། གསོལ་བའི་འོད་དང་བཅས་པར་དགྲམ། ། རྫས་ཀྱིས་མཛེས་པར་བརྒྱན་པར་བྱ། ། རྨད་དུ་བྱུང་བའི་གཏོར་མ་དགྲམ། ། མཆོད་པའི་དམ་རྫས་ཚང་ བར་བཤམ། ། དེ་ནས་རྣལ་འབྱོར་ཆེན་པོ་ཀུན། ། བདག་ཉིད་ཕྱག་རྒྱར་གནས་པ་དེ། །
BO
བསྐྱེད་པ་ཏིང་འཛིན་ཚུལ་བཞིན་བསྐྱེད། ། རང་བཞིན་རྫོགས་ཆེན་སྤྱན་དྲངས་མཆོད། ། བསྒྲུབ་པ་ཉམས་ལེན་བཟློག་པར་བྱ། ། དངོས་གྲུབ་གསོལ་དང་དབང་བསྐུར་ བྱ། ། དེ་ནས་གཏོར་མ་ཚོ་གསུམ་དུ། ། དང་པོར་བཅད་དེ་སྦྱིན་སྲེག་བྱ། ། བར་མས་མཁའ་འགྲོ་ཚིམ་པར་བྱ། ། ཐ་མ་མི་ཟད་གཏེར་དུ་སྦ། ། ལས་རྣམས་རྫོགས་པར་བྱས་ན་ནི། ། དཔལ་ཆེན་ཉིད་ཀྱང་འགྲུབ་འགྱུར་ན། ། དངོས་གྲུབ་གཞན་ལྟ་སྨོས་ཅི་ དགོས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་མཆོག་ཆེན་པོ་བསྒྲུབ་པའི་ཐབས་སོ། ། དོན་དང་ལྡན་པའི་རྣལ་འབྱོར་པས། ། ས་སྟེངས་ཆག་ཕྱེད་ཚད་དུ་བྱ། ། སུམ་བརྩེགས་བྱས་དབུས་ཟླ་གམ་བརྒྱད། ། ཕྱི་མཐའ་ཐོད་པས་བསྐོར་བ་ལ། ། མེ་དཔུང་འབར་ བས་བསྐོར་བའོ། ། དེ་ཡི་ཕྱི་རིམ་དམར་ཆེན་རྒྱས། ། དབུས་སུ་བན་དྷ་མཚན་ལྡན་ལ། ། ཡབ་ཡུམ་སྙིང་པོ་བྲིས་ལ་བཞག ། ཟླ་གམ་བརྒྱད་ལ་མ་བརྒྱད་བཞག ། མཐིང་གནག་མ་ཐ་མེ་རི་འབར། ། དེ་འོག་ཐོད་ཚར་གསུམ་དུ་བྱ། ། སྒོ་ཁྱམས་དུར་ ཁྲོད་རྫས་ཀྱིས་བརྒྱན། ། སྒོ་རྩེག་སྒོ་ཁྱུད་ཐ་མ་བྲན། ། གནས་མཆོག་རབ་ཏུ་དབེན་པ་ཡི། ། རི་ཡི་རྩེ་འམ་ནགས་ཚལ་ལམ། ། སྡེ་དཔུང་ཕྲ་མོས་མི་ཚུགས་ཤིང་། །
BO
འདུ་འཛི་འགྲོ་འོང་ཆད་པར་ཤིས། ། རྣལ་འབྱོར་གདེང་དང་རབ་ལྡན་ཞིང་། ། བརྗིད་ ཅིང་སྲན་ཚུགས་ཁུ་འཕྲིག་ཆུང་། ། བརྟུལ་ཞུགས་ཆེ་ལ་རྟོག་པ་མེད། ། ལས་ཀྱི་ཕྲེང་བ་ལྷག་ཆད་མེད། ། དྲི་ཞིམ་སྨན་གྱིས་ཕྱི་བཀྲུ་ཞིང་། ། ཤི་ནེ་དྷེ་ཧུས་ནང་ཡང་བཀྲུ། ། ཚད་མར་སྦྱར་བའི་བཀའ་དག་དང་། ། ལྡན་པས་དུས་བཏབ་བཞིན་དུ་བརྩམ། ། རྒྱུ་ཡང་བརྟག་པར་བྱ་བ་ནི། ། མཛེས་ཤིང་བཀྲ་ཤིས་ལྡན་པ་ལ། ། བོང་ཚོད་ལོ་ནི་དར་ལ་བབ། ། རིགས་ལྔའི་མཚན་རྟགས་ཡོད་པ་ཤིས། ། བསྒྲུབ་པའི་རྒྱུ་མཆོག་དེ་ལྟ་བུ། ། དག་པ་གསུམ་གྱིས་གཞུང་བསྲངས་ནས། ། བྱིན་གྱིས་བརླབ་པ་རབ་ཏུ་བྱ། ། དྷ་ཧུ་མ་འདས་དབང་པོ་བསྒྱུར། ། བདུད་རྩི་ལྔ་ཡི་ཐིག་ལེ་ཡིས། ། དབང་པོ་ལྔ་ལ་གདབ་པར་བྱ། ། སྣང་སྲིད་གཏམ་ནི་དྲི་བའམ། ། ལེགས་ཉེས་དྲི་བའི་པྲ་ཡང་དབབ། ། རྣམ་ཤེས་འབྱུང་བའི་སྒོ་རྣམས་སུ། ། སོ་སོའི་རིགས་ཀྱི་ཕྱག་རྒྱས་གདབ། ། ཕྱག་ རྒྱ་བཀོད་དེ་བསྒྲལ་བར་བྱ། ། ཕུང་པོ་གཞལ་ཡས་ཁང་དུ་བྱ། ། ནང་གྲོལ་ཐམས་ཅད་ལྷར་བསྒོམས་ཏེ། ། བསྒྲལ་སྦྱངས་སྦྱར་བ་བྱས་ནས་ནི། ། མཆོད་དང་མཉེས་དང་དམ་སྐོངས་དང་། ། དངོས་གྲུབ་རྣམ་གསུམ་ཐོབ་ནས་བླང་། ། ཞེས་གསུངས་ སོ། །
BO
དེ་ལ་འདི་ནི་མཆོག་ཕྲན་གཙང་མ་བསྒྲུབ་པའི་ཐབས་སོ། ། མཎྜལ་གྲུ་བཞི་ཚད་ལྡན་ལ། ། ཟླ་གམ་སྒོ་གཅིག་རྡོ་རྗེས་བསྐོར། ། མུ་ཁྱུད་སྒོ་བཞི་རབ་ཏུ་བྲི། ། ཁྱུ་མཆོག་དབང་པོ་ཕྱེད་ལྡན་ལ། ། ཕྱི་ནང་ཁྲུས་ཀྱང་དེ་བཞིན་བྱ། ། དབུས་སུ་བཞག་ སྟེ་ཤར་དུ་བསྟན། ། ལྕེ་ལ་གཟུངས་ཐག་སྣ་ལྔས་གདགས། ། མན་ངག་ལུང་ལྡན་ཕྱག་ཏུ་དབུལ། ། ཕྱག་རྒྱ་རྫས་དང་བཅས་པར་དགྲམ། ། དེ་ཡི་ཁོང་དུ་གཞལ་ཡས་སུ། ། ཡེ་ཤེས་སེམས་དཔའ་ཚོན་གང་བའི། ། ཐུགས་ཀར་ནོར་བུ་རིན་ཆེན་ འབར། ། དབུས་སུ་ཉི་མའི་གའུ་ལ། ། དཔལ་བེའུ་ཡུངས་འབྲུའི་སྙིང་པོ་ལ། ། ཏིལ་འབྲུ་ཙམ་གྱི་ཧཱུྃ་དམར་གནས། ། རྡོ་རྗེ་འཕྲོ་འདུ་རྒྱུན་མི་གཅད། ། རྡོ་རྗེ་པྲ་ཡང་དབབ་པར་བྱ། ། དེ་ནས་མཚན་རྟགས་བཟང་བ་དང་། ། དངོས་གྲུབ་བླངས་ཏེ་བསྒྲལ་ བར་བྱ། ། བསྐམས་ཏེ་བདུད་རྩིའི་རྩ་བར་ཤིས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་དྲེགས་པ་ཅན་གནོན་པ་བསྒྲུབ་པའི་ཐབས་སོ། ། ཕུན་སུམ་ཚོགས་པ་བཞི་ལྡན་ནས། ། ཇི་ལྟར་རིགས་པ་འདུས་པ་དང་། ། མཎྜལ་གཞི་གཅིག་སྐྱོང་ནུལ་བྱ། ། ཆག་རམས་བསྟོད་པའི་མཎྜལ་བཞི། ། གྲུ་བཞིར་གཞི་ལས་སྤགས་པར་བྱ། ། དེ་དག་མ་ཏང་གཟུགས་སུ་བྱ། །
BO
སྙིང་ག་མན་ཆད་དབུས་སུ་བསྣོལ། ། མཎྜལ་ཆེན་པོའི་འོག་ཏུ་གཞུག ། དབུས་སུ་འཁོར་ལོའི་ཐིག་བཏབ་ལ། ། དཔལ་ ཆེན་ལྔ་ཡི་ཕྱག་རྒྱ་གཞག ། བར་ཁྱམས་གཉིས་ཀྱིས་མཛེས་པ་ལ། ། གནས་དང་ཡུལ་གྱི་ཕྱག་རྒྱ་དགོད། ། སྒོ་བཞིར་སྒོ་སྲུང་དེ་བཞི་གཞག ། ཡན་ལག་སྤྲུལ་པའི་མགོ་བརྙན་གནས། ། ཕྱི་རོལ་ཁྱམས་ལ་མེ་རིར་བྱ། ། དེ་མཐའ་ཐོད་པ་ཚར་ གསུམ་བལྟམས། ། དེ་ཡི་ཕྱི་རིམ་མེ་བུར་འཚུབ། ། གུ་གུ་ཐུལ་དང་ཟ་ར་ཚགས། ། ཞིང་དང་སྦྲུལ་ཆུན་སྒོ་ཁྱུད་ལ། ། བན་དྷ་སྙིང་པོར་བཅས་པ་དག ། སོ་སོའི་གནས་སུ་དེ་བཞིན་གཞག ། རྡོ་རྗེའི་དབྱིབས་སུ་བརྩིགས་པའི་ཐབ། ། ཟུར་བཞི་ཁ་བཞི་དག་ལ་བྱ། ། སྙིང་གར་འཁོར་ ལོའི་ཐབ་ཏུ་བྱ། ། རིགས་དང་མཐུན་པའི་ཡམ་ཤིང་བརྩིག ། ཧོམ་ལྔ་འབྲེལ་པའི་ལས་ཆེན་ལ། ། ཐབ་ཁུང་ལྔ་ཡི་བྱེ་བྲག་ཏུ། ། རྒྱུད་དྲུག་ཡམ་ཤིང་སྤུངས་པ་ལས། ། ཡེ་ཤེས་ལྔ་ཡི་མེ་ཀློང་དུ། ། ཉོན་མོངས་ལྔ་ཡི་བསྲེག་སྦྱང་ཐིམ། ། བྱ་བར་འོས་པ་ མཐའ་དག་ཀུན། ། རྣལ་འབྱོར་ཅན་གྱིས་ཅི་རིགས་བྱ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་མ་ཏང་འགྲེང་བུ་གནོན་པའི་ཐབས་སོ། ། དཀྱིལ་འཁོར་མ་ཏང་གཟུགས་སུ་བྱ། ། མགོ་བོ་ལྷོ་ནུབ་མཚམས་སུ་བསྟན། །
BO
མགོ་ལུས་ཡན་ལག་རྣམས་ལ་ནི། ། མཎྜལ་བཅུ་གཅིག་རབ་ཏུ་བྱ། ། ཞལ་དུ་ཧོམ་ཁུང་གྲུ་གསུམ་ལ། ། ཡམ་ཤིང་དག་གིས་བརྫངས་ནས་ནི། ། སྦྱིན་སྲེག་ཧོམ་གྱི་ལས་རྣམས་བྱ། ། སྙིང་གར་གྲུ་གསུམ་རྩེ་གསུམ་ལ། ། བང་རིམ་གསུམ་པར་བྱས་ནས་ནི། ། ཕུར་བུ་ཉི་ཤུ་རྩ་གསུམ་དགོད། ། ཞེ་སྡང་རྡོ་རྗེའི་ཏིང་འཛིན་བྱ། ། ལྟེ་བར་གྲུ་གསུམ་མཐིང་ནག་ལ། ། ཟུར་ལ་ཐོད་པ་ཚར་གསུམ་བྲི། ། གཞུ་བདུན་དགྲ་སྟ་བརྒྱད་ཀྱང་དགོད། ། ཕུར་བུ་དགུ་དང་ཁ་ཊྭཱཾ་དགུ། ། རྩང་དམར་དྲུག་ཅུ་རྩ་བརྒྱད་དགོད། ། ཡུམ་གྱི་མཁའ་རུ་བསྒོམས་ནས་སུ། ། གཟིར་ གནན་དྲག་པོའི་ལས་རྣམས་བྱ། ། ཡན་ལག་མགོ་མཚན་གཡས་གཡོན་ལ། ། གནས་ཀྱི་མ་མོ་བརྒྱད་རྣམས་ཀྱི། ། བྲི་འམ་མཚན་མ་གཞག་པར་བྱ། ། གཞན་རྣམས་ཀྱང་ནི་ཅི་རིགས་པར། ། མ་ཏང་དགུག་དང་དབབ་དང་གནོན། ། བྱིན་བརླབས་ མཁས་པས་ཚུལ་བཞིན་བྱ། ། བྱ་བ་ཐམས་ཅད་ཅི་རིགས་བྱ། ། དེས་ནི་གནོན་པའི་ལས་ཆེན་འགྲུབ། ། ཅེས་གསུངས་སོ། ། དེ་ལ་འདི་ནི་རྡོ་རྗེ་ཚེ་བསྒྲུབ་པའི་ཐབས་སོ། ། ཐམས་ཅད་འབྱོར་པར་བྱས་ནས་ནི། ། ས་སྟེངས་སྐྱོང་ནུལ་ལེགས་བྱས་ལ། ། དབུས་སུ་པདྨ་འདབ་བརྒྱད་ལ། ། ཟླ་གམ་དམར་པོ་སྒོ་བཞིར་ལྡན། །
BO
རྡོ་རྗེའི་ར་བས་བསྐོར་བར་བྱ། ། དཔལ་ལྡན་ཚེ་ཡི་ཕྱག་རྒྱ་དགོད། ། རིན་ཆེན་སྣ་ཚོགས་བུམ་པ་ལ། ། ཚེ་ཡི་རྫས་ཀྱིས་གང་བ་དེ། ། པདྨ་བན་དྷས་ཁ་བཀབ་ལ། ། གཟུངས་ཐག་བཏགས་ ནས་དབུས་སུ་གཞག ། ཚེ་དཔག་མེད་པར་དེ་མངའ་གསོལ། ། བུམ་པ་རིན་ཆེན་ལས་བྱས་བཞི། ། གསང་བའི་ཡུམ་དུ་དེ་མངའ་གསོལ། ། རིགས་དང་མཐུན་པའི་བུམ་པ་བཞི། ། རིགས་ལྔའི་སངས་རྒྱས་གཙོ་གཟུངས་དང་། ། སོ་སོའི་འཁོར་གྱི་སེམས་ དཔའ་རྣམས། ། གཙོ་གཟུངས་ཟུང་དུ་འབྲེལ་བར་ནི། ། ཕྱོགས་ཕྱོགས་དག་ཏུ་ཚོམ་བུར་བྲི། ། སྒོ་བཞིར་སྒོ་སྲུང་ལ་སོགས་གཞག ། སེམས་དཔའི་ཕྱག་རྒྱ་ཀུན་བཀོད་ནས། ། ཚེ་དཔག་མེད་པའི་ཐུགས་ཀ་ནས། ། འཁྱིལ་ཅིང་འཚེར་བའི་བྱང་ཆུབ་ སེམས། ། ཉི་ཟླའི་གའུ་གནས་པ་དེ། ། ཨ་ཡུ་བྱང་ཆུབ་སེམས་སུ་ཞུ། ། དེ་ལས་རྒྱལ་མཚན་མཆོད་ལྡན་དང་། ། རིན་ཆེན་གཏེར་དང་དབང་བསྐུར་མཛད། ། གསང་བའི་ཚེ་གཏེར་འཛིན་དང་བཞི། ། ཐུགས་ཀར་འཕྲོས་ནས་དེ་བཞིན་དུ། ། ཚོམ་བུ་རིམ་གྱིས་ སྤྲོས་ནས་ནི། ། དཀར་དམར་འོད་ཀྱིས་བདག་ལ་བསྟིམས། ། སྐྱེ་མེད་དབྱིངས་སུ་སྦས་ནས་ནི། ། མི་འགྱུར་ཕྱག་རྒྱས་གདབ་པར་བྱ། ། ཡང་ན་ཏིང་འཛིན་ཁྱད་པར་གྱིས། །
BO
ལོ་འམ་ཟླ་བའི་མཐའ་དག་ཏུ། ། སྐྱ་རེངས་འཆར་བའི་དུས་སུ་ནི། ། ཕྱག་རྒྱ་ཆེན་པོས་ གནས་པ་དེས། ། ཤར་ཕྱོགས་ངོས་སུ་ཁ་བལྟས་ཏེ། ། ལྷ་ཀླུ་གནོད་སྦྱིན་ཇི་སྙེད་པ། ། ཤར་ཕྱོགས་ནམ་མཁར་གནས་པ་རྣམས། ། ཐམས་ཅད་ཁོང་དུ་རྔུབས་པ་ལས། ། ཕྱིར་མི་འབྱུང་བར་ཁོང་དུ་བསྟིམས། ། དབུགས་དེ་ཐ་མར་སྣ་ རུ་བསྲིང་། ། ཕྱོགས་བཅུར་དེ་ལྟར་གོམས་བྱས་ནས། ། དཔལ་ཚེ་གཟི་བྱིན་ཐམས་ཅད་ཐོབ། ། ཅེས་གསུངས་སོ། ། དེ་ལ་འདི་ནི་བདུད་རྩི་བསྒྲུབ་པའི་ཐབས་སོ། ། མཎྜལ་ཚད་དང་མཐུན་པ་ལ། ། དབུས་སུ་པདྨ་འདབ་བརྒྱད་བྲི། ། གྲུ་ཆད་ཟླ་གམ་བཞི་པར་ བྱ། ། གཞན་ཡང་ཟླ་གམ་ཅི་རིགས་དགྲམ། ། པདྨའི་རྩེ་ལ་རིན་པོ་ཆེ། ། གེ་སར་དག་གིས་མཛེས་པར་བྱ། ། ཕྱག་རྒྱ་འབར་བའི་ལྷ་ཚོགས་དགོད། ། དབུས་སུ་ཚངས་པའི་སྐུད་པ་ཅན། ། སུལ་མེད་དུང་ཅན་འཁོར་བར་གཞག ། ཤར་དུ་སུལ་འགྲེང་དེ་ བཞིན་ཏེ། ། ལྷོ་རུ་དཔག་བསམ་ཤིང་བུ་ཅན། ། ནུབ་ཏུ་ཤོང་བུ་གཉིས་པ་གཞག ། བྱང་དུ་བསེ་ཕོར་རྒྱ་གྲམ་མོ། ། སྣོད་ཀྱི་མཚན་ཉིད་བཀོད་ནས་སུ། ། དྲི་ཆེན་ཞུ་བ་མྃ་ས་དང་། ། རཀྟ་དྲི་ཆུ་ཕྱོགས་ཕྱོགས་སུ། ། དེ་དག་སྐབས་སུ་སྦྱོར་བ་ཡི། ། ཀ་ ཀོལ་ལ་དང་དུ་རུ་སྐ། །
BO
ཛཱ་ཏི་ཕ་ལ་ཁ་དྲི་ཞིམ། ། ལྕེ་པོག་དཀར་པོ་རིམ་བཞིན་སྦྱར། ། འདི་དག་ཀྱང་ནི་རིམ་པ་བཞིན། ། ཨ་ཀ་རུ་དང་ག་པུར་དང་། ། གུར་གུམ་པདྨ་ལི་ག་དུར། ། དེ་ནས་རས་ཡ་ནའི་ཚོགས། ། རིགས་དང་ལས་དང་ཁ་དོག་གིས། ། ཅི་ རིགས་སོ་སོར་དབྱེ་བར་བྱ། ། ས་བོན་ལྔ་ཡིས་རྣམ་པར་སྦྱངས། ། གསང་ཆེན་དེ་ཉིད་དམ་པ་ཡི། ། རིགས་གཅིག་རིགས་ལྔ་རིགས་བརྒྱ་ཡིས། ། སྦྱང་བ་མཆོག་ཏུ་བྱ་བ་ཡིན། ། ཁྲོལ་བུ་དག་ནི་སྦྱངས་པ་ན། ། བསལ་དང་བསྔོ་དང་བསྡུ་དང་དབྱེ། ། ཁྲུས་ དང་བཤགས་དང་ཡོན་ཏན་བརྗོད། ། བྱིན་དབབ་བཟླས་པ་རྟགས་བྱུང་དང་། ། བསྡུ་དང་བཏག་བཙག་གཞལ་བ་བྱ། ། མཚན་ལྡན་སྣོད་དུ་རྒྱ་ཡིས་གདབ། ། རིགས་དང་མཐུན་པའི་གཟུངས་ཀྱིས་གདགས། ། དབང་བསྐུར་བྱིན་བརླབ་ཚུལ་བཞིན་བྱ། ། ཏིང་འཛིན་མི་གཡེང་འབྱོངས་པ་དང་། ། དངོས་གྲུབ་བླང་བ་ལ་སོགས་བྱ། ། དེ་ནས་རིལ་བུ་འམ་འདེ་གུ་འམ། ། སྐྱོ་མ་ལ་སོགས་ཅི་རིགས་པར། ། རྣལ་འབྱོར་མཆོག་གིས་སྤྱད་པར་བྱ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་སྟན་བསྒྲུབ་པའི་ཐབས་སོ། ། གང་ ཡང་རུང་བའི་སེམས་ཅན་དེ། ། ལས་བབ་པ་ཡི་རྣལ་འབྱོར་པས། ། རཾ་ཡཾ་ཁཾ་གིས་སྲེག་སྦྱང་བྱ། །
BO
རྒྱུད་དྲུག་ས་བོན་འབྲུ་ལྔས་སྦྱང་། ། རོལ་པའི་ཚུལ་གྱིས་བསྒྲལ་བྱ་ཞིང་། ། རྣམ་ཤེས་སྦྱོར་བའི་ལྷུམས་སུ་འཕང་། ། བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས། ། སྐུ་ བསྐྱེད་ཡེ་ཤེས་སྐུར་སྤྲོས་ཏེ། ། རྫོགས་སངས་རྒྱས་ལ་སོམ་ཉི་མེད། ། ཅེས་གསུངས་སོ། ། དེ་ལ་འདི་ནི་ག་ཎ་བསྒྲུབ་པའི་ཐབས་སོ། ། མཚན་དང་ལྡན་པའི་གཟུངས་མ་ལ། ། བསྙེན་སྒྲུབ་ལུང་བཞིན་སྦྱོར་བར་བྱ། ། དཀར་དམར་འདྲེས་པའི་བྱང་ཆུབ་སེམས། ། རྡོ་རྗེ་ལྕེ་ཡིས་བླང་བར་བྱ། ། སངས་རྒྱས་རྣམས་ལ་མཆོད་པར་བྱ། ། འགྲོ་དྲུག་སྒྲིབ་པ་སྦྱོང་བར་བྱེད། ། ཅེས་གསུངས་སོ། ། དེ་ལ་འདི་ནི་སྤྱིར་བསྒྲུབ་པའི་ཐབས་སོ། ། ཡི་དམ་བཅས་པ་བཏང་ན་ཡང་། ། བདག་ལུས་ཕྱལ་བར་མི་གཏང་ཞིང་། ། དེ་ཉིད་དྲན་ པ་ཆེན་པོར་བྱ། ། འཕགས་པ་མཆོད་པར་བརྩོན་པ་དང་། ། རང་གི་ལྟ་བ་གསལ་བ་དང་། ། གསང་སྔགས་སྡོམ་ལ་གནས་པ་དང་། ། གསང་སྔགས་ཕྱག་རྒྱ་མ་ཉམས་དང་། ། ཡོ་བྱད་ཚོགས་ན་ངེས་པར་འགྲུབ། ། མི་ལྡན་དོན་རྣམས་བརླག་པར་འགྱུར། ། ཞེས་གསུངས་སོ། དེ་ལ་འདི་ནི་མི་འགྲུབ་པའི་ཆད་པའོ། ། བསྙེན་བསྒྲུབ་རིམ་པར་མ་རྫོགས་པར། ། དངོས་ལ་ཞེན་ཅིང་སྒྲུབ་བྱེད་པ། །
BO
རང་རྒྱུད་སྲེག་པར་གདོན་མི་ཟ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་བསྒྲུབས་ནས་མ་གྲུབ་པའི་ཆད་པའོ། ། བཀའ་ བཞིན་སྒྲུབ་པའི་རྣལ་འབྱོར་པས། ། དུས་བཞིན་གྲུབ་པར་མ་གྱུར་ན། ། རྡོ་རྗེ་སེམས་དཔའ་ལ་སོགས་པའི། ། ཡེ་ཤེས་ལས་གྲུབ་ལྷ་རྣམས་ཀྱང་། ། ཚལ་པར་འགས་པ་གདོན་མི་ཟ། ། ཞེས་གསུངས་སོ། ། དངོས་གྲུབ་གཞན་དག་དེ་དག་ཏུ། ། མི་ཟད་ བསམ་གྱིས་མི་ཁྱབ་སྟེ། ། དེ་དག་ལ་སོགས་བསམ་ཡས་མཆོག ། ཆོས་དབྱིངས་མཉམ་དང་མི་མཉམ་དང་། ། ནམ་མཁའ་དབྱིངས་ཀྱི་མཐས་ཀླས་པ། ། བརྗོད་མེད་བརྗོད་ལས་འདས་པ་ཡི། ། དངོས་གྲུབ་ཇི་ལྟར་འདོད་པ་འགྲུབ། ། ཅེས་ གསུངས་སོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་དངོས་གྲུབ་བསྒྲུབ་པའི་རྣམ་གྲངས་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་མི་ འདའ་བ་དམ་ཚིག་གི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་སྡོམ་པ་ཟབ་མོ་འདི་ཕྱུང་ངོ་། ། དེ་ལ་འདི་ནི་དམ་ཚིག་གི་སྡོམ་པ་ཅིའི་ཕྱིར་བསྲུང་བའོ། ། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །
BO
ལོག་ རྟོག་འཁྲུལ་པ་བསམ་མི་ཁྱབ། ། དེ་ཉིད་གཞིལ་བའི་གདུལ་ཐབས་སུ། ། ཕྱི་ནང་སྡོམ་པ་ཇི་སྙེད་པ། ། རྟོག་འདུལ་ཐབས་སུ་དེ་སྙེད་གསུངས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་དམ་ཚིག་གི་མདོ་ཀུན་འདིར་འདུས་པའོ། ། ཇི་སྙེད་སྡོམ་པ་བསམ་ཡས་ཀུན། ། གསང་སྔགས་རྒྱ་མཚོ་ཆེན་པོ་ལས། ། འདུལ་བའི་ཐབས་སུ་སོ་སོར་སྣང་། ། སྣང་ཡང་རྟོག་འདུལ་མ་གྲུབ་ཕྱིར། ། རྨད་བྱུང་ངང་དུ་གཅིག་པར་འདུས། ། དེ་བས་གསང་སྔགས་ངོ་མཚར་ཆེ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་དམ་ཚིག་རྣམ་པར་དག་པའོ། ། ཆོས་ཀུན་ཡེ་ནས་དག་པའི་ཕྱིར། ། ལོག་རྟོག་ཡེ་ནས་རྣམ་པར་དག ། དེ་བས་སྡོམ་པ་རྣམ་པར་དག ། དམ་ཚིག་འདི་ནི་རྨད་པོ་ཆེ། ། ཞེས་གསུངས་སོ། ། དེ་ལ་འདི་ནི་བསྲུང་བ་མེད་པའི་སྡོམ་པའོ། ། ཐམས་ཅད་ཐིག་ལེ་རྡོ་རྗེ་བས། ། བསྲུང་བའི་ཐ་ སྙད་རྣམས་དང་བྲལ། ། ཀུན་ཁྱབ་བདལ་བའི་ངང་ཉིད་ལ། ། བསྲུང་དུ་མེད་ན་སྡོམ་པ་ཡིན། ། ནམ་མཁའ་བཞིན་དུ་ཀུན་དུ་ཁྱབ། ། ཅེས་གསུངས་སོ། ། དེ་ལ་འདི་ནི་རྟོགས་པའི་དམ་ཚིག་གོ། ། བདེ་ཆེན་རྣམ་དག་ལྷུན་གྲུབ་པར། ། ལྟ་བས་རྟོགས་ཤིང་ ཆུད་གྱུར་ན། ། དམ་ཚིག་ཉིད་ཀྱང་རྣམ་དག་སྟེ། ། ལྟ་བ་ཁྱད་པར་ཇི་བཞིན་དུ། །
BO
འདུལ་བའི་ཁྱད་པར་དེ་ལྟར་གནས། ། དེ་བས་དམ་ཚིག་ཞེས་བྱ་བ། ། རང་གི་ལྟ་བ་ཡིན་པར་གསུངས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་དམ་ཚིག་གི་མདོ་གསང་ བའོ། ། གསང་སྔགས་རྒྱ་མཚོ་ཆེན་པོ་ཡི། ། དམ་ཚིག་བསམ་ཡས་ཇི་སྙེད་པ། ། རྩ་བ་ཡན་ལག་གཉིས་སུ་འདུས། ། རྩ་བའི་དམ་ཚིག་གསུམ་ཡིན་ཏེ། ། སྐུ་གསུང་ཐུགས་སུ་རྒྱལ་བས་གསུངས། ། ཡན་ལག་དམ་ཚིག་མི་སྤོང་དང་། ། མི་འདོར་ སྤྱོད་དང་ཤེས་པ་དང་། ། གྲུབ་པ་ཡིན་ཏེ་རྣམ་ལྔ་པོ། ། མདོར་ན་རྣམ་པ་བརྒྱད་དུ་གྲགས། ། ཞེས་གསུངས་སོ། ། དེ་ལ་འདི་ནི་མདོ་རྒྱས་པའོ། ། སྐུ་ཡི་དམ་ཚིག་ཅེས་བྱ་བ། ། བླ་མ་སྤུན་ལ་གདུང་སེམས་ལྡན། ། མངན་དང་དཔྱ་སེམས་སྤངས་པ་ཡིན། ། བླ་མ་ལ་ཡང་རྣམ་གསུམ་སྟེ། ། དམ་ཚིག་དབང་དང་ཤེས་རབ་རྒྱུད། ། མན་ངག་ལུང་སྟོན་སློབ་དཔོན་ལ། ། མངན་དང་དཔྱ་བའི་སེམས་བོར་ན། ། ལུས་ངག་སྒོ་ནས་སྨོས་ཅི་དགོས། ། མགོ་དང་མིག་དང་གསང་མ་སྙིང་། ། རྟག་ཏུ་འབྲལ་བར་ འཕངས་པ་ལྟར། ། བླ་མ་རྡོ་རྗེ་སློབ་དཔོན་ལ། ། མི་འབྲལ་སེམས་ཀྱིས་དེ་ལྟར་ལྟ། ། དེ་ཡི་ཕྱི་བཞིན་བེའུ་ལྟར་འབྲང་། ། དེ་ཡི་དགོས་པ་ཅི་ཡང་རུང་། ། སྐོངས་ན་སྲོག་ལའང་མི་ལྟ་ན། །
BO
ཟང་ཟིང་གཞན་ལྟ་སྨོས་ཅི་དགོས། ། ལུས་ལ་དབང་བའི་རྒྱལ་ པོ་འམ། ། ལུས་སྲོག་བསྐྱེད་པའི་ཕ་མ་བས། ། ཤིན་ཏུ་གཉན་ཞིང་བཀུར་བར་བྱ། ། ཅི་ཕྱིར་དབྱིངས་དང་རྣམ་ཐར་གྱི། ། སྒོ་རྣམས་དེ་ཡི་སྟོན་པ་ཡིན། ། དངོས་གྲུབ་བྱེ་བྲག་ཇི་སྙེད་པ། ། དེ་ལ་རག་ལས་རྗེས་སུ་འབྲང་། ། མ་རིག་མུན་པས་གཏིབས་པ་ ལ། ། སེམས་ཀྱི་སྒྲོན་མ་དེ་ཡིས་འདེགས། ། ལྷ་མི་ཡོངས་ཀྱི་འདྲེན་སྟོན་ཡིན། ། དུས་གསུམ་སངས་རྒྱས་ཞལ་མཐོང་ཡིན། ། དགེ་བའི་རྩ་བའི་སྲོག་ཤིང་ཡིན། ། ཡོན་ཏན་ཀུན་གྱི་གཏེར་མཛོད་ཡིན། ། གལ་ཏེ་ཡོན་ཏན་མི་ལྡན་ཡང་། ། བླ་མར་ བཟུང་ནས་སྤང་བྱས་ན། ། ཀུན་གྱི་སློབ་དཔོན་བརྙས་པ་ཡིན། ། དུས་གསུམ་སངས་རྒྱས་སྐུར་པ་ཡིན། ། དེ་ཡི་ཉམས་པ་བརྗོད་མི་ལང་། ། ཡོན་ཏན་ལྡན་པའི་བླ་མ་དེ། ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། ། རྒྱལ་ སྲས་དང་ནི་མཐུ་ཆེན་རྣམས། ། ཕྱག་འཚལ་མཆོད་ཅིང་བཀུར་སྟི་བྱེད། ། འཇིག་རྟེན་འདི་ན་མཐུ་ཆེན་ཀུན། ། དེ་ཡི་དགོངས་པ་སྐོང་བ་དང་། ། ཁུར་ཞིང་བྲན་དུ་ཁས་ལེན་ན། ། རྡོ་རྗེ་སློབ་མས་སྨོས་ཅི་དགོས། ། རྡོ་རྗེ་སྤུན་ལ་གདུང་སེམས་ཀྱང་། ། འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །
BO
ཡང་དག་ལམ་དུ་ཞུགས་པ་ལ། ། མངན་དང་དཔྱས་ཀྱིས་སེམས་ཙམ་ཡང་། ། རྟག་ཏུ་སྤང་བར་བྱ་བ་ཡིན། ། བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། ། གཅིག་ལ་གཅིག་ནི་མིག་བཞིན་བལྟ། ། མདོར་ན་སྲོག་ ལ་མི་ཆགས་པར། ། སྤུན་དང་མིང་སྲིང་དགོས་པ་སྒྲུབ། ། ཅི་ཕྱིར་རྡོ་རྗེ་སྤུན་རྣམས་ནི། ། འདི་ནས་བྱང་ཆུབ་ཐུག་པ་རུ། ། མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། ། མར་མེ་འོད་དང་སྡོང་བུ་འདྲའོ། ། དཔེར་ན་འཇིག་རྟེན་མི་རྣམས་ཀྱང་། ། མང་པོ་ འདུས་ན་དཀའ་བའང་འགྲུབ། ། དེ་བཞིན་རྡོ་རྗེ་མིང་སྲིང་སྤུན། ། དངོས་གྲུབ་སྒྲུབ་པའི་གྲོགས་མཆོག་ཡིན། ། དཔེར་ན་གྲོགས་དང་ལྡན་པའི་མི། ། འཚེ་བ་རྣམས་ཀྱིས་མི་ཚུགས་བཞིན། ། དེ་བཞིན་རྣལ་འབྱོར་གྲོགས་ལྡན་ཡང་། ། རྒོལ་བ་རྣམས་ ཀྱིས་མི་ཚུགས་ཤིང་། ། འབྲས་བུ་མྱུར་དུ་འགྲུབ་པར་འགྱུར། ། དེ་བས་ནན་ཏན་བསྐྱེད་དེ་བསྲུང་། ། དེ་ཡང་སྐུ་ཡི་དམ་ཚིག་སྟེ། ། བསྲུང་བ་ཡིན་པར་རྒྱལ་བས་གསུངས། ། མདོར་ན་སྣང་སྲིད་ཐམས་ཅད་ནི། ། གཟུགས་སུ་སྣང་བ་མཐའ་ཡས་ ཀུན། ། ཆོས་ཀྱི་སྐུ་ལས་མ་གཡོས་པར། ། གཟུགས་སྐུ་འཇའ་ཚོན་ཚུལ་དུ་གསལ། ། དེ་ཉིད་དོན་ལས་མི་འདའ་བར། ། རྟོགས་པ་སྐུ་ཡི་དམ་ཚིག་ཅེས། །
BO
རྒྱལ་བ་རྣམས་ཀྱིས་རབ་ཏུ་གསུངས། ། གསུང་གི་དམ་ཚིག་ཅེས་བྱ་བ། ། སྔགས་ཀྱི་ རྣལ་འབྱོར་གྲལ་སྒོ་བས། ། ཕྱག་རྒྱ་བཞི་རུ་རྣམ་གསལ་ནས། ། རྡོ་རྗེ་སྔགས་རྣམས་རྒྱུན་མི་གཅད། ། བསྒོམ་དང་བཟླས་དང་འཕྲོ་འདུའི་སྔགས། ། ཏིང་འཛིན་མེ་དང་འདྲ་བ་ལ། ། བཟླས་བརྗོད་རླུང་དང་འདྲས་བསྐྱོད་ནས། ། སྒྲིབ་པའི་བུད་ཤིང་བསྲེག་ པར་བྱ། ། བཟླས་བརྗོད་སྔགས་ཀྱིས་བརྟུལ་ཞུགས་ཀྱང་། ། སྒྲ་ཆེན་མ་ཡིན་ཆུང་བར་མིན། ། མགྱོགས་པར་མ་ཡིན་བུལ་བར་མིན། ། དྲག་པར་མ་ཡིན་དལ་བར་མིན། ། ཡིག་འབྲུ་ཡན་ལག་ཉམས་མ་ཡིན། ། ཡེངས་མིན་གླལ་སོགས་བར་གཅོད་ མིན། ། རྒྱུ་བའི་སེམས་རྣམས་སྤངས་པ་དང་། ། བཟླས་པའི་སྐྱོན་བཅུ་སྤངས་ནས་ནི། ། དུས་དང་གྲངས་དང་མཚན་མ་ཡི། ། བསྙེན་པ་རབ་ཏུ་རྫོགས་པ་གཅེས། ། ཡེ་ཤེས་ལྷ་རྣམས་ཉེ་བ་དང་། ། དབྱིངས་དང་རྣམ་ཐར་འཛོམ་པ་དང་། ། དངོས་གྲུབ་རྣམ་ གསུམ་ཐོབ་པ་དང་། ། འཕྲོ་འདུས་འགྲོ་དོན་བྱ་བ་དང་། ། དེ་ཡིས་ལྷ་རྣམས་མཉེས་པ་དང་། ། ལས་དེ་མྱུར་དུ་འགྲུབ་པའི་ཕྱིར། ། བསྲུང་བའི་དམ་ཚིག་ཡིན་པར་གསུངས། ། མདོར་ན་སྣང་སྲིད་ཐམས་ཅད་ཀུན། ། སྐྱེ་མེད་གསུང་ལས་མ་གཡོས་ཀྱང་། །
BO
གསུང་གི་བྱེ་བྲག་ཉིད་ཡིན་པར། ། རྟོགས་ཤིང་སླར་ཡང་དབྱིངས་སུ་ཐིམ། ། རྟོགས་པ་གསུང་དུ་རྒྱལ་བས་གསུངས། ། ཐུགས་ཀྱི་དམ་ཚིག་ཅེས་བྱ་བ། ། སྤྱིར་གསང་བཞི་དང་བར་གསང་བཞི། ། གསང་བར་འོས་དང་གཉེར་གཏད་པའི། ། གསང་ སྔགས་གསང་བའི་དོན་རྣམས་ཀུན། ། བུམ་པའི་ནང་གི་མེ་མར་བཞིན། ། སྣོད་མ་ཡིན་པའི་གང་ཟག་ལ། ། དུས་དང་གནས་སྐབས་ཀུན་དུ་གསང་། ། སྣོད་དང་ལྡན་པ་རྣམས་ལ་ཡང་། ། དབང་མ་ཐོབ་པར་བཤད་པ་མིན། ། ཅི་ཕྱིར་གསང་དོན་དེ་ ཉིད་ལ། ། མ་རྟོགས་པ་རྣམས་སྐུར་པ་འདེབས། ། ལོག་པར་རྟོགས་པ་ལྟུང་བར་འགྱུར། ། དོན་མ་རྟོགས་ན་ཡིད་ཆེས་མེད། ། ཁམས་གསུམ་སྐྱེ་བོའི་བཅས་ཀར་འགྱུར། ། དངོས་གྲུབ་བར་གཅོད་བགེགས་སུ་འགྱུར། ། དེ་བས་གཞན་དུ་བསྟན་པ་མིན། ། མདོར་ན་ཐུགས་ཀྱི་དམ་ཚིག་ནི། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། ། སེམས་རྟོག་རྣམ་པ་ཐམས་ཅད་ཀུན། ། སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། ། སོ་སོར་རྟོགས་པ་ཐུགས་ཉིད་སྣང་། ། སྣང་ཉིད་དབྱིངས་ལས་མི་འདའ་བར། ། རྟོགས་པ་ཐུགས་སུ་རྒྱལ་བས་གསུངས། ། དེ་ནི་རྩ་བའི་དམ་ཚིག་གི། ། མདོ་ཉིད་རྒྱས་པར་བཤད་པ་ཡིན། ། རྩ་བའི་དམ་ཚིག་གི་མདོ་རྒྱས་པར་བཤད་པའོ། །
BO
མི་སྤོང་དམ་ཚིག་ཅེས་བྱ་བ། ། འདོད་ཆགས་ཞེ་སྡང་གཏི་མུག་དང་། ། ང་རྒྱལ་ཕྲག་དོག་ལྔ་རྣམས་ ནི། ། རིགས་ལྔའི་སངས་རྒྱས་ངོ་བོ་སྟེ། ། ཡེ་ཤེས་ལྔ་ཡི་རང་བཞིན་པས། ། སྤངས་ན་རྣལ་འབྱོར་དོན་དང་འགལ། ། མི་དོར་དང་དུ་བླང་བ་ནི། ། དྲི་ཆེན་དྲི་ཆུ་རཀྟ་དང་། ། མྃ་ས་དང་ནི་ཟིལ་པ་ལྔ། ། འབྲས་བུ་ལྔ་ཡིས་བསྡུས་པ་རྣམས། ། རྣལ་འབྱོར་པས་ནི་ རྟག་ཏུ་བཟའ། ། འདི་ཡང་དམ་ཚིག་རྨད་པོ་ཆེ། ། སྤྱད་པར་བྱ་བའི་དམ་ཚིག་ནི། ། སྦྱོར་དང་སྒྲོལ་དང་མ་བྱིན་ལེན། ། {བརྫུན་,རྫུན་}དང་ངག་རྩུབ་སྨྲ་དང་ལྔ། ། དོན་དམ་སྐྱེས་བུས་སྤྱད་པར་བྱ། ། ཤེས་པར་བྱ་བའི་དམ་ཚིག་ནི། ། ཕུང་པོ་ལྔ་དང་འབྱུང་བ་ལྔ། ། དབང་པོ་ ཡུལ་ལྔ་ཁ་དོག་ལྔ། ། རིགས་ལྔ་ཡེ་ཤེས་ལྔ་ཉིད་དུ། ། དོན་ལྡན་སྐྱེས་བུས་ཤེས་པར་བྱ། ། ལུང་དང་ལྡན་པའི་རྣལ་འབྱོར་པས། ། གྲུབ་པར་བྱ་བའི་དོན་ཆེན་ཡང་། ། སངས་རྒྱས་ལྔ་ལས་གཞན་མི་བསྒྲུབ། ། གྲུབ་པར་བྱ་བའི་དམ་ཚིག་སྟེ། ། འདི་དག་བསྲུང་ བར་རབ་ཏུ་གཅེས། ། དེ་ཡང་ཅི་ཕྱིར་བསྲུང་ཞེ་ན། ། འདོད་ཆགས་རང་དང་སྤྱིར་སྣང་བ། ། ཆགས་ཤིང་ཞེན་པ་ཐམས་ཅད་ཀུན། ། པདྨ་རིགས་ཀྱི་ངོ་བོ་ཡིན། །
BO
ཞེ་སྡང་དེ་བཞིན་རྡོ་རྗེའི་རིགས། ། གཏི་མུག་སངས་རྒྱས་ཡིན་པར་གསུངས། ། ང་རྒྱལ་ཡིད་བཞིན་ ནོར་བུ་སྟེ། ། ཕྲག་དོག་ཞེས་བྱ་ལས་སུ་བཤད། ། དེ་བས་སྤང་བར་བྱ་བ་མིན། ། དྲི་ཆེན་སྣང་མཛད་གཙོ་བོ་ཡིན། ། དྲི་ཆུ་གདོན་མི་ཟ་གྲུབ་པ། ། རཀྟ་སྣང་བ་མཐའ་ཡས་སྐུ། ། མྃ་ས་རིན་ཆེན་འབྱུང་ལྡན་གཙོ། ། བྱང་ཆུབ་སེམས་ནི་རྡོ་རྗེ་སེམས། ། དེས་ན་དང་དུ་ བླང་བར་གསུངས། ། སེམས་ཅན་ཐམས་ཅད་གསད་བྱ་བ། ། རྡོ་རྗེ་སེམས་དཔའི་དམ་ཚིག་ཡིན། ། བུད་མེད་རྣམས་ལ་ཆགས་བྱ་བ། ། སྣང་བ་མཐའ་ཡས་དམ་ཚིག་སྟེ། ། གཞན་གྱི་ནོར་འཕྲོག་རྣམ་སྣང་གིས། ། རིན་ཆེན་འབྱུང་བའི་{བརྫུན་,རྫུན་}ཕྲ་མ། ། ངག་རྩུབ་གདོན་མི་ཟ་འགྲུབ་པའི། ། དམ་ཚིག་ཡིན་པར་རྒྱལ་བས་གསུངས། ། དེ་བས་སྤྱད་པར་བྱ་བའོ། ། གཟུགས་སུ་སྣང་བ་རྣམ་སྣང་མཛད། ། ཚོར་བ་རིན་ཆེན་འབྱུང་ལྡན་གཙོ། ། འདུ་ཤེས་སྣང་བ་མཐའ་ཡས་ཏེ། ། འདུ་བྱེད་གདོན་མི་ཟ་གྲུབ་ པ། ། རྣམ་ཤེས་རྡོ་རྗེ་སེམས་དཔའོ། ། ས་ནི་རྡོ་རྗེ་ཞེས་སུ་བཤད། ། རིན་ཆེན་ཆུ་སྟེ་པདྨ་མེ། ། ཐོགས་མེད་རླུང་གི་རང་བཞིན་ཏེ། ། ནམ་མཁའི་ཁམས་ནི་རྣམ་སྣང་མཛད། ། མིག་གི་དབང་པོ་རྣམ་སྣང་མཛད། །
BO
རྣ་བ་རིན་ཆེན་འབྱུང་བའི་ཚུལ། ། སྣང་ བ་མཐའ་ཡས་སྣ་ཞེས་གྲགས། ། ལྕེ་ནི་གདོན་མི་ཟ་གྲུབ་པ། ། ལུས་ནི་མི་བསྐྱོད་པ་རུ་བཤད། ། གཟུགས་ནི་རྣམ་པར་སྣང་མཛད་ཚུལ། ། སྒྲ་ནི་རིན་ཆེན་འབྱུང་བ་སྟེ། ། དྲི་ནི་སྣང་བ་མཐའ་ཡས་སོ། ། རོ་ནི་དོན་ཡོད་གྲུབ་པ་ཡིན། ། རེག་རྣམས་མི་ བསྐྱོད་པ་རུ་བཤད། ། དེ་བཞིན་དཀར་པོ་རྡོ་རྗེའི་རིགས། ། སེར་པོ་བདེར་གཤེགས་རིགས་སུ་བཤད། ། མཐིང་ག་རིན་ཆེན་དམར་པོ་ཆོས། ། ལྗང་གུ་ལས་ཀྱི་རིགས་སུ་བཤད། ། དེ་ཕྱིར་ཤེས་པར་བྱ་བ་ཡི། ། དམ་ཚིག་ཡིན་པར་དཔའ་བོས་ གསུངས། ། བསྒྲུབ་པར་བྱ་བའི་འབྲས་བུ་ཡང་། ། རིགས་ལྔ་ཉིད་དུ་གྲུབ་པས་ན། ། དེ་གྲུབ་པ་ཡི་དམ་ཚིག་ཡིན། ། དམ་ཚིག་འདི་ནི་རྨད་པོ་ཆེ། ། ཡན་ལག་དམ་ཚིག་འདའ་བའོ། ། ཞེས་གསུངས་སོ། ། ཡན་ལག་གི་དམ་ཚིག་མདོ་རྒྱས་པའོ། ། དེ་ ལ་འདི་ནི་དབྱེ་བའོ། ། རྩ་བ་ཡན་ལག་དམ་ཚིག་རྣམས། ། བསྲུང་བ་རྟོག་པ་གཉིས་སུ་དབྱེ། ། དེ་དག་དངོས་སུ་བསྲུང་བས་ན། ། མི་འདའ་བསྲུང་བའི་སྡོམ་བཅས་ཡིན། ། རྣམ་པར་དག་པའི་ངང་ཉིད་དུ། ། དེ་དག་རྟོགས་པས་ཁྱད་པར་དུ། ། རྟོགས་པའི་ དམ་ཚིག་ཡིན་པར་གསུངས། །
BO
དེ་ལ་འདི་ནི་དམ་ཚིག་ཉམས་པ་ལྟུང་བའི་གནས་སོ། ། རྩ་བ་ཉམས་པའི་སྐྱོན་ཆེན་ཡང་། ། བསྐལ་པ་གྲངས་མེད་བགྲངས་པར་ཡང་། ། དམྱལ་བའི་གནས་སུ་ལྟུང་བར་འགྱུར། ། རྡོ་རྗེ་བླ་མའི་སྐུ་སྨད་ན། ། དུས་གསུམ་སངས་རྒྱས་བརྙས་པ་ཡིན། ། བྱང་ཆུབ་སེམས་ལ་སྐུར་པས་ན། ། དེ་ཡི་སྡིག་པ་བརྗོད་མི་ལང་། ། དཔེར་ན་འཇིག་རྟེན་ས་ཡི་རྡུལ། ། གྲངས་ཀྱིས་བགྲང་བར་ཤེས་ཀྱང་སྲིད། ། རྒྱ་མཚོ་ཆེན་པོའི་ཆུ་ཐིགས་ཀྱང་། ། གྲངས་ཀྱིས་བགྲང་ཞིང་ཤེས་སུ་ རུང་། ། འདི་ཡི་སྡིག་པ་བརྗོད་མི་ནུས། ། ཤིན་ཏུ་མི་བཟད་སྡུག་བསྔལ་ལས། ། ཐར་བར་ནམས་ཀྱང་མི་འགྱུར་ཏེ། ། སྲིད་གསུམ་སེམས་ཅན་གསད་པས་ནི། ། བླ་མའི་བཀའ་བཅག་ཆར་མི་ཕོད། ། རྡོ་རྗེ་སྤུན་ལ་སྨད་པ་ནི། ། ཉམས་པའི་སྐྱོན་ཡང་བརྗོད་ པར་དཀའ། ། བསྐལ་པ་གཅིག་གི་བར་དག་ཏུ། ། དམྱལ་བ་ཆེན་པོར་ལྟུང་བར་འགྱུར། ། ཚེ་འདིར་བསྒྲུབ་པ་ལོག་པ་དང་། ། འབད་པའི་འབྲས་བུ་མེད་པར་འགྱུར། ། གསུང་གི་དམ་ཚིག་ཉམས་གྱུར་ན། ། དབྱིངས་དང་རྣམ་པར་ཐར་པ་ཡི། ། སྒོ་རྣམས་ཉམས་ པར་གྱུར་པས་ན། ། བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར། ། {ཡི་དགས་,ཡི་དྭགས་}གནས་སུ་ཡུན་རིང་སྟེ། །
BO
ལྐུགས་པའི་གནས་སུ་གྱུར་པ་ཡིན། ། ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། ། {ཡི་དགས་,ཡི་དྭགས་}ཀྱི་ནི་ལུས་སུ་སྐྱེ། ། ཐོང་གཤོལ་འབར་བ་ལྔ་བརྒྱ་ཡིས། ། དེ་ཡི་ལྕེ་ ལ་གཤོག་པར་བྱེད། ། བསྐལ་པ་དུ་མར་མྱོང་བ་དང་། ། དངོས་གྲུབ་འབྲས་བུ་མེད་པར་འགྱུར། ། མདོར་ན་རྩ་བ་ཉམས་གྱུར་ན། ། འབྲས་བུ་མེད་ཅིང་ངན་སོང་ལྟུང་། ། རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། ། དེ་ཡི་སྙིང་ཁྲག་འཐུང་བར་ངེས། ། མི་སྤོང་དམ་ཚིག་ ཉམས་གྱུར་ན། ། དངོས་གྲུབ་ཐམས་ཅད་སྤངས་པར་འགྱུར། ། མི་དོར་དམ་ཚིག་ཉམས་གྱུར་ན། ། དངོས་གྲུབ་འབྲས་བུ་མི་འཐོབ་ཅིང་། ། {ཡི་དགས་,ཡི་དྭགས་}སྤྲེའུའི་གནས་སུ་སྐྱེ། ། སྤྱད་པའི་དམ་ཚིག་ཉམས་གྱུར་ན། ། འདུ་ཤེས་མེད་པའི་འགོག་པར་ལྟུང་། ། ཤེས་ པའི་དམ་ཚིག་ཉམས་གྱུར་ན། ། འདུ་ཤེས་མེད་པའི་ཁྲོས་པས་ལྟུང་། ། གྲུབ་པའི་དམ་ཚིག་ཉམས་གྱུར་ན། ། བདུད་ཀྱི་ཁམས་སུ་ལྟུང་བར་འགྱུར། ། རྟོགས་པའི་དམ་ཚིག་ཉམས་གྱུར་ན། ། རུ་ཏྲ་ཆེན་པོའི་གནས་སུ་ལྟུང་། ། དེ་ལ་སོགས་ཏེ་བསམ་མི་ ཁྱབ། ། ཅེས་གསུངས་སོ། ། དེ་ལ་འདི་ནི་ཉམས་པ་བསྐང་བའི་ཚད་དོ། ། དམ་ཚིག་ཉམས་པར་གྱུར་པ་ན། ། མགོན་བཙུན་མཉམ་པའི་དོན་རྟོགས་ན། །
BO
དེ་ཉིད་སྐོངས་པའི་གནས་སུ་འགྱུར། ། བླ་མ་སྤུན་ལ་སྨད་གྱུར་ན། ། ཚེ་འདི་ཉིད་ལ་མཉེས་བྱས་ཏེ། ། མཐོལ་ བཤགས་དྲག་པོས་འགྱོད་བྱས་ན། ། དེ་ནི་སྐོངས་པའི་ལས་སུ་འགྱུར། ། གལ་ཏེ་བདག་གམ་བླ་མ་སྤུན། ། མ་བསྐངས་བར་དུ་ཚེ་འཕོས་ན། ། དེ་ནི་བསྐང་བའི་ཚད་ལས་འདས། ། གསུང་གི་ཐ་ཚིག་རལ་གྱུར་ན། ། རྡོ་རྗེ་ཆོས་སུ་བདག་བསྒོམས་ལ། ། ཐ་ཚིག་ གང་བརླག་འབུམ་འབུམ་གདོན། ། ཐུགས་ཀྱི་ཐ་ཚིག་རལ་གྱུར་ན། ། རྡོ་རྗེ་སེམས་དཔར་བསྒོམས་པ་ལ། ། ལོ་གསུམ་བར་དུ་མི་སྨྲ་བར། ། བསམ་གཏན་སྦྱོར་བར་རབ་ཏུ་བྱ། ། ཡན་ལག་དམ་ཚིག་ཉམས་གྱུར་ན། ། སོ་སོའི་རིགས་ཀྱིས་དེ་བཞིན་བསྐོང་། ། ཞེས་གསུངས་སོ། ། དེ་སྐད་ཅེས་གསུངས་པས་འདུས་པའི་འཁོར་ཚོགས་རྣམས་ཀྱིས་གསང་སྔགས་ཀྱི་དམ་ཚིག་ནི། རང་རང་གི་སྙིང་ལ་གནས་པར་མཐོང་ནས། ཨ་ལ་ལ་ཞེས་པའི་སྒྲ་ཕྱུང་ནས་རང་རང་གི་དམ་ཚིག་ལ་དམིགས་སོ། ། འཕགས་པ་རྒྱུད་ཀྱི་ རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་དམ་ཚིག་རྣམ་པར་བཀོད་པའི་ལེའུ་སྟེ་བཅུ་གསུམ་པའོ། ། ། །
BO
དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་བརྟུལ་ཞུགས་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་སོ། ། ཞུགས་ནས་ཀྱང་གསང་སྔགས་ཐམས་ཅད་ཀྱི་བརྟུལ་ཞུགས་རྣམ་པར་རོལ་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། གསང་སྔགས་རྒྱ་མཚོ་ཆེན་པོ་ཡི། ། བརྟུལ་ཞུགས་ངོ་མཚར་རྨད་བྱུང་བ། ། ཆོས་ཀུན་རོལ་པར་ སྣང་བའི་ཕྱིར། ། ཇི་ལྟར་སྤྱད་ཀྱང་བརྟུལ་ཞུགས་ཏེ། ། དཀའ་ཐུབ་དཀའ་བ་སྤྱད་མི་དགོས། ། དཀའ་ཐུབ་སྡོམ་ལ་རྟེན་པའི་མིས། ། བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། ། དཀའ་ཐུབ་སྡོམ་ལ་མི་གནས་ཤིང་། ། འདོད་པའི་ལོངས་ སྤྱོད་རབ་བསྟེན་པས། ། བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། ། རིགས་ངན་དང་ནི་སྨེ་ཤ་ཅན། ། རྟག་ཏུ་གསོད་ལ་བརྩོན་པ་དང་། ། མ་བྱིན་ལེན་དང་མི་ཚངས་སྤྱོད། ། {བརྫུན་,རྫུན་}དུ་སྨྲ་ལ་དགའ་བ་དང་། ། རྩུབ་པའི་ངག་ལ་དགའ་བ་ནི། ། གསང་སྔགས་ བསྒྲུབ་པའི་སྣོད་དུ་འགྱུར། ། ཕ་དང་ཁུ་བོ་མེས་པོ་ལ། ། ཞེ་སྡང་སེམས་ཀྱིས་བསྒྲལ་བྱས་ན། ། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཐོབ། ། མ་དང་བུ་མོ་སྲིང་མོ་ལ། ། འདོད་ཆགས་སེམས་ཀྱིས་སྦྱར་བྱས་ན། །
BO
ཆགས་པ་ཆེན་པོའི་དངོས་གྲུབ་ཐོབ། ། སྙིང་རྗེ་མེད་པར་ གསོད་པ་དང་། ། འཇིགས་པ་མེད་པར་སྦྱོར་བ་ལ། ། བཤང་གཅི་ཟས་སུ་ཟ་བ་དང་། ། རང་གི་ཁུ་བས་མཆོད་པ་དང་། ། དུར་ཁྲོད་རྒྱན་ལ་དགའ་བ་ནི། ། ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། ། བསོད་སྙོམས་ཟས་ལ་མི་ཆགས་ཤིང་། ། མ་བསླངས་པ་ལའང་ ཆགས་མི་བྱ། ། ནགས་ཚལ་དགོན་པའི་ས་ཕྱོགས་སུ། ། བསོད་སྙོམས་བླངས་ཏེ་བཟའ་བར་བྱ། ། སེམས་ཀྱི་བརྟུལ་ཞུགས་ཆེན་པོ་ཡིས། ། ཏིང་འཛིན་སྟོབས་དང་ལྡན་པར་བྱ། ། ལུས་ཀྱི་བརྟུལ་ཞུགས་ཆེན་པོ་ཡིས། ། ཐོགས་མེད་སྟང་ཐབས་ཚུལ་དུ་གནས། ། ངག་གི་བརྟུལ་ཞུགས་ཆེན་པོ་ཡིས། ། སྔགས་ཀྱི་ཡི་གེ་དྲག་ཏུ་བརྗོད། ། དབེན་པའི་ཕྱོགས་སུ་གནས་བཅས་ལ། ། གཡང་གཞི་གོས་སུ་གྱོན་ནས་ནི། ། ཆེ་བའི་ང་རྒྱལ་རྟག་ཏུ་བསྐྱེད། ། ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། ། སྤང་བར་བྱ་བའི་ཐབས་སུ་སྤྱད། ། ཅང་ཤེས་བརྟུལ་ཞུགས་ཆེན་པོ་ཡིས། ། ཤེས་བྱ་ཀུན་ལ་འཇུག་པར་བྱ། ། ལུས་ཀྱི་རྩལ་གྱི་བྱ་བ་དག ། གྱི་ལིང་བརྟུལ་ཞུགས་ཆེན་པོས་བྱ། ། ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། ། གཙང་སྨེ་མེད་པར་ཀུན་ལ་སྤྱད། ། གླང་ཆེན་མྱོས་པའི་བརྟུལ་ཞུགས་ ཀྱིས། །
BO
མི་འབྱེད་རྨོངས་ཚུལ་བསྟན་པར་བྱ། ། སྟག་མཆོག་རྔམ་པའི་བརྟུལ་ཞུགས་ཀྱིས། ། དཔའ་བརྟུལ་གཏུམ་པའི་ལས་ཆེན་བྱ། ། ཁྱུང་ཆེན་མཁའ་ལྡིང་བརྟུལ་ཞུགས་ཀྱིས། ། ལྟ་བ་སྤྱི་རྒྱ་རླབས་ཀྱིས་གཅད། ། གཏུམ་ཐུང་དོམ་གྱི་བརྟུལ་ཞུགས་ཀྱིས། ། རེ་བ་མེད་པའི་ལས་ཆེན་བྱ། ། རྒྱ་མཚོ་གཏེར་གྱི་བརྟུལ་ཞུགས་ཀྱིས། ། ཡིད་ཐུབ་མི་ལྡོག་བརྟན་པར་བྱ། ། ལྐུགས་པ་ལུག་གི་བརྟུལ་ཞུགས་ཀྱིས། ། གཏི་མུག་བཞིན་དུ་ཤེས་རབ་ལྡན། ། རི་བོ་ལྟ་བུའི་བརྟུལ་ཞུགས་ཀྱིས། ། མི་འགྱུར་རབ་ཏུ་བརྟན་པར་ བྱ། ། ནམ་མཁའ་ལྟ་བུའི་བརྟུལ་ཞུགས་ཀྱིས། ། ཡངས་དོག་ཀུན་དང་བྲལ་བར་བྱ། ། གནམ་ལྕགས་ལྟ་བུའི་བརྟུལ་ཞུགས་ཀྱིས། ། དྲག་ཤུལ་ལས་ལ་སྦྱར་བར་བྱ། ། ལག་ན་རྡོ་རྗེའི་བརྟུལ་ཞུགས་ཀྱིས། ། མཐུ་སྟོབས་དག་ལ་སྤྱད་པར་བྱ། ། ཁ་དོག་ བརྟུལ་ཞུགས་ཆེན་པོ་ཡིས། ། ཟོན་བག་ཁུ་འཕྲིག་སྤྱད་པར་བྱ། ། གླང་ཆེན་ཆུར་འཇུག་བརྟུལ་ཞུགས་ཀྱིས། ། ངེས་པའི་ང་རྒྱལ་སྤྱད་པར་བྱ། ། {རི་དགས་,རི་དྭགས་}སེང་གེའི་བརྟུལ་ཞུགས་ཀྱིས། ། གྲོགས་ངན་ལ་སོགས་སྤང་བར་བྱ། ། རེག་འཇམ་བྱ་ཡི་བརྟུལ་ ཞུགས་ཀྱིས། ། འགྲོགས་ན་བདེ་ཞིང་ཆགས་པར་བྱ། །
BO
སྒྱུ་མ་རྒྱ་ཡི་བརྟུལ་ཞུགས་ཀྱིས། ། ཐབས་ལ་མཁས་པའི་ལས་ཆེན་བྱ། ། ཅེ་སྤྱང་ཁྲ་ཡི་བརྟུལ་ཞུགས་ཀྱིས། ། གཙང་སྨེ་མེད་པར་སྤྱད་པ་དང་། ། ཐོགས་མེད་གསོད་ལ་བརྩོན་པར་བྱ། ། ང་རྒྱལ་ སྟག་མཆོག་བརྟུལ་ཞུགས་ཀྱིས། ། ཆེ་བའི་ང་རྒྱལ་བསྐྱེད་པར་བྱ། ། མཁའ་ལྡིང་ལྟ་བུའི་བརྟུལ་ཞུགས་ཀྱིས། ། ཀུན་དུ་མཛེས་པའི་སྤྱོད་པ་སྤྱད། ། རྒྱལ་པོ་འཁོར་སྐྱོང་བརྟུལ་ཞུགས་ཀྱིས། ། ས་ཐུབ་འཁོར་དང་ལྡན་པར་བྱ། ། བཅུ་གཉིས་དང་ནི་གསུམ་དག་ གི། ། བརྟུལ་ཞུགས་བློ་དང་ལྡན་པར་བྱ། ། དེ་ལ་སོགས་ཏེ་བསམ་མི་ཁྱབ། ། ཅེས་གསུངས་སོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་རྣལ་འབྱོར་གྱི་རིག་པའི་བརྟུལ་ཞུགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ། ། ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ཆན་པོས་ཕྲིན་ལས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཞུགས་ནས་ཡང་འདུས་པའི་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། ། འདུས་ པའི་འཁོར་རྣམས་ཉོན་ཅིག ། བཙལ་མེད་ལྷུན་གྲུབ་དཀྱིལ་འཁོར་ལས། ། ཕྲིན་ལས་རྒྱ་མཚོ་བསམ་ཡས་ཀྱང་། ། རྣལ་འབྱོར་དགོས་པའི་དབང་དག་ཏུ།
BO
། ལས་བཞི་དག་ཏུ་རྒྱལ་བས་གསུངས། ། དང་པོས་ཞི་བའི་ལྷ་ཡིན་ཏེ། ། གཉིས་པ་རྒྱས་པ་ཞེས་ སུ་བྱ། ། གསུམ་པ་དབང་དུ་སྡུད་པའི་ལས། ། བཞི་པ་དྲག་པོའི་ལས་སུ་གསུངས། ། དེ་དག་ལྷ་ཡི་དཀྱིལ་འཁོར་དང་། ། གནས་དང་དུས་དང་རྫས་རྣམས་དང་། ། དབྱིབས་དང་ཁ་དོག་མཎྜལ་དང་། ། ཡུལ་དང་ཏིང་ངེ་འཛིན་དག་དང་། ། ཕྱོགས་དང་སྟན་དང་ འདུག་སྟངས་དང་། ། ཐོ་བ་ཕུར་པ་གཏོར་མ་དང་། ། བཟླས་བརྗོད་ཧོམ་དང་བསྐུལ་ཚིག་དང་། ། འཁོར་ལོ་མེ་ལྷའི་མཚན་ཉིད་དང་། ། ཡུལ་དང་གྲུབ་པའི་འབྲས་བུ་སྟེ། ། བཅུ་གཉིས་དང་ནི་གཉིས་དག་གིས། ། བྱ་བ་ཐམས་ཅད་རྫོགས་པར་གསུངས། ། ཡ་ ནི་ཞི་བའི་མཚན་ཉིད་དེ། ། མ་ཞེས་བྱ་བ་རྒྱས་པ་ཡིན། ། དབང་དུ་སྡུད་པ་བྃ་དུ་བཤད། ། ཨེ་ཉིད་དྲག་པོའི་མཚན་ཉིད་དོ། ། ལྷ་ཡི་རྣལ་འབྱོར་རིམ་པ་ཡང་། ། རྡོ་རྗེ་སེམས་དཔའ་ཞི་དྲག་བྱ། ། རྣམ་སྣང་མཛད་དང་རིན་ཆེན་འཛིན། ། རྒྱས་པའི་ལས་ནི་ བྱེད་པར་འགྱུར། ། སྣང་བ་མཐའ་ཡས་རྒྱས་པ་དང་། ། དབང་གི་ལས་ནི་བྱེད་པར་འགྱུར། ། གདོན་མི་ཟ་བས་ལས་ཀུན་བྱེད། ། ཡང་ན་དྲག་པོ་ཉིད་ལའོ། ། ཀུན་དུ་བཟང་པོས་ཅི་ཡང་བྱེད། ། སྤྱན་ནི་ཞི་བའི་མཆོག་ཡིན་ཏེ། །
BO
བསྲུང་བ་མཱ་མ་ཀཱི་ཡིས་བྱེད། ། གོས་ དཀར་ཅན་གྱིས་དབང་དུ་བྱེད། ། སྒྲོལ་མ་ལས་རྣམས་ཀུན་ལ་སྦྱར། ། ས་ཡི་སྙིང་པོས་རྒྱས་པར་བྱེད། ། ནམ་མཁའི་སྙིང་པོས་འཕེལ་བར་བྱེད། ། ལག་ན་རྡོ་རྗེས་དྲག་པོ་བྱེད། ། སྤྱན་རས་གཟིགས་ཀྱིས་སྙིང་བརྩེ་བར། ། ཡིད་ཀྱིས་ཡིད་དུ་འོང་བར་བྱེད། ། བྱམས་པས་ཆོས་ཀྱི་འཁོར་ལོ་བསྐོར། ། སྒྲིབ་པ་སེལ་བས་རྣམ་དག་བྱེད། ། ཀུན་དུ་བཟང་པོས་ནོར་སྒྲུབ་བྱེད། ། འཇམ་དཔལ་ཤེས་རབ་རྣོ་བར་བྱེད། ། སྒེག་མོས་སངས་རྒྱས་མཚན་རྣམས་འགྲུབ། ། ཕྲེང་བས་རྒྱན་དང་ལྡན་པ་དང་། ། སངས་རྒྱས་ཡུལ་དུ་ ཕྱིན་པར་བྱེད། ། གླུ་ཡིས་དབྱངས་སྙན་གྲུབ་པར་བྱེད། ། རིག་མ་དག་དང་ལྷན་ཅིག་རྩེན། ། གར་གྱིས་ཕྱག་རྒྱ་གར་མཆོག་དང་། ། སངས་རྒྱས་རྣམས་དང་ལྷན་ཅིག་འགྲོགས། ། བདུག་པས་ཡིད་འོང་དངོས་གྲུབ་ཐོབ། ། མེ་ཏོག་རབ་དགྱེས་མཛེས་པར་བྱེད། ། དཱི་བས་འོད་གསལ་མདངས་དང་ལྡན། ། དྲི་ཡིས་དྲི་ང་དག་པར་བྱེད། ། ལྕགས་ཀྱུ་ཡིས་ནི་སྤྱན་དྲང་དང་། ། རྡོ་རྗེས་དགུག་པའི་ལས་རྣམས་བྱེད། ། ཞགས་པས་འདྲེན་ཅིང་འཆིང་བར་བྱེད། ། སྒྲོག་གིས་དབང་དུ་བྱེད་ཅིང་སྡོམ། ། དྲིལ་བུས་དགྱེས་སྒྲོལ་དབབ་པར་བྱེད། །
BO
བྱེད་པ་པོ་དང་བྱ་བ་མོས། ། ཐམས་ཅད་ཐམས་ཅད་ཀུན་ལ་སྦྱོར། ། རྡུལ་སྙེད་དབང་པོ་དྲུག་རྣམས་ཀྱིས། ། ཅིས་འདུལ་ཐབས་ཀྱིས་སྣ་ཚོགས་བྱེད། ། ཁྲག་འཐུང་ཆེན་པོས་གཏི་མུག་འཇོམས། ། ཁྲག་འཐུང་རྡོ་རྗེས་ཞེ་སྡང་འཇོམས། ། རིན་ཆེན་ཧེ་རུས་ང་ རྒྱལ་འཇོམས། ། པདྨ་ཧེ་རུས་འདོད་ཆགས་འཇོམས། ། ལས་ཀྱི་ཧེ་རུས་ཕྲག་དོག་འཇོམས། ། ཁྲག་འཐུང་ཆེན་པོས་ཐིམ་པར་བྱེད། ། བཛྲ་ཀྲོ་དྷིས་འཁྱུད་པར་བྱེད། ། རཏྣ་ཀྲོ་དྷིས་སྦྱོར་བར་བྱེད། ། པདྨ་ཀྲོ་དྷིས་སྐྱོད་པར་བྱེད། ། ཀརྨ་ཀྲོ་དྷིས་འབེབས་ པར་བྱེད། ། དཀར་མོའི་ཚོགས་ཀྱིས་འགུགས་པར་བྱེད། ། རྐུན་མོའི་ཚོགས་ཀྱིས་མཐུ་འཕྲོག་བྱེད། ། རྨོངས་མའི་ཚོགས་ཀྱིས་མྱོས་པར་བྱེད། ། ཐལ་བྱེད་མས་ནི་ཐལ་བར་རློག ། སྦོས་མོའི་ཚོགས་ཀྱིས་དབང་དུ་བྱེད། ། གཏུམ་མོས་སྒྲོལ་ཞིང་མྱོས་ པར་བྱེད། ། སྨེ་ཤ་ཅན་གྱིས་ཟ་བར་བྱེད། ། མ་ཚོགས་མས་ནི་རྒྱུད་འཕེལ་བྱེད། ། སེང་གདོང་ཚོགས་ཀྱིས་ཟིལ་གྱིས་གནོན། ། སྟག་གདོང་ཚོགས་ཀྱིས་འཇོམས་པར་བྱེད། ། ཝ་གདོང་ཚོགས་ཀྱིས་རོལ་པར་བྱེད། ། ཁྱི་གདོང་ཚོགས་ཀྱིས་གསོད་ཅིང་ ཟ། ། རྒོད་གདོང་ཚོགས་ཀྱིས་རྒྱུག་པར་བྱེད། །
BO
དུར་བྱས་རྣམ་པར་འདྲེན་པར་བྱེད། ། བྱ་རོག་ཚོགས་ཀྱིས་དབང་དུ་འདུ། ། འུག་གདོང་ཚོགས་ཀྱིས་འདྲེན་ཅིང་ལྟ། ། གཤེད་པོས་འགུགས་ཤིང་སྒྲོལ་བར་བྱེད། ། བདུད་རྩི་འཁྱིལ་པས་ སྐྲོད་པར་བྱེད། ། གཞན་གྱིས་མི་ཐུབ་མངག་གཞུག་བྱེད། ། རྟ་ཡིས་དུག་རྣམས་འཇོམས་པར་བྱེད། ། དབྱུག་སྔོན་ཅན་གྱིས་གསོད་པར་བྱེད། ། སྟོབས་ཆེན་ཆར་འབེབས་བྱེད་པའི་མཆོག ། མི་གཡོ་བས་ནི་སྐྲག་ཅིང་འཁྲུག ། རྡོ་རྗེ་ཧཱུྃ་གིས་ འཆིང་བར་བྱེད། ། རྣམ་པར་རྒྱལ་བས་གནོན་པར་བྱེད། ། ཁམས་གསུམ་བདག་པོས་འཇོམས་པར་བྱེད། ། ཕྲ་མེན་ཚོགས་རྣམས་མང་པོ་ཀུན། ། མངག་གཞུག་ཕོ་ཉའི་ལས་རྣམས་བྱེད། ། སླས་དང་བྱི་མོའི་ཚོགས་རྣམས་ཀྱིས། ། ཐམས་ཅད་ ཐམས་ཅད་བྱེད་པར་འགྱུར། ། མདོར་ན་ལྷ་ཡི་རྣལ་འབྱོར་ནི། ། ཅིས་འདུལ་ཐབས་ཀྱིས་དེ་ལྟར་རོ། ། ཡིད་འོང་བཀྲ་ཤིས་དབེན་པ་རུ། ། རྡོ་རྗེ་ཞི་བ་སྒྲུབ་པར་ཤིས། ། མེ་ཏོག་ནགས་ཚལ་སྐྱེད་མོས་ཚལ། ། ཉམས་དགའ་བར་ནི་རྒྱས་པར་ཤིས། ། ཁ་ དོག་དམར་ཞིང་གཅོང་རོང་མང་། ། རི་བོར་གནས་སུ་དབང་དུ་བྱ། ། སུམ་མདོ་གྲོག་གླེ་རྐང་གཅིག་དྲུང་། ། རྩུབ་པའི་གནས་སུ་དྲག་པོ་བྱ། ། སྔ་དྲོ་ཞི་བ་གུང་ལ་རྒྱས། །
BO
སྲོད་ལ་དབང་བྱ་གུང་ལ་ནི། ། དྲག་པོའི་ལས་རྣམས་བརྩམ་པར་བྱ། ། རྫས་དང་བསྲེག་བྱའི་རྫས་ རྣམས་ཀྱང་། ། དཀར་ཞིང་དམར་བའི་རྫས་རྣམས་དང་། ། ཞོ་དང་ལྡན་པའི་ཞིང་དག་ག ། རྩེ་མོ་ལས་བྱས་ཞི་བའི་རྫས། ། སེར་ཞིང་ཁ་བའི་རོར་ལྡན་པའི། ། བར་གྱི་ཤིང་ལས་བྱས་པ་ཀུན། ། རྒྱས་པའི་ལས་སུ་བསྔགས་པ་ཡིན། ། སྐྱུར་ཞིང་ཁ་དོག་དམར་ བ་དང་། ། དྲུངས་པ་ལས་བྱས་ཤིང་གི་རྣམས། ། དབང་གི་རྫས་སུ་རབ་ཏུ་གྲགས། ། གནག་ཅིང་རྩུབ་པ་ཚ་བ་ཡི། ། རོར་ལྡན་རྩ་བའི་ཤིང་ལས་བྱས། ། རྡོ་རྗེ་དྲག་པོ་ཉིད་ལའོ། ། ཟླུམ་པོ་དང་ནི་འཁོར་ལོ་དག ། ཞི་བ་ཡི་ནི་ལས་སུ་གསུངས། ། ཟུར་བཞི་ཟུར་ དྲུག་ཟུར་བརྒྱ་དམ། ། པདྨ་འམ་རིན་ཆེན་དབྱིབས་འདྲ་བ། ། རྒྱས་པའི་ལས་ལ་ཤིས་པའོ། ། ཟླ་བ་ཁམ་དང་གཞུ་ཡི་དབྱིབས། ། པདྨོ་སྨྱུང་པོའམ་མཁའ་འདྲ་བ། ། དབང་དུ་བྱ་བའི་ལས་ཡིན་ནོ། ། གྲུ་གསུམ་མམ་ནི་གྲུ་ཆད་དམ། ། རྡོ་རྗེའི་དབྱིབས་དང་མདའ་ འདྲ་བར། ། བྱས་པ་རྡོ་རྗེ་དྲག་པོ་ལའོ། ། དཀར་པོ་ཞི་བ་སེར་པོ་རྒྱས། ། དམར་པོ་དབང་ལ་ནག་པོ་དྲག ། ལྗང་གུ་སྤྱི་ཡི་ལས་སུ་གསུངས། ། སེར་སྐྱ་ཞི་རྒྱས་ལས་ཡིན་ཏེ། ། དམར་སྐྱ་ཞི་བ་དབང་གི་ལས། །
BO
སྔོ་སྐྱ་ཞི་བ་དྲག་པོའི་ལས། ། རྒྱས་དང་དབང་དང་དྲག་ པོ་ལའང་། ། ཞི་བའི་ཚུལ་དུ་སྦྱར་བར་བྱ། ། དེས་ན་ལས་རྣམས་རེ་རེ་ལའང་། ། བཞི་བཞི་དག་ཏུ་རྒྱལ་བས་གསུངས། ། ཟླུམ་པོའི་ཐབ་ཁུང་རྡོ་རྗེ་ཡིས། ། བརྒྱན་པ་ཞི་བའི་དཀྱིལ་འཁོར་ཡིན། ། པདྨ་གྲུ་བཞི་རིན་པོ་ཆེས། ། བརྒྱན་པ་རྒྱས་པའི་ལས་སུ་ཤིས། ། ཟླ་གམ་ཁུང་བུ་མདའ་གཞུས་བརྒྱན། ། དབང་དུ་བསྡུ་བའི་དཀྱིལ་འཁོར་ཡིན། ། གྲུ་གསུམ་རྩང་ཐོད་ཀྱིས་བརྒྱན་པ། ། དྲག་པོ་སྤྱོད་པའི་དཀྱིལ་འཁོར་ཡིན། ། ལྗོན་པ་མ་དང་ལྕུག་ཕྲན་མ། ། སྡོད་ཅིག་མ་དང་མེ་རེག་མ། ། སྤྱན་དང་མཱ་མ་གོས་དཀར་སྒྲོལ། ། བྱིན་ གྱིས་བརླབ་པའི་གནས་བྱས་ཏེ། ། དད་བྱམས་སྙིང་རྗེ་དང་བ་དང་། ། དགའ་ཆགས་བཏང་སྙོམས་ཁྲོས་པ་ཡི། ། ཏིང་འཛིན་དག་གིས་ཞི་དང་རྒྱས། ། དབང་དྲག་སོ་སོའི་འཕྲོ་འདུ་བྱ། ། བྱང་དུ་བལྟས་ཏེ་ཞི་བ་བྱ། ། རྒྱས་པའི་ཚེ་ན་ཤར་དུ་བལྟ། ། དབང་ལ་ནུབ་ཏུ་ དྲག་པོ་ལྷོ། ། ཞི་བ་ཀུ་ཤའི་ཁྲི་སྟེངས་སུ། ། རྫོགས་པའི་སྐྱིལ་མོ་ཀྲུང་དུ་གནས། ། པདྨའི་སྟེང་དུ་སེམས་དཔའ་ཡི། ། སྐྱིལ་མོ་ཀྲུང་གིས་རྒྱས་པར་བྱ། ། ཁྲི་སྟེང་དག་ཏུ་ཕྱེད་སྐྱིལ་གྱིས། ། དབང་དུ་བསྡུ་བའི་ལས་བྱའོ།
BO
། ས་གཞི་གྲུ་གསུམ་ཉིད་ལ་ནི། ། རུས་ སྦལ་གྱི་ནི་རྒྱས་བཏབ་ཀྱིས། ། མངོན་པར་སྤྱོད་པ་བརྩོན་པར་བྱ། ། ཟླུམ་པོ་གྲུ་བཞི་ཟླ་གམ་དང་། ། ཟུར་གསུམ་ཐོ་བའི་གཏུན་ཚོགས་ཀྱིས། ། ལས་བཞི་ཡུམ་གྱི་གཏུན་ཁུང་དུ། ། གཏི་མུག་ང་རྒྱལ་འདོད་ཆགས་དང་། ། ཞེ་སྡང་མཚན་མ་རྡུལ་དུ་བརྡུང་། ། གསེར་དངུལ་ཟངས་དང་ལྕགས་དག་གམ། ། ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། ། རི་རབ་ཚུལ་དུ་རབ་བརྗིད་པའི། ། ཕུར་པ་ལས་རྣམས་སོ་སོ་ཡི། ། ལྷ་ཡི་དཀྱིལ་འཁོར་བསྒོམས་པ་ལ། ། རྩེ་མོ་ཡྃ་བྃ་ཨེ་ཡི་དབྱིབས། ། མཚན་མ་མིང་དུ་ བཅས་པ་ལ། ། བཏབ་ན་ཞི་རྒྱས་དབང་དྲག་འགྱུར། ། དངུལ་ཕྱེ་འབྲས་ཆན་དཀར་པོ་ལ། ། ཞི་བར་འགྱུར་བའི་གཏོར་མར་སྦྱར། ། གསེར་ཕྱེ་འབྲུ་ཆན་སེར་པོ་ལ། ། རྒྱས་པར་འགྱུར་བའི་གཏོར་མ་སྦྱར། ། དབང་ལ་ཟངས་ཕྱེ་འབྲུ་དམར་ཆ་ན། ། དྲག་པོའི་ལྕགས་ཕྱེ་ ཤ་ཁྲག་ལའོ། ། ཤཱན་ཏིང་པུཥྚིང་བ་ཤང་དང་། ། མཱ་ར་ཡ་ཡི་སྔགས་ཚིག་ལ། ། སྭཱ་ཧཱ་སྭཱ་ཧཱ་ཧཱུྃ་ཕཊ་ཀྱིས། ། བརྒྱན་པའི་མགོ་ལ་ཨོྃ་བཞག་པ། ། བཟླས་པའི་སྔགས་སུ་ཤེས་པར་བྱ། ། ཧོམ་ཁུང་ཟླུམ་པོ་གྲུ་བཞི་དང་། ། ཟླ་གམ་གྲུ་གསུམ་གདེངས་པ་རུ། ། རྡོ་རྗེ་ རིན་ཆེན་མདའ་གཞུ་དང་། །
BO
རྡོ་རྗེ་རྩེ་དགུའི་ཕྱག་རྒྱ་གཞག ། ཞོ་ཅན་སེར་སྐྱུར་རྩུབ་པ་ཡི། ། ཡམ་ཤིང་དག་ལ་མེ་སྦར་ཏེ། ། ལྷན་ནེ་གཟི་བྱིན་ལྷུན་ཆེན་དང་། ། གཏུམ་ཆེན་རྔམ་པའི་ལྷ་ཚོགས་ལ། ། ལས་བཞིའི་ཚུལ་དུ་བསྲེགས་ན་འགྲུབ། ། སྔགས་དང་འདོད་ པའི་མིང་སྤེལ་ཏེ། ། བསྐུལ་པ་བྱ་བའི་ཚིག་ཏུ་བཤད། ། རས་སམ་གྲོ་ག་ཤིང་ཤུན་ལ། ། ཞི་རྒྱས་འཁོར་ལོའི་སྔགས་བཅས་བྲི། ། ལྕགས་གསུམ་ག་པུར་བཅུག་ནས་ནི། ། མཆོད་ཅིང་བསྐུལ་ན་གདོན་མི་ཟ། ། ཞིང་ཆེན་རས་སམ་སྨད་དཀྲིས་ལ། ། དབང་དྲག་ འཁོར་ལོའི་སྔགས་བཅས་བྲི། ། ཁམ་ཕོར་ནང་ངམ་ཐོད་པར་གཞུག ། དུར་ཁྲོད་གནས་ལ་སོགས་པ་རུ། ། བསྐུལ་ཞིང་མནན་པ་བྱས་ན་ནི། ། གདོན་མི་ཟ་བར་མནན་པར་འགྱུར། ། ལས་བཞིའི་མེ་ལྷའི་མཚན་ཉིད་ནི། ། མེ་ཡི་ལྷ་ནི་སྣང་མཐའ་ཡས། ། མེ་ཡི་ལྷ་མོ་གོས་དཀར་མོ། ། ཐབས་དང་ཤེས་རབ་འབྲེལ་བས་ནི། ། གང་འདོད་ལས་དེ་བྱེད་པར་འགྱུར། ། གདུག་རྩུབ་རྣམས་ལ་ཞི་བ་སྦྱར། ། དབུལ་ཕོངས་རྣམས་ལ་རྒྱས་པ་སྦྱར། ། དབང་ནི་འདོད་གཟིར་རྣམས་ལ་སྟེ། ། ཞེ་སྡང་ཅན་ལ་དྲག་པོའི་ལས། ། ཐམས་ ཅད་ཞི་བར་འགྱུར་བ་དང་། ། ཡིད་བཞིན་ནམ་མཁའ་འགེངས་པ་དང་། ། དགུག་ཅིང་ཕྱི་བཞིན་འབྲེང་བ་དང་། །
BO
མྱོས་ནས་གས་ཏེ་འཚིག་པ་ནི། ། ལས་བཞིའི་འབྲས་བུར་རྒྱལ་བས་གསུངས། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ ལོའི་མདོ་ཞེས་བྱ་བ་ལས་ལས་ཀྱི་རིམ་པར་ཕྱེ་བའི་ལེའུ་སྟེ་{བཅྭ་,བཅོ་}ལྔ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་སྐྱེ་འགྲོ་ཐམས་ཅད་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞུགས་ནས་ཀྱང་བརྣག་ པའི་ནན་ཏུར་འདི་དག་གསུངས་སོ། ། རྡོ་རྗེ་སློབ་དཔོན་སྨོད་པ་དང་། ། སངས་རྒྱས་བསྟན་པ་འཇིག་པ་དང་། ། ལུ་གུ་རྒྱུད་ལས་འགལ་བྱེད་དང་། ། རྡོ་རྗེ་སྤུན་ལ་འཁུ་བྱེད་པ། ། རྣལ་འབྱོར་སྤྱི་ཡི་དགྲར་གྱུར་དང་། ། སྐྱེ་བོ་ཡོངས་ལ་གནོད་པ་དང་། ། མ་ཆགས་ པ་ཡི་སེམས་ཅན་ལ། ། བརྣག་པའི་ནན་ཏུར་བྱ་བར་གསུངས། ། དགུག་དང་གསད་དང་བསྐམ་པ་དང་། ། དབྱེ་དང་བསྐྲད་དང་མནན་པ་དང་། ། བཅིང་བའི་ལས་དང་བདུན་དག་གིས། ། གྲུབ་པར་འགྱུར་ཞེས་རབ་ཏུ་གསུངས། ། དགུག་པའི་ལས་དག་བྱ་བ་ཡང་། ། བདག་ཉིད་རྣལ་འབྱོར་ལྡན་བྱས་ཏེ། ། རྐང་རྗེས་ཉིད་ཀྱིས་བླངས་ལ། ། མི་རུས་བསྲེགས་པའི་ཐལ་བ་དང་། ། དུར་ཁྲོད་རོ་ཡི་རས་དག་དང་། ། རྒྱ་མཚོར་འབབ་པའི་ཆུ་བོ་ཡི། །
BO
འགྲམ་ཉིད་ནས་ནི་བླངས་པའི་ས། ། རླུང་གིས་ཁྱེར་བའི་ཤིང་ལོ་དང་། ། གྲོག་མཁར་ ས་རྣམས་བཏགས་ནས་སུ། ། ལུང་བོང་གཅིན་གྱིས་སྤྲུ་བར་བྱ། ། དེ་ནས་ཡན་ལག་ཚང་བ་ཡི། ། གཟུགས་ལ་སྙིང་གར་གྲོ་ག་འམ། ། ཤིང་ཤུན་ལེགས་པར་གླན་ནས་ནི། ། ར་ཁྱི་ཁྲག་གིས་མིང་བྲིས་ཏེ། ། ཧཱུྃ་དང་ཕཊ་ཀྱི་བར་དུ་གཞུག ། དྲག་པོའི་དཀྱིལ་ འཁོར་གྲུ་གསུམ་དུ། ། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། ། གང་ན་གནས་པ་དེ་ཉིད་ནས། ། དེ་ཡི་རྣམ་པར་ཤེས་པ་ནི། ། ཐོགས་མེད་རླུང་དང་འདྲ་བ་སྟེ། ། ལྕགས་ཀྱུ་ཡིས་ནི་སྙིང་དྲངས་ཏེ། ། ཡྃ་ལས་རླུང་གིས་བཏེག་ནས་ནི། ། བདག་གི་དྲུང་དུ་ཕྱིན་པ་དང་། ། གཟུགས་བརྙན་ནང་དུ་དེ་བཅུག་པ། ། སྲིན་བུ་མེ་ཁྱེར་འདྲ་བར་གསལ། ། ཞགས་པའི་ཕྱག་རྒྱས་དམ་དུ་གཞུག ། ལྕགས་སྒྲོག་ཕྱག་རྒྱས་སྒྲོག་ཏུ་གཞུག ། དྲིལ་བུའི་ཕྱག་རྒྱས་བརྟན་པར་བྱ། ། གུ་གུལ་ནག་པོའི་དུད་པས་བདུག ། ཡུངས་ ཀར་རྒྱལ་པོའི་མཚོན་གྱིས་བརྡེག ། རྡོ་རྗེ་མིག་གིས་བལྟར་མངོན་པར། ། ཉམས་པ་དེ་ཉིད་གནོན་པར་ནི། ། ཉིན་མཚན་ཀུན་ལ་དྲངས་ཏེ་བསམ། ། ཡང་ན་སུྃ་བྷའང་ལྷག་པར་འཇེབས། ། དེ་ནི་དགུག་པའི་མཆོག་ཏུ་གསུངས། ། གལ་ཏེ་གསད་པའི་ལས་ བྱ་ན། །
BO
དགུག་པ་དེ་ཉིད་སྦྱར་བྱས་ཏེ། ། དུག་ཤིང་སྙིང་པོའི་ཚེར་མ་ཡིས། ། ཁུགས་པའི་གཟུགས་དེ་དབུག་པར་བྱ། ། དྲག་པོར་གྱུར་པའི་ཕུར་པ་ཡིས། ། དཔྲལ་བ་སྙིང་མགྲིན་པུས་མོ་གཉིས། ། གནས་ལྔ་དག་ཏུ་བཏབ་པར་བསྒོམ། ། རྡོ་རྗེ་རྩེ་མོའི་སྔགས་ཀྱིས་ གདབ། ། རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་དང་། ། བེ་ཅོན་རྡོ་རྗེ་གནོད་སྦྱིན་དང་། ། རྡོ་རྗེ་བརྗིད་པས་ཕུར་པ་གནོན། ། བསྐལ་པའི་མཐར་ཡང་ཟུག་བསམས་ཏེ། ། གུ་གུལ་དུད་པས་མྱོས་སུ་གཞུག ། ཡུངས་ཀར་རྒྱལ་པོས་བརྡེག་པར་བྱ། ། དེ་ནས་གཟུགས་ཀྱི་དངོས་ པོ་དེ། ། རབ་ཏུ་རྣོ་བའི་མཚོན་ཆ་ཡིས། ། ཕོ་ནི་རྐང་པ་གཡས་ནས་གཏུབ། ། མོ་ནི་རྐང་པ་གཡོན་ནས་གཏུབ། ། རྨད་དུ་བྱུང་བའི་གཏོར་མ་དང་། ། བཅས་ཏེ་འབར་བའི་ལྷ་ཚོགས་ལ། ། དྲག་པོ་ཧོམ་དུ་སྦྱིན་སྲེག་བྱ། ། ཉིན་མཚན་གུང་ལ་བྱ་བར་གསུངས། ། ལས་ འདི་བྱས་ན་ངེས་པར་ཡང་། ། ལྷ་ཡིས་བསྲུངས་ཀྱང་འཆི་བར་འགྱུར། ། གལ་ཏེ་སྐམ་པའི་ལས་བྱས་ན། ། དགུག་པ་དེ་ཉིད་སྦྱར་བྱས་ཏེ། ། དེ་ཡི་མིང་ནས་སྨོས་ནས་ནི། ། གཟུགས་དེ་དུག་གི་ཚེར་མས་དབུག ། དུག་དང་སྐྱེ་ཚེ་ལན་ཚྭ་དང་། ། འབྲུ་མར་ཚ་བར་ རབ་བསྲེས་ཏེ། ། ཚ་བའི་རིམས་ཀྱིས་གདབ་པའི་ཕྱིར།
BO
། དེ་ཡི་ལུས་ནང་གང་བར་དགང་། ། ཚེར་མའི་མེ་ལ་བསྐམ་པར་བྱ། ། མཚན་མ་མིང་དུ་བཅས་པ་སྟེ། ། ཁམ་ཕོར་རམ་ནི་ཐོད་པར་གཞུག ། དགྲ་ཡི་སྒོ་གང་མནན་བྱས་ན། ། སྐམ་པར་འགྱུར་བར་གདོན་མི་ ཟ། ། ཡང་ན་ཚ་བས་བཏབ་པར་འགྱུར། ། གལ་ཏེ་གནས་ནས་སྤོ་བྱ་ན། ། ཏིང་འཛིན་ལྡན་པའི་རྣལ་འབྱོར་པས། ། དགུག་པ་དེ་ཉིད་སྦྱར་བྱས་ཏེ། ། རྡོ་རྗེ་མིག་གིས་མཐོང་བ་དང་། ། རླུང་གི་དཀྱིལ་འཁོར་སྟེང་དག་ཏུ། ། རྡོ་རྗེ་རྔ་མོ་རབ་བསམས་ཏེ། ། དེ་ཉིད་ རྒྱབ་ཏུ་བསྐྱོན་ནས་ནི། ། རྡོ་རྗེ་ཁྲོ་བོ་འབར་བ་ཡིས། ། གཤིན་རྗེའི་ཕྱོགས་སུ་ཁྲིད་པ་དང་། ། གཞན་གྱིས་བརྡེག་པའི་ཐབས་སུ་སྦྱར། ། རལ་གྲིས་རྒྱུ་མ་གཏུབས་པ་དང་། ། བྱ་རོག་འུག་པ་བྱ་རྒོད་ཀྱིས། ། ཟ་ཞིང་འཐོག་པར་རྣམ་བསམས་ནས། ། དེ་ཡི་མིང་ནས་ བསྐུལ་བྱས་ན། ། དེས་ནི་མྱུར་དུ་སྐྲོད་པར་འགྱུར། ། རྡོ་རྗེ་མི་འཆི་ལས་ཀྱིས་སྦྱར། ། ཡང་ན་རྐང་རྗེས་ས་དང་ནི། ། ཤིང་ལོ་རླུང་གིས་གཙུབས་པ་ལ། ། མཚན་མ་མིང་དུ་བཅས་པར་བྱ། ། མིང་ནས་དྲག་ཏུ་བསྐུལ་བྱ་ཞིང་། ། རྡོ་རྗེ་འབར་བའི་ཁྲོ་བོ་ཡིས། ། གཤིན་རྗེའི་ དྲུང་དུ་ཁྲིད་པ་དང་། ། བགེགས་ཀྱི་དྲུང་དུ་མནན་བྱས་ན། །
BO
དེས་ཀྱང་བསྐྲད་པའི་ལས་སུ་འགྱུར། ། ཡང་ན་དགྲ་ཡི་སྒོ་ག་རུ། ། ཐོད་པ་མ་གས་མ་ཆག་པར། ། རྡོ་རྗེ་སྔགས་ཀྱི་ཚིག་བྲིས་ཏེ། ། རྡོ་རྗེ་མི་འཆི་རྣམ་པར་བསྒོམ། ། དགྲ་ཡི་སྒོ་རུ་བཞག་ན་ནི། ། བསྐྲད་ པར་འགྱུར་བ་གདོན་མི་ཟ། ། གལ་ཏེ་དབྱེ་བའི་ལས་བྱས་ན། ། ཁྲོ་བོའི་སྔགས་དང་མིང་སྤེལ་ཏེ། ། འུག་པའི་སྒྲོ་ལ་བྲིས་ནས་ནི། ། བྲམ་ཟེའམ་དགེ་སྦྱོང་སྐྲས་དཀྲིས་ཏེ། ། ལམ་གྱི་བཞི་མདོར་བརྐོས་ཏེ་གཞུག ། དེ་ལ་རྡོ་རྗེ་ཁྲོ་བོ་གཉིས། ། འཐབ་ཅིང་རྩོད་པར་རྣམ་བསམས་ ན། ། གསད་དེ་དབྱེ་བར་གདོན་མི་ཟ། ། གལ་ཏེ་མནན་པའི་ལས་བྱས་ན། ། དགུག་པ་དེ་ཉིད་སྦྱར་བྱས་ཏེ། ། མངོན་སུམ་ཁུགས་པར་གྱུར་པ་དང་། ། དེ་སྟེང་དབང་ཆེན་རིམ་པར་བསྐྱེད། ། རི་རབ་སྟེང་དུ་བསྒོམ་པ་ནི། ། ལས་ཀྱི་ལྷ་སྟེ་དོན་ཡོད་གྲུབ། ། རྡོ་རྗེ་རྒྱ་གྲམ་ བརྗིད་ལྡན་པས། ། བསྐལ་པ་ཡུན་དུ་གནོན་པར་བསམ། ། གཟུགས་བརྙན་ཐོད་པ་གང་བར་གཞུག ། ལམ་གྱི་བཞི་མདོར་དེ་བཞིན་བྱ། ། དེས་ནི་རབ་ཏུ་མནན་པར་འགྱུར། ། གལ་ཏེ་བཅིང་བར་འདོད་པ་ན། ། དགུག་པ་དེ་ཉིད་སྦྱར་བྱས་ཏེ། ། མཚན་མ་མིང་དུ་བཅས་པ་ དེ། ། ཚོན་སྐུད་སྣ་ལྔས་མགོ་ལུས་དཀྲི། །
BO
རྡོ་རྗེ་སྒྲོག་གིས་བཅིངས་བསམས་ནས། ། ཐོད་པ་མ་ཉམས་ནང་དུ་གཞུག ། ལམ་གྱི་བཞི་མདོའམ་དུར་ཁྲོད་དུ། ། སྦས་ན་ངེས་པར་བཅིངས་པར་འགྱུར། ། གཞན་ཡང་གསད་པའི་བརྟུལ་ཞུགས་ནི། ། ཁྲག་དང་དྲི་ཆུ་བཤང་གཅི་ཡིས། ། གཤེར་བར་བྱས་བའི་གོས་གྱོན་ཏེ། ། ཁྲོ་བོའི་རྒྱལ་པོར་སྦྱར་བྱས་ནས། ། རྐང་པས་གཟུགས་བརྙན་མནན་ནས་ནི། ། ཁྲོས་པས་གསང་སྔགས་བརྒྱ་རྩ་བརྒྱད། ། རྫོགས་པར་བཟླས་ན་ངེས་པར་འཆི། ། ཐལ་བའི་སྐྱོ་མ་སྤངས་ པའམ། ། སྐྲ་བཤིག་གཅེར་བུར་ཕུད་པའང་རུང་། ། དེ་ལྟ་བུ་ཡི་སྦྱོར་བ་ཡིས། ། སངས་རྒྱས་དག་ཀྱང་འཆི་འགྱུར་ན། ། ཁམས་གསུམ་སྐྱེ་བོ་སྨོས་ཅི་དགོས། ། ཞེས་གསུངས་པས་འདུས་པའི་འཁོར་ཚོགས་ཐམས་ཅད་འཇིགས་སྐྲག་སྟེ། རང་རང་གི་སྟན་ལས་ ལངས་ནས་ལུས་ས་ལ་བརྡབས་པའི་ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ཏེ། ཆོ་འཕྲུལ་རྣམ་པ་དུ་མ་བསྟན་ནས་ངོ་མཚར་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་གིས་བསྟོད་པ། ཨེ་མའོ་ངོ་མཚར་ཡ་མཚན་གྱི། ། ཆོ་འཕྲུལ་ཀུན་གྱི་འབྱུང་གནས་གཙོ། ། ངོ་མཚར་ཀུན་གྱི་ བདག་པོ་མཆོག ། རྡོ་རྗེ་རྒྱལ་ལ་ཕྱག་འཚལ་འདུད། ། བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་དང་། ། ཕྱག་རྒྱ་བསྙེན་སྒྲུབ་བསྒྲུབ་པ་དང་། །
BO
སྡོམ་དང་གསལ་ཞུགས་ལས་རྣམས་དང་། ། ནན་ཏུར་བདག་པོ་ཁྱོད་ལ་འདུད། ། ཁྱོད་ནི་སངས་རྒྱས་ཀུན་གྱི་ཡབ། ། དེ་བཞིན་ རྒྱལ་སྲས་སྙིང་པོར་འགྱུར། ། བདག་ཅག་རྣམས་ཀྱིས་རྟེན་པའི་གནས། ། མ་རུངས་འདུལ་གཙོ་ཁྱོད་ལ་འདུད། ། ཨེ་མའོ་སྣང་དང་མི་སྣང་བརྟན་གཡོ་ལ་སོགས་ཆོས་ཀུན་ཉིད་ཀྱི་སྒྱུ་འཕྲུལ་དྲ་བ་འཁྲུལ་ལ་སྣང་། ། བསམ་ཡས་བསམ་དཔག་ལས་འདས་ཆོས་ ཀུན་ངོ་མཚར་རྨད་བྱུང་ཆོ་འཕྲུལ་སྣ་ཚོགས་ཀུན་དུ་སྣང་། ། རྟོག་མེད་མཉམ་ཉིད་དབྱིངས་ལས་ཇི་སྲིད་འཕྲུལ་ཀྱང་དབྱིངས་ལས་གཡོས་པ་རྡུལ་གྱི་ཆ་ཙམ་མེད། ། དོན་དམ་བདེན་པའི་ཆོ་འཕྲུལ་ཀུན་རྫོབ་གསང་སྔགས་ཆེ་བའི་ཁྱད་པར་རྨད་འབྱུང་ཨེ་མའོ་ངོ་ མཚར་ཆེ། ། ཞེས་མགྲིན་གཅིག་ཏུ་གསོལ་བ་བཏབ་སྟེ། འདུས་པའི་འཁོར་ཚོགས་རྣམས་ལ་ལ་ནི་བྱང་ཆུབ་སེམས་ཀྱི་མཚན་ཉིད་ལ་སེམས་ཤིང་ཅང་མི་སྨྲ་བར་འཁོད་དོ། ། ལ་ལ་ནི་དཀྱིལ་འཁོར་རྣམས་རིམ་གྱིས་དགོད། ལ་ལ་ནི་ལྷུན་གྱིས་གྲུབ་པའི་ གར་དང་ཕྱག་རྒྱ་ཉེ་བར་སྟོན། ལ་ལ་ནི་གསང་སྔགས་ཀྱི་སྒོ་ཟབ་མོ་བསྙེན་སྒྲུབ་རྣམ་པ་བཞིར་འཇུག་ཅིང་མི་ལྡོག ། ལ་ལ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆེ་བ་དག་སྟོན།
BO
ལ་ལ་ནི་གསང་སྔགས་ཀྱི་དམ་ཚིག་སྙིང་ལ་གནས་པར་སྡོམ། ལ་ལ་ནི་བརྟུལ་ ཞུགས་ཟབ་མོ་ལ་འཇོལ་ཉག་ཏུ་རོལ། ལ་ལ་ནི་གདུག་པའི་ཚོགས་ཉེན་ཅིང་ཚར་གཅོད། ལ་ལ་ནི་རྨུགས་པ་དང་། རེངས་པ་དང་། འདོད་གཟིར་དང་། དྲེགས་པ་རྣམས་དང་། སྦྱོར་བའི་ལས་ཀྱི་རོལ་པས་དགྱེས། ལ་ལ་ནི་ནན་ཏུར་གྱི་ཆེ་བ་སྟོན་ཅིང་ལིང་ ལོང་ཕྱད། ཐམས་ཅད་བླ་འཁྱལ་བའི་སྤྱོད་པ་ཅན་དུ་གྱུར་ཏོ། ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ནི་ཡུམ་རྔམ་པ་ཀྲོ་དྷིའི་རྒྱལ་མོ་དང་གཉིས་སུ་མེད་པར་དེ་བཞིན་ཉིད་ཀྱི་དབྱིངས་ལ་དགོངས་ཤིང་ཅང་མི་གསུང་བར་གྱུར་ཏོ། ། འཕགས་པ་རྒྱུད་ ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་ནན་ཏུར་གྱི་ལས་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་{སྷོ,སོ}། ། ། ། རྒྱ་གར་གྱི་མཁན་པོ་བཛྲ་བི་ཤྭ་མི་ཏྲ་དང་ཞུ་ཆེན་གྱི་ལོ་ཙྪ་བ་པ་གོར་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་ཅིང་ ཞུས་ཏེ་གཏན་ལ་ཕབ་པའོ། ། ། །
BO
དེ་ནས་ཡང་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་དེ་བཞིན་ཉིད་ཀྱི་ངང་ལ་མི་གཡོ་བར་བརྣལ་བཞིན་དུ་ཆོ་འཕྲུལ་འབྱུང་བའི་གླུ་འདིས་རྣམ་པར་བསྐུལ་ལོ། ། ཨེ་ མའོ་མི་དམིགས་ཆོས་དབྱིངས་དག་པ་ལས། ། འབར་བའི་སྐུ་མཆོག་བདག་ལ་བསྟན་དུ་གསོལ། ། རོལ་པའི་ཆོ་འཕྲུལ་མི་ཟད་རྒྱན་དུ་ཆེ། ། དོན་ལ་རྔམ་པའི་སྤྱོད་པས་རོལ་དུ་གསོལ། ། ཨ་ལ་ལ་ཧོ་ཞེས་བསྐུལ་བས་བསྐུལ་བར་ཐུགས་སུ་ཆུད་ནས་སྐུ་ཉི་མའི་སྙིང་ པོ་ལྟ་བུ་མངོན་དུ་ཕྱུང་སྟེ་ཆོ་འཕྲུལ་རྣམ་པར་འཕྲུལ་པས་སྣོད་བཅུད་དང་སའི་ཁྱད་པར་ཐམས་ཅད་ལ་སྣང་བར་མཛད་པའོ། ། དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་མཆོད་པ་རྒྱས་པ་དེ་ཁོ་ན་ཉིད་ཀྱིས་མངོན་པར་མཆོད་དེ་བརྐྱང་ ཕྱག་འཚལ་ནས་གསོལ་བ་བཏབ་པ། ཨེ་མའོ་གསང་མཆོག་དག་པའི་བདག ། ཡེ་ཤེས་ཤེས་བགྱི་ཇི་ལྟར་ལགས། ། རྔམ་པ་ཞེས་ནི་གང་ལ་བགྱི། ། གློག་ཕྲེང་ཞེས་པ་ཇི་ལྟར་ལགས། ། འཁོར་ལོ་ཞེས་པ་ཇི་ལྟ་བུ། ། མདོ་ཡི་དོན་ནི་ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ། ཞེས་གསོལ་བ་བཏབ་པ།
BO
གསང་བ་མཆོག་གི་བདག་པོས་གསོལ་བ་བཏབ་པ་ཐུགས་སུ་ཆུད་ནས་ཡེ་ཤེས་སྙིང་པོ་ཅན་རྣམས་ཉོན་ཅིག ། ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། ། ཤེས་དང་ཤེས་བྱ་ཐ་དད་མིན། ། རིག་ པའི་ངོ་བོ་རྣམ་པ་ལྔ། ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། ། བྱང་ཆུབ་སེམས་སུ་རྒྱལ་བས་གསུངས། ། དྲེགས་པ་འདུལ་ཞིང་ནན་ཐུར་གྱིས། ། ཐོགས་ཆགས་མེད་པའི་བརྟུལ་ཞུགས་པས། ། སྔགས་སྤྱོད་རྔམ་པའི་ཁྱད་པར་དེ། ། རྔམ་པས་རྔམ་པའི་མཚན་ ཉིད་ཡིན། ། གློག་ནི་མྱུར་དུ་འཇུག་པའི་ཕྱིར། ། འཇུག་པའི་ཡན་ལག་བཞི་དག་དང་། ། སྡོམ་དང་ལས་བཞིའི་ཁྱད་པར་གྱིས། ། དངོས་གྲུབ་ལས་ལ་མྱུར་འཇུག་པའོ། ། རང་བཞིན་ཏིང་འཛིན་གཟུགས་བརྙན་དང་། ། ཕྱག་རྒྱ་དངོས་གྲུབ་འབྲེལ་བཅས་ ནི། ། འཁོར་ལོ་ཞེས་སུ་རྒྱལ་བས་གསུངས། ། དེ་བས་མིང་ནི་དོན་མཐུན་གྲགས། ། རིག་ཅིང་གསལ་བའི་ངོ་བོ་པས། ། ཡེ་ཤེས་ཞེས་སུ་བརྗོད་པ་ཡིན། ། རྔམ་པ་ཞེས་པ་དྲག་ཤུལ་སྤྱོད། ། མྱུར་ཞིང་བར་ཆད་མེད་པས་ན། ། ལོག་གི་ཕྲེང་བ་ཞེས་ སུ་བྱ། ། སྐོར་དང་གཅོད་དང་རྒྱུན་མི་གཅད། ། འཁོར་ལོ་ལྟ་བུའི་རྣམ་པ་དེར། ། གསང་བ་ཀུན་འདུས་མདོ་བྱའོ། ། ཞེས་གསུངས་སོ། །
BO
དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་གསོལ་པ། རྒྱུད་ཅེས་བགྱི་བ་ཇི་ལྟ་བུ། མདོ་འདི་ འབྲེལ་པ་ཇི་ལྟར་ལགས། ། དེ་བཞིན་དགོས་དང་ཡང་དགོས་ཅི། ། བརྗོད་པ་ཇི་ལྟར་ཤེས་པར་བགྱི། ། བཅོམ་ལྡན་གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། འབྲེལ་དང་མ་ཚང་མེད་པ་དང་། ། ཕུན་སུམ་ཚོགས་ཕྱིར་རྒྱུད་ཅེས་བྱ། ། འདི་དོན་ རིག་པའི་སྐྱེས་བུ་ཡིས། ། གསང་བ་ཀུན་དོན་ཤེས་པའི་ཕྱིར། ། ཕྱོགས་བཅུ་ཀུན་དུ་རབ་གྲགས་པའི། ། རྒྱུད་ཀུན་དང་ནི་འབྲེལ་པར་བཤད། ། གསང་བའི་སྒོར་ཞུགས་རྣལ་འབྱོར་པ། ། བྱང་ཆུབ་སེམས་དང་དཀྱིལ་འཁོར་དང་། ། ཕྱག་རྒྱ་བསྙེན་དང་ དངོས་གྲུབ་དང་། ། སྡོམ་དང་བརྟུལ་ཞུགས་མ་རུངས་མཉེས། ། ལས་དང་ནན་ཏུར་བྱ་བའི་རྣམས། ། མཆོག་ཏུ་དགོས་པས་དགོས་པ་ཡིན། ། བདེན་གཉིས་རྟོགས་ནས་བདག་གཞན་དོན། ། གྲུབ་པ་ཡང་དགོས་ཡིན་པར་བཤད། ། དགོས་པའི་དོན་ ཡང་རྫོད་བྱེད་པའི། ། དོན་བསྡུས་མདོ་འདི་བརྗོད་པ་ཡིན། ། དེ་བས་རྣམ་པ་བཞི་པོ་ཡིས། ། བདེ་བླག་ཏུ་ནི་རྟོགས་པར་འགྱུར། ། ཞེས་གསུངས་སོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། དབང་མཆོག་དམ་པ་མ་ཐོབ་པར། ། སྒྲུབ་པ་ཅི་ཡང་མི་འགྲུབ་པ། །
BO
ཇི་ལྟར་དབང་བསྐུར་མཚན་ཉིད་ལགས། ། སྣོད་ནི་ཇི་ལྟ་བུ་དག་ལགས། ། {གོ་རིམས་,གོ་རིམ་}ཇི་ལྟ་བུ་དག་ལགས། ། རྣམ་གྲངས་དག་གི་མཚན་ཉིད་ཅི། ། དབང་ཐོབ་རྟགས་དང་མཚན་མ་ཅི། ། བཅོམ་ལྡན་སྙིང་པོས་བཤད་དུ་གསོལ། ། གསང་བ་མཆོག་ གི་བདག་པོས་བཀའ་སྩལ་པ། གསང་བའི་ཚིག་ལ་གསལ་འདྲིས་ཤིང་། ། དོན་ལ་གཞོལ་ཞིང་ཡིད་ཆེས་ཀྱང་། ། དབང་བསྐུར་བཀའ་རྟགས་མ་བྱིན་པར། ། ནོར་བུ་བློན་བྲལ་བསྐོས་པ་ལྟར། ། ས་རྣམས་ཐོབ་པར་མི་འགྱུར་རོ། ། སེམས་ཀྱིས་ ཆོས་ལ་དབང་ཐོབ་ན། ། རྫས་ཚིག་གང་ཟག་དབང་རྣམས་ཀུན། ། མ་བསྐུར་ན་ཡང་ཐོབ་པར་འགྱུར། ། བསྐུར་ནའང་ཉེས་པ་མེད་པར་བཤད། ། རིག་པ་རང་དབང་ཐོབ་གྱུར་ན། ། བསྐུར་བའི་དབང་ལ་ཐོགས་པ་མེད། ། དེ་ནི་དབང་གི་མཚན་ ཉིད་ཡིན། ། རས་ཆོད་བྱེད་ཅིང་ཚུལ་འཆོས་པའི། ། དད་དང་མི་ལྡན་བརྩོན་འགྲུས་ཆུང་། ། བློ་ཞན་ངེས་མེད་འཕྱར་ལ་གཡེང་། ། བླ་མ་སྤུན་ལ་སྲི་ཞུ་ཆུང་། ། དེ་ནི་དབང་གི་སྣོད་མ་ཡིན། ། དད་དང་ལྡན་ཞིང་བརྩོན་འགྲུས་ཆེ། ། མཉན་བསམ་སློབ་ལ་མི་སྐྱོ་བ། ། བླ་མ་སྤུན་ལ་བཀུར་སྟི་བྱེད། ། གསང་བ་ཉན་པའི་དབང་བསྐུར་རོ། ། རྣམ་བཞི་ལས་ཀྱི་དགོས་པ་ཚང་། ། བྱ་བའི་ལས་ལ་མ་རྨོངས་ན།
BO
། ཀར་མ་ལས་ཀྱི་དབང་བསྐུར་རོ། ། ལྟ་བས་མཉམ་པའི་དོན་རྟོགས་ ན། ། རྒྱལ་འཐེབ་འཆད་ཅིང་སྟོན་པའི་དབང་། ། ཚད་མ་གསུམ་དང་རབ་ལྡན་ཞིང་། ། རྐྱེན་ཐུབ་རྡོ་རྗེ་སློབ་དཔོན་དབང་། ། ཐེག་པའི་རིམ་པ་ཐམས་ཅད་ལ། ། ཕྱོགས་རིས་མེད་ཅིང་མ་རྨོངས་ན། ། རབ་འབྱམ་རྒྱལ་པོའི་དབང་ཐོབ་པའོ། ། རྐྱེན་ཐུབ་ བརྟུལ་ཞུགས་ཆེ་བ་དང་། ། སྐྱོན་རྣམས་སྤངས་ཤིང་དམ་ཚིག་ལྡན། ། གསང་བ་སྒྲུབ་པའི་དབང་ཐོབ་པའོ། ། དང་པོར་གསང་བ་ཉན་པའི་དབང་། ། རིན་ཆེན་རིགས་ཀྱིས་རྣ་བ་ལའོ། ། དེ་ནས་རྡོ་རྗེ་ལས་ཀྱི་དབང་། ། ལས་ཀྱི་རིགས་ཀྱིས་ཡན་ལག་ ལའོ། ། དེ་ནས་གསང་བ་སྒྲུབ་པའི་དབང་། ། རྡོ་རྗེ་རིགས་ཀྱིས་སྙིང་གར་རོ། ། དེ་ནས་རྒྱལ་འཐེབ་རྒྱལ་པོའི་དབང་། ། སངས་རྒྱས་རིགས་ཀྱིས་སྤྱི་བོ་ལའོ། ། དེ་ནས་གསང་བ་འཆང་བའི་དབང་། ། པདྨའི་རིགས་ཀྱིས་ལྕེ་ལ་བསྐུར། ། དེ་ནས་རབ་འབྱམ་རྒྱལ་ པོའི་དབང་། ། ཡན་ལག་རིགས་ལྔས་དབང་བསྐུར་རོ། ། དང་པོ་གསུམ་པ་བདག་གི་དོན། ། གཉིས་པ་བཞི་པ་གཉིས་ཀ་སྟེ། ། ལྔ་པ་དྲུག་པ་གཞན་དོན་དུ། ། དབང་མཆོག་བསྐུར་བའི་{གོ་རིམས་,གོ་རིམ་}ཡིན། ། རྣམ་གྲངས་{གོ་རིམས་,གོ་རིམ་}མཚན་ཉིད་ནི། །
BO
དང་ པོར་ཕྱི་ཡི་དབང་བཅུ་བསྐུར། ། དེ་ནས་ནང་དབང་བཅུ་དང་གཅིག ། དེ་ནས་སྒྲུབ་པའི་བཅུ་དང་གསུམ། ། ཐ་མར་གསང་བ་རྣམ་པ་གཉིས། ། བཅུ་ཕྲག་གསུམ་དང་དྲུག་དག་གིས། ། དབང་མཆོག་དམ་པ་བསྐུར་བ་ཡིན། ། དང་པོ་བཀའ་རྟགས་ཕྱག་ རྒྱའི་དབང་། ། གཉིས་པ་རྟགས་ཀྱི་མཚན་མའི་དབང་། ། གསུམ་པ་ཤེས་རབ་གཟུགས་ཀྱིས་ཏེ། ། བཞི་པ་བཀྲ་ཤིས་བུམ་པའི་དབང་། ། ལྔ་པ་བཀྲ་ཤིས་རྫས་ཀྱི་དབང་། ། དྲུག་པ་རིན་ཆེན་སྣ་བདུན་དབང་། ། བདུན་པ་གདན་མཆོག་དམ་པའི་ དབང་། ། བརྒྱད་པ་མཛེས་པ་རྒྱན་གྱི་དབང་། ། དགུ་པ་གསང་བ་མིང་གི་དབང་། ། བཅུ་པ་རྒྱལ་རྟགས་འཁོར་ལོ་སྟེ། ། ཕྱི་དབང་བཅུ་པོ་རྫོགས་པ་དང་། ། རྡོ་རྗེ་ནང་དུ་གཞུག་པར་བྱ། ། དང་པོ་གསང་བ་ཉན་ཅིང་སློབ་པའི་དབང་། ། གཉིས་པ་གླེགས་ བམ་ཟབ་མོ་གཏད་པར་བྱ། ། གསུམ་པ་རྣམ་བཞི་ལས་ཀྱི་རྫས་ཀྱང་སྦྱིན། ། བཞི་པ་རྒྱལ་ཚབ་དམ་པའི་མཛོད་གསུམ་སྦྱིན། ། ལྔ་པ་སློབ་དཔོན་བཞི་ཡི་ཐེག་ཆེན་རྟགས། ། དྲུག་པ་ཉི་ཟླ་པདྨ་སེམས་ཅན་གདན། ། བདུན་པ་རྒྱལ་པོ་གསང་བའི་རིན་ཆེན་ བདུན། ། བརྒྱད་པ་གཟུགས་བརྙན་སྤྱི་བོར་གཞག ། དགུ་པ་སྐུ་གསུམ་ཡེ་ཤེས་སྦྱིན། ། བཅུ་པ་བཀྲ་ཤིས་དམ་རྫས་དབང་། །
BO
དེ་ནས་ལག་ཏུ་རྡོ་རྗེ་སྦྱིན། ། བཅུ་དང་གཅིག་གིས་ནང་བཅུག་ནས། ། སྒྲུབ་པའི་དབང་མཆོག་སྦྱིན་པར་བྱ། ། དང་པོར་སེམས་ ཀྱི་གཏན་ཚིགས་སྦྱིན། ། གཉིས་པ་སྙིང་རྗེའི་དབང་བསྐུར་སྦྱིན། ། གསུམ་པ་ཡི་གེ་འཁོར་ལོ་སྦྱིན། ། བཞི་པ་ཐོང་གཤོལ་འབར་བ་སྦྱིན། ། བྷན་དྷ་གང་བ་སྦྱིན་དང་ལྔ། ། དྲུག་པ་མཚོན་ཆ་སྣ་ཚོགས་ཏེ། ། བདུན་པ་སྐྱོན་མེད་པདྨ་སྦྱིན། ། བརྒྱད་པ་ སྟི་རའི་དབྱུག་པ་སྦྱིན། ། དགུ་པ་སྦྲུལ་ནག་ཆུན་པོ་སྦྱིན། ། བཅུ་པ་དྲི་མེད་ལྷ་མོ་སྦྱིན། ། གཅིག་པ་འདོད་པའི་ལོངས་སྤྱོད་ཀུན། ། གཉིས་པ་སྒྲུབ་རྫས་རབ་ཏུ་སྦྱིན། ། གསུམ་པ་རྡོ་རྗེ་གསང་མི་སྦྱིན། ། བཅུ་དང་གསུམ་པ་རྫོགས་པ་དང་། ། གསང་བ་དམ་པ་སྦྱིན་ པ་ཡང་། ། དཀར་དམར་འདྲེས་པའི་བྱང་ཆུབ་སེམས། ། བུ་མཆོག་དེ་ཡི་ལྕེ་ལ་གཞག ། སྙིང་པོ་དོན་དམ་བྱང་ཆུབ་སེམས། ། དེ་ཡི་བློ་ལ་གཞག་པར་བྱ། ། དབང་མཆོག་ཐོབ་པའི་ལྟས་རྣམས་ཀྱང་། ། བློ་རྩལ་ཆེ་བའི་བདག་ཉིད་དང་། ། སྣང་བ་ལུས་ཀྱི་ སྔ་ལྟས་དང་། ། ངོ་མཚར་ཆེ་བའི་རྫས་རྙེད་དང་། ། མཚན་མ་པྲ་ཡི་རྨི་ལྟས་འབྱུང་། ། བློ་རྩལ་ཆེ་བའི་ཁྱད་པར་དུ། ། ཡང་དག་བདེན་པའི་དོན་རྣམས་ལ། །
BO
མི་སྐྲག་དགའ་མགུ་སྐྱེ་བར་འགྱུར། ། འཁོར་བའི་ཆོས་ལ་སྐྱོ་སེམས་འབྱུང་། ། རྣམ་གྲངས་ཆོས་ལ་དད་མི་འགྱུར། ། ཇི་ལྟར་སྣང་བའི་མཚན་མ་ཀུན། ། སྒྱུ་མ་བཞིན་དུ་ཤེས་པར་འགྱུར། ། འཇིག་རྟེན་པ་ཡི་མཐུ་ཆེན་ལ། ། འཇིགས་ཤིང་ཉམ་ང་མེད་པར་འགྱུར། ། དེ་ལ་སོགས་ཏེ་མཐའ་ཡས་མཆོག ། སྣང་བ་ལུས་ཀྱི་སྔ་ལྟས་ཀྱང་། ། ལུས་ཀྱིས་བཟོད་པ་ཐོབ་པ་དང་། ། འདུ་བའི་ནད་དང་བྲལ་བ་དང་། ། ཁམ་ཀྱི་ཟས་དང་བྲལ་བ་དང་། ། དབང་པོའི་གཟི་མདངས་གསལ་བ་དང་། ། བར་སྣང་དག་ལ་ལྡིང་བ་དང་། ། ཤིང་བལ་ལྟ་བུར་ཡང་བ་དང་། ། ཆུ་ལ་མི་འབྱིང་མེས་མི་འཚིག ། རླུང་གིས་ ཁྱེར་བར་ནུས་མི་འགྱུར། ། དེ་ལ་སོགས་ཏེ་མཐའ་ཡས་མཆོག ། ངག་གིས་ཇི་སྙེད་བརྗོད་པ་བཞིན། ། འགྱུར་བ་ཡིན་པར་ཤེས་པར་བྱ། ། རྫས་ཀྱི་དམ་པ་ཡོན་ཏན་ལྡན། ། རྙེད་ཅིང་ཐོབ་པ་དག་ཏུ་འགྱུར། ། ཉམས་དང་རྨི་ལམ་དག་ཏུ་ཡང་། ། དབང་ མཆོག་ཇི་ལྟར་བསྐུར་བ་བཞིན། ། དེ་དག་ནུས་པའི་རྣམ་པ་འབྱུང་། ། དེ་དག་དབང་བསྐུར་ཐོབ་པའི་རྟགས། ། ཞེས་གསུངས་སོ། ། དེ་ནས་ཡང་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་འདི་སྐད་ཅེས་གསོལ་བ་བཏབ་བོ། ། ཡེ་ཤེས་རྣལ་འབྱོར་ ཅན་རྣམས་ཀྱིས། །
BO
གསང་བ་སྦས་པའི་ཐབས་ཚུལ་དུ། ། སྦས་པས་གྲུབ་པའང་མྱུར་བ་དང་། ། གསང་བའི་དམ་ལ་གནས་བྱ་དང་། ། བརྡ་ལ་དགའ་བའི་མི་རྣམས་ཀུན། ། ཉེ་ཞིང་གདུང་བར་བྱ་བའི་ཕྱིར། ། ལུས་དང་ངག་གི་བརྡ་རྣམས་ཀུན། ། གསང་བའི་ བདག་པོས་བཤད་དུ་གསོལ། ། ཞེས་གསོལ་བ་བཏབ་པ་དང་། གསང་བའི་བདག་པོས་བཀའ་སྩལ་པ། ། གསང་བ་སྦས་པའི་ཐབས་ཚུལ་དུ། ། བརྡ་ཡི་དམ་ཚིག་བཤད་པར་བྱ། ། འདུས་པའི་འཁོར་རྣམས་ལེགས་པར་ཉོན། ། ལུས་བརྡ་དམ་ཚིག་ ཕྱག་རྒྱ་ནི། ། ལག་པ་གཡས་པས་བྱ་བ་ཀུན། ། རྣལ་འབྱོར་པ་ཡིས་བྱ་བའི་བརྡ། ། གཡོན་པས་བྱ་བ་མ་ཡིས་བརྡ། ། སྤྱི་བོར་ཉུག་པའི་ལག་བརྡ་ནི། ། ཕྱག་འཚལ་བ་ཡི་བརྡ་ཡི་རྒྱ། ། དཔྲལ་བར་རེག་པ་ཕྱག་ལན་ཡིན། ། ལག་པ་གཡས་པ་བརྐྱང་བྱས་ ཏེ། ། མགོ་བོ་བཏུད་པར་བྱས་པ་ནི། ། ཁམས་བདེ་འམ་ཞེས་འདྲི་བའི་བརྡ། ། ལག་པ་གཡོན་པ་བརྐྱང་ནས་ནི། ། གཡོན་དུ་འདུད་པ་བདེ་བའི་ལན། ། མིག་གཉིས་དག་ལ་རེག་པ་ན། ། གཟུགས་མཛེས་སྟོན་ཅིག་ཅེས་པའི་བརྡ། ། གཡས་པ་སྐྱེས་ པ་མཛེས་པ་ཡིན། ། གཡོན་པ་བུད་མེད་བཟང་མོར་བཤད། ། རྣ་བ་དག་ལ་རེག་པའི་བརྡ། ། གཡོན་པ་ལེགས་པའི་གླུ་སྙན་བརྡ། ། གཡས་པ་ཚིག་སྙན་སྨྲ་བའི་བརྡ། །
BO
སྣ་ཕུག་གཉིས་ལ་རེག་པ་ནི། ། གཡས་པ་བདུག་པ་འདོད་པ་སྟེ། ། གཡོན་པ་ དྲི་དག་སློང་བའི་བརྡ། ། ལྕེས་ནི་ལྡག་པར་བྱེད་པའི་བརྡ། ། གཡས་སུ་ལྡག་པ་ཤ་འདོད་པའོ། ། གཡོན་དུ་ཆང་འདོད་བརྡ་རུ་བཤད། ། མཆེ་བས་མ་མཆུ་མནན་པ་ནི། ། གཡོན་པ་བུད་མེད་རེག་བྱ་འདོད། ། གཡས་པ་སྐྱེས་པ་དེ་བཞིན་ནོ། ། ལྐོག་མར་རེག་ པ་གསང་བ་ཡི། ། ཐེག་མཆོག་གསང་བ་སྨྲ་བའི་བརྡ། ། སྐེ་ལ་རེག་པར་བྱེད་པ་ནི། ། བདག་ཉིད་དབྱངས་སྙན་ལེན་པའི་བརྡ། ། སྙིང་གའི་དཀྱིལ་དུ་རེག་པ་ནི། ། དོན་རྟོགས་པ་ཡི་བརྡ་རུ་བཤད། ། རིག་ནས་ཕྱིར་ལ་འགྱེད་པ་ནི། ། སྤྱོས་པའི་བརྡ་རུ་ཤེས་པར་བྱ། ། སླར་ཡང་སྙིང་གར་གཏུགས་པ་ནི། ། སླར་ཡང་བསྡུ་བའི་བརྡ་ཡིན་ནོ། ། ལྟེ་བའི་དཀྱིལ་དུ་རེག་པ་ནི། ། དབུ་མའི་ནན་ཏན་སྤྱོད་པ་ཡིན། ། དབང་པོ་རབ་ཏུ་གསལ་བྱས་ན། ། ཏིང་འཛིན་སྒྲིམ་ཞེས་བྱ་བ་ཡིན། ། ཕྲག་པ་གཉིས་ནི་སྟོན་པའི་བརྡ། ། གཡས་པ་འགུགས་ པའི་བརྡ་ཡིན་ནོ། ། གཡོན་པ་སླར་གཏོད་པ་ཡི་བརྡ། ། དཔུང་པ་གཉིས་ལ་ཉུག་པའི་བརྡ། ། གཡས་པ་དྲེགས་པ་འདུལ་བའི་བརྡ། ། གཡོན་པ་ལོངས་སྤྱོད་གྲུབ་པའི་བརྡ། ། ཁུ་ཚུར་གཡས་བཅངས་དབང་དུ་སྡུད། །
BO
གཡོན་པ་བཅངས་ན་ཐོང་ཤིག་པའོ། ། བརླ་ གཉིས་མྱུག་པའི་བརྡ་དག་ཀྱང་། ། གཡས་པ་ཆོས་ལ་སྦྱོར་བའི་བརྡ། ། གཡོན་པ་འདོད་ཆགས་རྩོམ་པའི་བརྡ། ། པུས་མོའི་ལྷ་ངའི་བརྡ་དག་ཀྱང་། ། གཡོན་པ་རབ་ཏུ་འདུད་པ་ཡིན། ། ཡང་ན་བཅིང་བ་ཡིན་པར་བཤད། ། གཡས་པས་རབ་ ཏུ་དགྲོལ་བ་ཡིན། ། རྐང་པས་གནོན་པའི་བརྡ་དག་ཀྱང་། ། གཡོན་པས་ཐམས་ཅད་གནོན་པར་བྱེད། ། གཡས་པས་འཇོམས་པར་བྱེད་པ་ཡིན། ། མཛུབ་མོ་བསྒྲེང་བའི་བརྡ་ཚུལ་གྱིས། ། ཁྲོ་བོའི་བརྡ་རུ་བཤད་པ་ཡིན། ། དབང་པོ་གྱེན་དུ་བསྒྲེང་བ་ནི། ། དེ་ཚེ་ མཛའ་བར་འདོད་པའི་བརྡ། ། ཆུང་ངུའི་རྩེ་མོ་བསྒྲེང་བ་ནི། ། དེ་ཚེ་སྦྱོར་བར་འདོད་པའི་བརྡ། ། སྦོན་པོ་མངོན་པར་སྟོན་པ་ན། ། བཀྲེས་ཞེས་བྱ་བའི་བརྡ་ཡིན་ནོ། ། གང་ཚེ་ཤིན་ཏུ་མཐོར་སྟོན་ན། ། མངོན་པའི་ང་རྒྱལ་བསྐྱེད་པའི་བརྡ། ། ཁྲོ་མོ་ལྕགས་ཀྱུར་དྲངས་ བྱས་ན། ། དེ་ཚེ་ཚུར་ཤོག་བརྡ་ཡིན་ནོ། ། དེ་ཉིད་ཟློག་པ་ཁྱེད་ཅིག་པའོ། ། ལག་གཉིས་གར་ཐབས་བསྐོར་ནས་ཀྱང་། ། སེ་གོལ་དྲག་རྡོབས་འདྲེན་པའི་བརྡ། ། བསྐོར་ནས་སྦྱར་བ་ཕྱག་རྒྱའི་བརྡ། ། བསྐོར་ནས་ཐལ་མོ་སྤྱི་བོར་གཞག ། འདི་ནི་མཆོད་ པའི་བརྡ་ཡིན་ནོ། །
BO
བསྐོར་ནས་སྙིང་གར་གཞག་པ་ནི། ། བསམ་གཏན་རྩེ་གཅིག་བརྡ་ཡིན་ནོ། ། བསྐོར་ནས་གཉིས་ཀྱིས་སྟོན་པ་ནི། ། མཆོད་པ་སྟོབས་པའི་བརྡ་ཡིན་ནོ། ། དབང་མོ་ལྕེ་ལ་རེག་པ་ནི། ། ཚོགས་མཆོད་དུས་ལ་བབ་པའི་བརྡའོ། ། གར་ ཐབས་བསྐོར་ནས་དབང་མོར་འཐོར། ། དེ་ནས་ལྕེ་ལ་རེག་པ་ནི། ། འཛའ་གད་བྲིམ་པའི་བརྡ་ཡིན་ནོ། ། དེ་ལ་སོགས་ཏེ་བསམ་མི་ཁྱབ། ། ངག་བརྡ་དམ་ཚིག་ཕྱག་རྒྱ་ཡང་། ། ཨ་ཏི་བུ་ཞེས་བྱ་བ་ནི། ། ཕྱག་འཚལ་ཞེས་པའི་བརྡ་ཡིན་ནོ། ། པྲ་ཏི་པུ་ཞེས་བྱ་ བ་ནི། ། ཕྱག་ལན་འཚལ་བའི་བརྡ་ཡིན་ནོ། ། རི་མོ་ཞེས་བྱ་གཟུགས་ཀྱི་བརྡ། ། གླུ་ནི་སྒྲ་ཡི་བརྡ་རུ་བཤད། ། ཚིམ་བྱེད་དྲི་ཡི་བརྡ་ཡིན་ནོ། ། ར་ས་ཨ་ན་རོ་ཡི་བརྡ། ། བདེ་བ་ཞེས་བྱ་རེག་པ་ཡིན། ། དགའ་བ་ཞེས་པ་རབ་ཏུ་རིག ། སྦྱོར་བ་ཞེས་པ་ཆོས་སུ་ བཤད། ། མེ་ཏོག་ཞེས་བྱ་ཁྲག་ཡིན་ནོ། ། བདུག་པ་ཞེས་པ་མདངས་ཀྱི་བརྡ། ། མར་མེ་ཞེས་པ་ཤ་ཆེན་ལའོ། ། དཔའ་བོ་ཞེས་པ་ཆང་དུ་བཤད། ། སྤོས་ཞེས་ཐལ་ཆེན་དག་ལའོ། ། འདོད་ཆགས་སྲ་བ་ཚྭ་ཡིན་ཏེ། ། ཁུ་བ་གཡོན་ཅན་སྐྱུར་པོ་ཡིན། ། བྲན་མོ་ ཚོད་མའི་བརྡ་ཡིན་ནོ། ། ཆུར་བ་ཞོ་ལ་ཟླ་རྒྱས་ཏེ། ། སྨན་གྱི་མཆོག་ནི་ཤ་ཡི་བརྡ། །
BO
ཟན་ནི་ཚེ་ཞེས་བྱ་བའི་བརྡ། ། ཨརྨ་མི་ཞེས་བྱ་བའི་བརྡ། ། རྒུན་འབྲུམ་ཞེས་པ་རྟ་ཡི་བརྡ། ། གླང་པོ་པ་ན་སེ་ཞེས་བྱ། ། ན་ལི་ཀི་རི་ཁྱི་ཡི་བརྡ། ། ཨ་རུ་ག་ནི་བ་ལང་ངོ་། ། ཏི་ ཞེས་མཁའ་འགྲོའི་བརྡར་བསྟན་ཏོ། ། ཨ་རལ་ཞེས་པ་མཁའ་འགྲོ་མ། ། དར་དིར་སིལ་སྙན་སྒྲ་རུ་བཤད། ། ཛ་ཞེས་བྱ་བ་འདྲེན་པའི་བརྡ། ། ཧཱུྃ་ནི་སྡུད་པའི་བརྡ་ཡིན་ནོ། ། བྃ་ནི་སྡོམ་པ་ཡིན་པར་བཤད། ། ཧོ་ནི་ཞུགས་ནས་དབང་དུ་འགྱུར། ། ཨེ་ཧི་ཞེས་པ་ཚུར་ སྤྱོན་བརྡ། ། ཡ་ཧི་ཕར་བཞུད་ཞེས་པའོ། ། ཏི་སྟ་ཧ་ནི་དྲངས་ཤིག་པའོ། ། ཁ་ཁ་ཁཱ་ཧི་ཟོ་ཤིག་པའོ། ། ཨ་པའི་ཞེས་པ་ཡང་ནས་ཡང་། ། ད་ར་ད་ར་བྱིན་ཅིག་པའོ། ། རུ་ཏ་མ་ཏ་རོལ་ཞེས་པའོ། ། ཧུ་ལུ་ཧུ་ལུ་ཞུགས་ཤིག་པའོ། ། ཨ་ར་ར་ར་བསྐུལ་ཅིག་པའོ། ། དེ་ལ་སོགས་ཏེ་བསམ་ཡས་མཆོག ། ཞེས་གསུངས་སོ། ། དེ་ནས་ཡང་སྨྲ་བའི་སེང་གེའི་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་གསོལ་པ། ཨེ་མའོ་གསང་ཆེན་བདེ་བ་ཆེ། ། མི་འགྱུར་ནམ་མཁའ་དངོས་པོ་མེད། ། ལྷུན་གྲུབ་བདེ་ཆེན་རྣམ་པར་དག ། དག་མཆོག་ ལྷ་ལ་ཕྱག་འཚལ་བསྟོད། ། གསང་བ་ཞེས་བགྱི་རྣམ་པ་དུ། ། སྦས་པ་ཞེས་བགྱི་རྣམ་པ་དུ། ། ཐིག་ལེ་ཞེས་བགྱི་ཇི་ལྟར་གནས།
BO
། མཉམ་ཉིད་ཞེས་པ་རྣམ་པ་དུ། ། དག་པ་ཞེས་པ་རྣམ་པ་དུ། ། རྟོགས་པ་རྣམ་པ་དུ་རུ་བཞེད། ། མཚན་ཉིད་གསུམ་ ཞེས་ཇི་ལྟ་བུ། ། ཏིང་འཛིན་གསུམ་པོ་ཇི་ལྟར་ལགས། ། བདག་ཅག་རྣམས་ལ་སྨན་སླད་དུ། ། བདེ་བར་གཤེགས་པས་བཤད་དུ་གསོལ། ། ཞེས་གསོལ་བ་བཏབ་པས། གསང་བ་མཆོག་གི་བདག་པོས་ཐུགས་སུ་ཆུད་དེ་བཀའ་སྩལ་པ། གསང་ བ་ཞེས་པ་རྣམ་པ་བཞི། ། རང་བཞིན་དོན་གྱི་གསང་བ་དང་། ། གབ་པ་སྦས་པའི་གསང་བ་དང་། ། བསྟན་མེད་རྫས་ཀྱི་གསང་བ་དང་། ། སྣོད་མེད་བཀའ་ཡི་གསང་བ་དང་། ། ཆོས་ཉིད་རང་བཞིན་གསང་བ་དང་། ། ཐུགས་ཀྱི་ ཀློང་ནས་བསྐུངས་པ་དང་། ། དམན་ལ་མི་བསྟན་རྫས་རྣམས་དང་། ། གསང་སྔགས་ཐེག་ཆེན་ཟབ་མོའི་དོན། ། རབ་ཏུ་ཤེས་པ་དཀའ་བའི་ཕྱིར། ། བསྟན་པར་ཡང་ནི་མི་བྱ་བས། ། གསང་བ་ཞེས་སུ་རྒྱལ་བས་གསུངས། ། དེ་ཉིད་སྦས་པས་སྦས་ པའི་དོན། ། སྦས་པ་རྣམ་པ་གསུམ་ཡིན་ཏེ། ། ཕྱི་ཡི་སྦས་པ་གསང་བ་དང་། ། དེ་བཞིན་ནང་གི་སྦས་པ་དང་། ། གཉིས་ཀར་མ་ངེས་སྦས་པ་སྟེ། ། རྨད་འབྱུང་སྔགས་ཀྱི་སྤྱོད་པ་སྟེ། ། ཕྱི་རོལ་སྡེ་པས་མཐོང་ཐོས་ན། ། དེ་ལ་བཟོད་པ་ཐོབ་ མིན་པས། ། དེ་ནི་སྦས་པ་ཕྱི་ཞེས་བྱ། ། ལྷུན་གྲུབ་བདེ་ཆེན་ཟབ་མོ་དེ། །
BO
མིང་གི་རྣལ་འབྱོར་ཕལ་དག་གིས། ། རྟོགས་ཤིང་ཁོང་དུ་ཆུད་པར་དཀའ། ། དེ་ནི་ནང་གི་སྦས་པ་ཡིན། ། ཕྱི་ནང་གཉིས་སུ་ཐ་དད་མིན། ། བདེན་པ་གཉིས་སུ་དབྱེར་ མེད་པ། ། རྒྱལ་བ་སངས་རྒྱས་སྤྱོད་ཡུལ་དེ། ། མ་ངེས་སྦས་པར་རྒྱལ་བས་གསུངས། ། སྦས་པའི་དོན་རྣམས་གསལ་འབྱིན་པ། ། བླ་མ་རྡོ་རྗེའི་ཐུགས་ལ་གནས། ། དེས་ན་སྦས་ཞེས་ངེས་པར་གསུངས། ། ཐབས་དང་ཤེས་རབ་ཞེས་བྱ་ བ། ། གཉིས་སུ་མེད་པའི་བྱང་ཆུབ་སེམས། ། དེ་ཉིད་ཐིག་ལེ་རྣམ་གསུམ་སྟེ། ། ཐབས་མཆོག་ཡབ་ཀྱི་མཁའ་ཉིད་དང་། ། ཤེས་རབ་ཡུམ་གྱི་ཀློང་ཉིད་དང་། ། གཉིས་མེད་བདེ་ཆེན་ངང་ཉིད་དུ། ། ཆོས་ཀུན་འདུས་ཤིང་གཅིག་པ་དང་། ། སྤྲོས་མེད་ཐིག་ལེར་གནས་པའི་ཕྱིར། ། ཐིག་ལེ་ཞེས་སུ་རྒྱལ་བས་གསུངས། ། མཉམ་པ་ཉིད་ཀྱང་རྣམ་གསུམ་སྟེ། ། དོན་དམ་དབྱིངས་སུ་མཉམ་པ་དང་། ། ཀུན་རྫོབ་སྒྱུ་མར་མཉམ་པ་དང་། ། དབྱེར་མེད་གཅིག་པར་མཉམ་པ་སྟེ། ། མ་སྐྱེས་ མ་གྲུབ་དབྱེར་མེད་པར། ། ཆོས་ཀུན་མཉམ་པར་གནས་པས་ན། ། མཉམ་པ་ཞེས་སུ་བརྗོད་པ་ཡིན། ། སྣོད་དང་བཅུད་དང་རྒྱུད་རྣམས་ཀུན། ། དག་པས་དག་པ་གསུམ་ཡིན་ཏེ། ། ཡུམ་གྱི་དབྱིངས་དང་ཡབ་ཀྱི་མཁའ། ། ཡེ་ཤེས་ལྔ་ཡི་རང་བཞིན་དུ། །
BO
སྣོད་བཅུད་རྒྱུད་ཀུན་དག་པའི་ཕྱིར། ། དག་པ་གསུམ་དུ་རྒྱལ་བས་གསུངས། ། རྟོགས་པ་ཡང་ནི་རྣམ་པ་བཞིར། ། རྣལ་འབྱོར་ནང་པ་བཞེད་པ་སྟེ། ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། ། བྱིན་གྱིས་བརླབས་དང་མངོན་སུམ་པས། ། རྫོགས་ཆེན་དོན་ལ་ འཇུག་འགྱུར་ཏེ། ། རྒྱུ་ནི་བདེན་གཉིས་གཅིག་པ་རུ། ། གཅིག་པས་གཅིག་པའི་མཚན་ཉིད་དང་། ། སྐུ་གསུང་ཐུགས་ཀྱི་ཡི་གེ་རུ། ། ཆོས་ཀུན་རང་བཞིན་རྟོགས་པ་དང་། ། སྐྱེ་མེད་དབྱིངས་ཀྱི་བྱིན་བརླབས་ལས། ། ཆོས་ཀུན་སྣང་བར་ཤེས་པ་ དང་། ། དེ་ལྟ་བུ་ཡི་རང་བཞིན་ཏེ། ། གཞན་ལ་མ་རྟེན་མི་འགལ་བར། ། མངོན་སུམ་རིག་པས་ཐག་ཆོད་ན། ། རྣལ་འབྱོར་ས་ལ་སླེབས་པ་ཡིན། ། མ་རྟོགས་པ་ཡང་བཞི་ཡིན་ཏེ། ། ཡེ་ནས་མ་རྟོགས་བླུན་པ་དང་། ། ལོག་པའི་རྣམ་པར་ རྟོག་པ་དང་། ། ཕྱོགས་གཅིག་རྟོགས་པའི་ཁྱད་པར་དང་། ། གསང་བ་དེ་ཉིད་མ་རྟོགས་པ། ། དཀའ་ཐུབ་མེད་པའི་འཇིག་རྟེན་དང་། ། ལོག་པར་སྤྱོད་པའི་དཀའ་ཐུབ་དང་། ། ཉན་ཐོས་དམན་པའི་ལམ་པ་དང་། ། བྱང་ཆུབ་ས་ལ་གནས་པ་རྣམས། ། གསང་བ་དེ་ཉིད་མ་རྟོགས་པར། ། བདེར་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། ། དེས་ན་རྟོགས་པ་རྣམ་བཞི་ཡིས། །
BO
རྣལ་འབྱོར་ས་ལ་བསྙེན་པ་ཡིན། ། ཤེས་པ་དང་ནི་འཇུག་པ་དང་། ། འབྲས་བུའི་མཚན་ཉིད་ཅེས་བྱ་བས། ། ས་ལ་ཉེ་དང་སར་ཆུད་ དང་། ། ས་ཐོབ་འབྲས་བུ་རྣམ་པ་གསུམ། ། རྒྱུ་འབྲས་ཚུལ་དུ་གནས་པ་ནི། ། ནུས་མཐུར་ལྡན་པའི་ཤེས་རབ་ཀྱིས། ། རིག་འཛིན་ཞིང་སྟེ་ཤེས་རབ་གསུམ། ། ཡུམ་ཡང་མཚན་ཉིད་གསུམ་ཡིན་ཏེ། ། ཀུན་དུ་བརྟགས་དང་གཞན་དབང་དང་། ། ཡོངས་ སུ་གྲུབ་པ་ཞེས་སུ་བརྗོད། ། ལོག་པའི་བསམ་པས་མཐོང་བརྟགས་པ། ། ཀུན་དུ་བརྟགས་ཏེ་ཡོད་པ་མིན། ། བདེན་གཉིས་རྒྱུ་དང་འབྲས་བུའི་ཚུལ། ། འབྲེལ་བ་གཞན་དབང་ཡིན་པར་གསུངས། ། བདེན་གཉིས་རྒྱུ་འབྲས་དབྱེར་མེད་ པར། ། ཡོངས་སུ་གྲུབ་པར་བདེར་གཤེགས་གསུང་། ། ཀུན་བརྟགས་ལོག་པར་ཤེས་པ་ནི། ། ཤེས་པའི་མཚན་ཉིད་ཅེས་སུ་བྱ། ། གཞན་དབང་ཚུལ་དུ་གོམས་བྱ་བ། ། འཇུག་པའི་མཚན་ཉིད་ཅེས་སུ་བྱ། ། ཡོངས་སུ་གྲུབ་ལ་གནས་བཅས་ན། ། དེ་ ཉིད་འབྲས་བུའི་མཚན་ཉིད་ཡིན། ། དེ་བཞིན་ཉིད་དང་ཀུན་དུ་སྣང་། ། རྒྱུ་ཡི་ཏིང་འཛིན་རབ་བསྒོམས་པས། ། རྫོགས་པའི་བྱང་ཆུབ་ཐོབ་པ་སྟེ། ། ཡོངས་སུ་གྲུབ་པའི་བློ་གསལ་ན། ། དེ་བཞིན་ཉིད་དུ་རྣམ་པར་གྲགས། ། ཀུན་སྣང་སྙིང་རྗེའི་ངོ་བོ་དང་། །
BO
ཡིག་ འབྲུ་ཁ་དོག་གསལ་བ་ཡི། ། རྒྱུ་ཡི་ཏིང་འཛིན་གསལ་བ་ནི། ། བསྐྱེད་པ་གཞན་གྱི་དབང་ཡིན་ཏེ། ། དེ་ཉིད་ལོག་རྟོག་ཀུན་བརྟགས་པའོ། ། དེས་ན་རྣལ་འབྱོར་སྐྱེས་བུ་ཡིས། ། མཚན་མེད་ངང་ལ་གནས་བཅས་ནས། ། མཚན་མའི་རྣལ་འབྱོར་བསྒོམ་པར་བྱའོ། ། མཚན་མ་མེད་དང་མཚན་མ་ཡང་། ། ཐ་དད་མེད་པར་ཤེས་པར་བྱ། ། དེ་ལྟར་རིག་པའི་རྣལ་འབྱོར་པ། ། དེ་ཉིད་ང་ཡིན་ས་ཐོབ་ཡིན། ། སངས་རྒྱས་ཞེས་ཀྱང་དེ་ལ་བྱ། ། སངས་རྒྱས་རྣམས་ཀྱང་མཆོད་པ་བྱེད། ། བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། ། འཇིག་ རྟེན་ལྷ་ཀླུ་མཐུ་ཆེན་ཡང་། ། དེ་ལ་མཆོད་ཅིང་བཀུར་སྟི་བྱེད། ། ཕྱི་བཞིན་འབྲེང་ཞིང་དགོས་པ་སྐོང་། ། ཞེས་གསུངས་པས། འདུས་པའི་འཁོར་ཚོགས་རྣམས་ཀྱིས་རང་རང་གི་ལུས་ས་ལ་བརྡབས་ནས་ཨ་ལ་ལ་ཞེས་བྱ་བའི་སྒྲ་ཕྱུང་སྟེ་ཤིན་ཏུ་ངོ་མཚར་ཏོ། ། དེ་ནས་ སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཐེ་ཚོམ་ཐམས་ཅད་གཅོད་པའི་བདག་པོ་མཆོག་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་འགྲེལ་པ། རྟགས་ཀྱི་ རོལ་པ།
BO
དོན་གྱི་བཀོད་པ་རྡོ་རྗེ་རྣམ་པར་རོལ་པའི་གཞུང་ཆེན་པོ་འདི་ཡི་བླ་མ་རྡོ་རྗེ་སློབ་དཔོན་སྐྱེས་བུ་དམ་པས་མ་ནོར་བར་རྟོགས་ཤིང་གཞན་དག་ལ་ཡང་མ་ནོར་བར་སྟོན་པ་དེ་ལ་བདག་ཅག་རྣམས་ཀྱིས་ཇི་ལྟར་བལྟ་བར་བགྱི། ཇི་ལྟ་བུའི་རང་བཞིན་དུ་འཚལ་བར་ བགྱི། བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་གསོལ་པ་བཏབ་པ་དེ་མཁྱེན་ནས་འདི་སྐད་ཅེས་གསུངས་སོ། ། སྨྲ་བའི་སེང་གེ་ང་ལ་ཞུ་བར་ སྤོབས་པ་ལེགས། རབ་ཏུ་ལེགས་ཀྱིས་ཉོན་ཅིག ། གཞུང་འདི་བླ་མ་རྡོ་རྗེ་སློབ་དཔོན་དེ་ནི་སྐྱེས་བུ་དམ་པ་འབའ་ཞིག་ཏུ་མ་ཟད་དེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཛིན་པ་ཉིད་དུ་བལྟ་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ ནི་རྡོ་རྗེ་འཛིན་པ་ཆེན་པོ་དང་། དབྱེར་མེད་ཅིང་ཐ་མི་དད་དེ།
BO
བླ་མ་དེ་ནི་བསྐལ་པ་ཆེན་པོ་གྲངས་མེད་པའི་ཕ་མཐའ་ཡི་ཡང་ཕ་མཐའ་འདས་པ་ནས་རྒྱལ་བ་སངས་རྒྱས་བརྗོད་དུ་མེད་པ་ཡི་ཡང་བརྗོད་པ་རྣམས་ལ་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་སྦྱངས་ ཤིང་རང་གི་སེམས་ཀྱི་རྒྱུད་རྣམ་པར་སྦྱངས་པའི་ནུས་མཐུས་གསང་བ་འདིའི་དོན་ལ་ཡིད་ཆེས་ཤིང་གསང་བའི་དོན་འདི་ལྟ་བུའི་བླ་མ་རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་དུ་རིག་པར་བྱ་སྟེ། དེ་ནི་སངས་རྒྱས་ཉིད་དང་ཐ་མི་དད་ཅིང་བྱང་ཆུབ་ཀྱི་སེམས་ཉིད་དུ་བལྟ་བར་བྱའོ། ། དེ་ལ་འདི་ནི་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་མ་ལུས་མི་ལུས་ལུས་པ་མེད་པའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པ་རྣམས་ཀྱང་སྤྱི་བོ་གཙུག་གིས་ཁུར་ཞིང་ཕྱག་འཚལ་བ་དང་མཆོད་པ་བྱེད་ཅིང་རྗེས་སུ་འབྲེང་ན་གཞན་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཛིན་ པ་རྣམས་ལ་ཕྱག་འཚལ་ཞིང་མཆོད་པ་ཅི་ཞིག་སྨོས་ཏེ། འཇིག་རྟེན་གྱི་མཐུ་བོ་ཆེ་རྣམས་ཀྱང་དེའི་བྲན་དུ་ཁས་ལེན་ཅིང་འཁོར་གྱི་དཀྱིལ་འཁོར་ཡང་སྐྱོང་ཞིང་ཅི་བསྒོ་བ་ཐམས་ཅད་ཀྱང་བསམ་པ་ཡིད་བཞིན་དུ་གྲུབ་པར་བྱེད་དོ། ། དེ་བས་ན་ཡང་དག་པར་ རྫོགས་པའི་སངས་རྒྱས་ཉིད་དུ་བལྟ་བར་བྱའོ། ། དེ་ནི་དེ་བཞིན་གཤེགས་པ་སྐྱེས་བུ་འདུལ་བ།
BO
ཁ་ལོ་སྒྱུར་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྟོན་པ་ཆེན་པོ་ཡིན་པར་བལྟའོ། ། སེམས་ཅན་ཐམས་ཅད་ཀྱི་ མགོན་དང་སྐྱབས་དང་། རྟེན་དང་། གླིང་དང་། དེད་དཔོན་དང་། འདྲེན་པ་དང་། སྒྲོལ་བའི་གྲུ་ལྟ་བུ་ཡིན་པར་ཤེས་པར་བྱའོ། ། དེ་ནི་ཡེ་ཤེས་ཀྱི་སྒྲོན་མ་ཆེན་པོ་འཛིན་པ་སྟེ་དེ་བས་ན་སངས་རྒྱས་ཉིད་དུ་བལྟའོ། ། དེ་བས་ན་བླ་མ་དེ་དང་ ཕྲད་པའི་གང་ཟག་རྣལ་འབྱོར་པ་དེས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་ཕྲད་པར་རིག་པར་བྱའོ། ། སྨྲ་བའི་སེང་གེས་གསོལ་པ། བཅོམ་ལྡན་འདས་བླ་མ་རྡོ་རྗེ་སློབ་དཔོན་དེའི་རྗེས་སུ་འབྲང་ཞིང་གསང་བ་འདི་ལྟ་བུ་ལ་མོས་ཤིང་འཛིན་པ་ དང་། རྣ་བའི་དབང་པོས་ཉན་ཅིང་གཞུང་བཞིན་དུ་སྒྲུབ་པའི་གང་ཟག་རྣལ་འབྱོར་པ་དེའི་རྣམ་པར་སྨིན་པ་ནི་ཇི་ལྟ་བུ་ཞིག་བདག་ཅག་རྣམས་ཀྱིས་ཇི་ལྟར་འཚལ་བར་བགྱི། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། བླ་མ་དེའི་རྗེས་ སུ་འབྲེང་ཞིང་གསང་བ་འདི་ལ་མོས་ཤིང་འཛིན་པ་དང་། རྣ་བའི་དབང་པོས་ཉན་ཅིང་གཞུང་བཞིན་དུ་སྒྲུབ་པའི་གང་ཟག་རྣལ་འབྱོར་པ་དེ་ནི་གང་ཟག་འབའ་ཞིག་མ་ལགས་ཏེ། ས་ལ་བསྙེན་པ་དང་། ས་ཐོབ་པའི་རྣལ་འབྱོར་པ་སྟེ།
BO
རིགས་ཀྱི་བུ་ཁྱེད་ རྣམས་ཀྱིས་ཀྱང་སྤུན་དང་གྲོགས་པོ་ལྟ་བུར་ཤེས་པར་བྱའོ། ། གང་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཇི་སྙེད་པ་རྣམས་ཀྱང་རྣལ་འབྱོར་པ་དེ་ལ་ཉེ་བའི་སྲས་དམ་པར་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། གང་ཟག་གསང་བ་འདི་ ནི་ཐོས་ཤིང་མོས་པའི་སྐལ་བ་དང་ལྡན་པ་ཡང་བསྐལ་པ་གྲངས་མེད་པའི་ཕ་མཐའ་ནས་ཚོགས་བསགས་ཤིང་སྦྱངས་པའི་མཐུས་དེས་ལྟར་འགྱུར་བར་རིག་པར་བྱའོ། ། དེ་བས་ན་སྨྲ་བའི་སེང་གེ་ཁྱོད་ཉིད་ལ་སོགས་པའི་རྡོ་རྗེ་འཛིན་པ་རྣམས་དང་ཐ་མི་དད་ པར་རིག་པར་བྱའོ། ། དེ་དག་གི་དངོས་གྲུབ་ཀྱང་ཚེ་འདི་ཉིད་ལ་འགྲུབ་ཅིང་གཞན་འཇིག་རྟེན་གྱི་མཐུ་ཆེན་རྣམས་ཀྱང་བཀའ་ཉན་ཅིང་ལས་བྱེད་པར་འགྱུར་རོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། བཅོམ་ལྡན་འདས་བླ་མ་རྡོ་རྗེ་སློབ་དཔོན་ཆེན་པོ་རྣལ་ འབྱོར་གྱི་འཁོར་དང་བཅས་པ་རྣམས་གསང་བའི་ཐེག་པ་འདི་ཉིད་ལ་མོས་ཤིང་དད་པའི་སེམས་ཀྱིས་གཡོ་སྒྱུ་དང་། གསོག་འཇོག་སྤངས་པའི་ཕྱི་རབས་ཀྱི་དད་པ་ཅན་གྱི་སྐྱེ་བོ་དེའི་རྣམ་པར་སྨིན་པ་ཅིར་འགྱུར། བདག་ཅག་ལ་སོགས་པ་རྣམས་ཀྱིས་ཇི་ ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
རིགས་ཀྱི་བུ་དད་པ་ཅན་གྱི་སྐྱེ་བོ་བླ་མ་འཁོར་དང་བཅས་པ་གསང་བའི་ཐེག་པ་འདི་ཉིད་ལ་མོས་ཤིང་དད་པ་དང་རྣ་བའི་དབང་པོས་ཉན་ཅིང་གཡོ་སྒྱུ་དང་གསོག་འཇོག་སྤངས་པ་དེའི་རྣམ་ པར་སྨིན་པའི་ལེགས་པའི་ཡོན་ཏན་ཡང་བརྗོད་ཅིང་ཚད་གཟུང་བར་རབ་ཏུ་དཀའོ། ། ལ་ལ་དག་གིས་སོ་སོ་སྐྱེ་བོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་ལ་སྦྱིན་པ་བྱིན་པའམ། སྲོག་བཏོན་པའམ་དགེ་བ་བཅུ་དང་། ཚད་མེད་པ་བཞི་དང་། བསྡུ་བའི་ དངོས་པོ་བཞིས་རྒྱུའི་ཐེག་པའི་སྒོ་ནས་འགྲོ་བའི་དོན་བྱས་པ་བས་ནི་བླ་མ་འཁོར་དང་བཅས་པ་དང་གསང་བའི་ཐེག་པ་འདིའི་སྒོ་ནས་སྐད་ཅིག་ཙམ་འགྲོ་བ་གཅིག་གི་དོན་བྱས་པའི་བསོད་ནམས་ཀྱི་དགེ་བའི་རྩ་བ་འབུམ་གྱི་ཆ་ཡང་མི་ཕོད་དོ། ། རིགས་ཀྱི་བུ་ལ་ལ་ དག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བའི་ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའི་ཐེག་པ་དེ་སྙེད་ལ་རིམ་གྲོ་བཀུར་སྟི་ཚུལ་བཞིན་དུ་བསྐལ་པ་གྲངས་མེད་པའི་ཡུན་དུ་བྱས་པའི་བསོད་ནམས་ཀྱིས་ནི་གསང་བའི་ཐེག་པ་ འདི་ལ་གནས་པའི་གང་ཟག་རྣལ་འབྱོར་པ་གཅིག་ལ་ཐ་ན་དྲོ་གཅིག་གམ།
BO
སྐད་ཅིག་ཡུད་ཙམ་དུ་བཀུར་སྟི་ཚུལ་བཞིན་དུ་བྱས་པའི་བསོད་ནམས་ཀྱི་འབུམ་གྱི་ཆར་ཡང་མི་ཕོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་གསང་བའི་ཐེག་པ་འདི་ཉིད་ ལས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་འབྱུང་ཞིང་གསང་བའི་ཐེག་པ་ཉིད་ལ་འགྲོ་བ་གཟུད་པའི་ཐབས་སུ་བསྟི་བའི་གནས་སུ་གསུངས་པ་ཡིན་གྱི་གཏན་དུ་གཞག་པའི་ས་ནི་མ་ཡིན་ ནོ། ། དེ་བས་ན་ང་ཉིད་ཀྱི་སྤྲུལ་པ་བས་ཀྱང་ཆོས་རྣམ་པ་སྣ་ཚོགས་ཇི་ལྟར་འདུལ་བར་སྟོན་པ་ཡིན་ནོ། ། དེ་བས་ན་གསང་སྔགས་ཀྱི་ཡོན་ཏན་ནི་བསམ་གྱིས་ཀྱང་མི་ཁྱབ་བོ། ། རིགས་ཀྱི་བུ་གང་ཟག་ལ་ལ་དག་གིས་བསྐལ་པ་བརྗོད་དུ་མེད་པའི་ ཡང་བརྗོད་དུ་མེད་པར་རྒྱུའི་ཐེག་པའི་སྒོ་ནས་དགེ་བའི་རྩ་བ་རྒྱས་པར་སྤྱད་པ་བས་ནི་གསང་བའི་ཐེག་པ་འདིའི་དོན་སྐད་ཅིག་ཙམ་ཡིད་ལ་བྱས་པའི་བསོད་ནམས་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ། ། རིགས་ཀྱི་བུ་གང་ཟག་ལ་ལ་ ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སོ་སོའི་སྐྱེ་བོའམ། ཉན་ཐོས་སམ། རང་རྒྱལ་བའམ། བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་སྙེད་ལ་མེ་ཏོག་དང་། ཕྲེང་བ་དང་། བྱུག་སྤོས་དང་།
BO
བླ་བྲེ་ དང་། རྒྱལ་མཚན་དང་། བ་དན་དང་། ལྷབ་ལྷུབ་དང་། རོལ་མོའི་ཁྱད་པར་མང་པོ་ལ་སོགས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བར་བྱས་ཏེ་ཕུལ་བ་བས་ཐ་ན་གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་ཙམ་ལའང་གཡོ་ སྒྱུ་དང་། གསོག་འཇོག་སྤངས་པའི་སྒོ་ནས་འདོད་པའི་ཡོན་ཏན་གྱི་ཚོགས་སྐད་ཅིག་ཙམ་བཏེག་ཅིང་ལོངས་སྤྱད་པའི་བསོད་ནམས་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ། ། དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོའམ། ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་དེ་དག་པས་གསང་བའི་ཐེག་པ་ལ་གནས་པ་གཅིག་གི་བ་སྤུའི་ཆ་གཅིག་གི་བསོད་ནམས་དང་། ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ ཕོད་དོ། །
BO
དེ་བཞིན་དུ་གང་ཟག་ལ་ལ་ཞིག་གིས་མེ་ཏོག་ལ་སོགས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་གང་ཡིན་པས་འདོད་པའི་ཡོན་ཏན་ཚོགས་ཆེན་པོ་གཅིག་གི་རྡུལ་ཕྲ་རབ་ཀྱི་ཆ་ཙམ་གྱི་བསོད་ནམས་ དང་ཡེ་ཤེས་ཀྱི་ཕུང་པོ་གང་ཡིན་པ་དེ་བས་འདོད་པའི་ཡོན་ཏན་ཚོགས་ཆེན་པོ་གཅིག་གི་རྡུལ་ཕྲ་རབ་ཀྱི་ཆ་ཙམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ། ། རིགས་ཀྱི་བུ་དེ་བས་ན་དད་པ་ཅན་གྱི་ སྐྱེ་བོ་གསང་བའི་ཐེག་པ་ཉིད་དང་། གསང་བའི་ཐེག་པ་ལ་གནས་པའི་བླ་མ་འཁོར་དང་བཅས་པ་ལ་དད་པའི་སེམས་ཀྱིས་གཡོ་སྒྱུ་དང་། གསོག་འཇོག་སྤངས་པའི་དེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ནི་ཚད་མེད་དོ། ། དེ་བསོད་ནམས་ དང་ཡེ་ཤེས་ཀྱི་ཕུང་པོ་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བགྲང་བར་མི་ནུས་སོ། ། དེ་ནས་སྨྲ་བའི་སེང་གེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གསང་སྔགས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། ། བདེ་བར་གཤེགས་ པ་ཚད་མ་མཆིས་ལགས་སོ། ། བཅོམ་ལྡན་འདས་འོན་ཀྱང་བདག་ཅག་ལ་སོགས་པ་དང་།
BO
མ་འོངས་པའི་འགྲོ་བ་རྣམས་དྲང་བའི་སླད་དུ་སྔོན་འདས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་རྣམས་ཞུ་བར་འཚལ་ན་གནང་བའི་སྐབས་དབྱེ་བར་གསོལ། གསང་ བ་མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་ཁྱོད་ང་ལ་ཞུ་བར་སྤོབས་ཀྱིས་ཅི་དང་ཅི་འདོད་པ་དྲིས་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། ། དེ་ནས་སྨྲ་བའི་སེང་གེས་གསོལ་པ། བཅོམ་ལྡན་འདས་གསང་བའི་ཐེག་པ་འདི་རྣ་བའི་དབང་ པོས་ཐོས་པའི་ཡོན་ཏན་དང་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་ཉོན་ཅིག ། གསང་བའི་ཐེག་པ་འདི་རྣ་བའི་དབང་པོས་ཐོས་པའི་ཡོན་ཏན་ནི་མིང་ཙམ་ཐོས་པས་ཀྱང་ངན་ འགྲོ་ལས་སྐྱོབ་པར་འགྱུར་རོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་དྲན་པ་ཐོག་མའི་ཚེ་གསང་བའི་ཐེག་པའི་ལྷའི་གནས་རིམ་པ་གསུམ་ན་ཚུལ་བཞིན་དུ་སྤྱོད་པ་ལས་འོད་ལྡན་ཞེས་བྱ་བའི་ལྷའི་བུ་ ཞིག་མི་རྟག་པའི་དུས་ལ་བབ་སྟེ་འཆི་བའི་སྔ་ལྟས་རྣམས་བྱུང་བར་གྱུར། དེ་རབ་ཏུ་མི་དགའ་བའི་འདུ་ཤེས་སུ་གྱུར་ནས་ཚེ་ཕྱི་མ་ལ་གང་དུ་སྐྱེ་སྙམ་པའི་འདུ་ཤེས་འབའ་ཞིག་སྐྱེས་པ་ལས།
BO
ལྷའི་བུ་དེ་ཉིད་མངོན་པར་ཤེས་པ་ལས་མི་གཙང་བ་ཟ་ བའི་བྱོལ་སོང་གི་རིགས་སུ་སྐྱེ་བར་མཐོང་སྟེ་ཤིན་ཏུ་འཇིགས་པའི་སེམས་སྐྱེས་ནས་མགོན་སྐྱབས་གཞན་མེད་པར་མཐོང་སྟེ་གསང་བའི་ཐེག་པའི་མཚན་ཐོས་ནས་དེ་བཞིན་དུ་ཡིད་ལ་དྲན་པར་བྱས་སོ། ། དེའི་ཚེ་འོད་ལྡན་ཞེས་བྱ་བ་ལྷའི་བུ་དེ་ངན་ འགྲོའི་ལམ་དེ་ལས་གྲོལ་ཏེ་གསང་བའི་ཐེག་པ་འཛིན་པའི་གནས་ག་ལ་བ་དེར་སྐྱེས་སོ། ། དེར་སྐྱེས་ནས་ཀྱང་ཚོགས་ཆེན་པོ་ལ་ལོངས་སྤྱོད་པ་སྐལ་བ་ཅན་དུ་གྱུར་པ་དེ་བཞིན་དུ་ཤེས་པར་བྱའོ། ། ཡང་གསོལ་པ། གསང་བ་མཆོག་གི་བདག་པོ་ གསང་བའི་ཐེག་པ་འདི་ལ་དགའ་ཞིང་མོས་པ་དང་། འདུན་པ་སྐྱེས་པའི་གང་ཟག་དེ་ནི་རྣམ་པར་སྨིན་པའི་ཡོན་ཏན་ཇི་ལྟ་བུར་འགྱུར། ལུང་བསྟན་དུ་གསོལ། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། གསང་བའི་ཐེག་པ་འདི་ ལ་དགའ་ཞིང་། མོས་པ་དང་འདུན་པ་སྐྱེད་པའི་གང་ཟག་དམ་པ་དེ་ནི་རིག་འཛིན་རྒྱལ་བའི་སྲས་དམ་པར་འགྱུར་བར་གདོན་མི་ཟའོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན།
BO
སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ་བྲམ་ཟེ་རྒྱལ་བྱེད་ཅེས་ བྱ་བའི་བུ་བྱམས་ལྡན་ཞེས་བྱ་བ་ཞིག་གསང་བའི་ཐེག་པ་འདི་ལ་དགའ་ཞིང་མོས་ནས་འདུན་པ་སྐྱེས་ཏེ་གསང་བའི་ཐེག་པ་འདི་ཀུན་དུ་བཙལ་བས་རང་གི་སྒྲིབ་པའི་བག་ཆགས་སྟུག་པོས་གེགས་བྱས་ནས། རྙེད་པར་མ་གྱུར་ཏེ་ས་ཕྱོགས་ཤིན་ཏུ་ཡང་དབེན་ པ་ཅིག་ཏུ་འདུག་ནས་གསང་བ་ལ་རབ་ཏུ་གདུང་བའི་ཤུགས་ཀྱིས་ངུ་ཞིང་སྨྲེ་སྔགས་ཀྱི་ཚིག་འདི་སྐད་ཅེས་སྨྲས་སོ། ། ཀྱེ་མའོ་བདག་གི་ལས་འདི་ཤིན་ཏུ་ཕམ། ། ཐོག་མ་སྐྱེས་ནས་རྒས་བར་དུ། ། འབད་དེ་གསང་བའི་དོན་བཙལ་ཡང་། ། གསང་ བ་མ་རྙེད་ལས་རེ་ངན། ། ད་ཡང་ཇི་ལྟར་བཙལ་ན་རྙེད། ། བཙལ་ཡང་རྙེད་པར་མི་འགྱུར་ན། ། ཐུགས་རྗེ་བདག་ལ་སྐྱབས་མཛོད་ཅིག ། ཅེས་སྨྲས་ནས་ནམ་མཁའ་སྟོང་པ་ལས་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས་གྲག་གོ། ། བྲམ་ཟེའི་བུ་ནི་སྐལ་ ལྡན་ཁྱོད། ། ཡིད་དམ་བརྟན་པ་ཤིན་ཏུ་ལེགས། ། ཁྱོད་ནི་དོན་གྱི་སྐལ་བ་ཅན། ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱིས། ། ཁྱོད་ལ་བྱིན་གྱིས་རློབ་པ་མཛོད། ། རང་ཉིད་ལྟ་བ་མ་ཡེངས་པར། ། བག་ཆགས་སྦྱངས་པའི་ཐབས་ དག་ལ། ། མཁས་ཤིང་བརྩོན་པར་བྱ་དགོས་ཏེ། །
BO
རང་གི་ཁྲག་རྣམས་དྲངས་ནས་སུ། ། དད་ཅིང་གཙང་བ་ཙནྡན་ཆུར། ། དམིགས་ནས་རྒྱལ་བ་ཀུན་མཆོད་ན། ། མྱུར་དུ་གསང་དོན་རྙེད་པར་འགྱུར། ། ཞེས་བར་སྣང་ ལས་ལུང་བསྟན་པ་ཐོས་ནས་རབ་ཏུ་དགའ་བའི་སེམས་ཀྱིས་ལུས་ཀྱི་རྩ་རྣམས་ཁྲག་དྲངས་ནས་འཕགས་པ་རྣམས་ལ་མཆོད་པ་དེ་ཉིད་དུ་གསང་བའི་དོན་མཐོང་སྟེ། རིག་འཛིན་རྒྱལ་བའི་སྲས་དམ་པར་གྱུར་པ་དེ་བཞིན་ཤེས་པར་བྱའོ། ། དེ་ནས་ཡང་སྨྲ་བའི་སེང་གེས་གསོལ་པ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་གསང་བའི་ཐེག་པ་འདིའི་སྒོར་ཞུགས་ཤིང་ཚོགས་ཀྱི་དཀྱིལ་འཁོར་དམ་པ་མཐོང་བའི་གང་ཟག་དམ་པ་དེའི་འབྲས་བུ་ཇི་ལྟར་ལགས། ལུང་ བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། གསང་བའི་ཐེག་པའི་སྒོར་ཞུགས་ཤིང་ཚོགས་ཀྱི་དཀྱིལ་འཁོར་དམ་པ་མཐོང་བའི་གང་ཟག་དེ་ནི་དངོས་གྲུབ་ ཏུ་གྱུར་ཏོ་འཚལ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་ཐོབ་པར་འགྱུར་རོ། ། དེ་ན་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན།
BO
སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ་ལྷའི་གནས་རིམ་པ་གསུམ་ན་གསང་བ་སྤྱོད་པ་ལས་དགེ་བའི་རྒྱལ་པོ་ བཀོད་པ་ཞེས་བྱ་བའི་ལྷའི་བུ་ཞིག་ཚོམ་བུ་འབུམ་དང་བཅས་ནས་གསང་བ་རྒྱ་ཆེར་སྤྱོད་པ་ལས་རིན་ཆེན་འོད་ལྡན་ཞེས་བྱ་བའི་ལྷའི་བུ་ཞིག་གསང་སྔགས་རྒྱ་ཆེར་སྤྱོད་པ་དེ་ཉིད་ལ་ཤིན་ཏུ་དད་པ་སྐྱེས་པ་ལས་ཡོ་བྱད་ཕུན་སུམ་ཚོགས་པ་དང་བཅས་པ་གསང་བའི་ གནས་དེར་ཕྱིན་ཏེ་གསང་བའི་སྒོར་ཞུགས་ནས་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡང་མཐོང་བར་བྱས་ཏེ་དེ་ཉིད་ཀྱི་དུས་ཀྱི་ཚེ་དག་ཏུ་དངོས་གྲུབ་ཏུ་གྱུར་ཏོ་འཚལ་བ་ཐམས་ཅད་ཇི་ལྟར་བསམས་པ་བཞིན་དུ་ཐོབ་པར་གྱུར་པ། དེ་བཞིན་དུ་ཤེས་པར་བྱའོ། ། དེ་ ནས་སྨྲ་བའི་སེང་གེས་གསོལ་པ། གསང་བའི་ཐེག་པ་འདི་མངོན་དུ་སྤྱོད་པའི་རྣལ་འབྱོར་པ་གང་ཞིག་ལ་དགའ་བའི་ཡིད་ཀྱིས་མངོན་དུ་ཕྱོགས་པ་དེའི་འབྲས་བུ་ཇི་ལྟ་བུར་འགྱུར་བ་ལུང་བསྟན་དུ་གསོལ། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་གཞན་ཡང་གསང་བའི་ཐེག་པ་སྤྱོད་པ་ལ་མངོན་དུ་ཕྱོགས་པའི་གང་ཟག་དེའི་རྣམ་པར་སྨིན་པ་ནི་གསང་བ་དངོས་སུ་སྤྱོད་པའི་རྣལ་འབྱོར་པ་དེ་དང་འདྲ་བར་ཐོབ་པར་འགྱུར་རོ། །
BO
དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་ དུས་ང་དྲན་པ་ཐོག་མའི་ཚེ་རྒྱལ་པོ་དབང་ཕྱུག་འོད་ལྡན་ཞེས་བྱ་བའི་རྣལ་འབྱོར་པ་ཞིག་ཚོམ་བུ་འབུམ་དང་བཅས་ནས་སྔགས་ཀྱི་སྤྱོད་པ་ལ་རྒྱ་ཆེར་ཞུགས་ཏེ་འབྲས་བུ་ངོ་མཚར་རྨད་དུ་བྱུང་བ་ཐོབ་པར་ཀུན་དུ་གྲགས་པ་ལས། གཞན་གྱི་སྡེ་པ་བྲམ་ཟེ་དགེ་ སློང་བྱ་བ་ཞིག་ཤིན་ཏུ་དགའ་བའི་སེམས་སྐྱེས་ནས་འབྱོར་པའི་ཡོ་བྱད་མང་པོ་དང་བཅས་ནས་ཚོགས་ཀྱི་དཀྱིལ་འཁོར་དེ་ཉིད་དུ་འཇུག་པར་གསོལ་བ་བཏབ་པ་ལས་རྒྱལ་པོས་མ་གནང་སྟེ་གསང་སྒོ་བསྡམས་སོ། ། བྲམ་ཟེ་དེ་དད་པ་མ་ལོག་པར་འབྱོར་ པའི་ཡོ་བྱད་ཅི་ཡོད་པ་རྒྱལ་པོའི་སྤྱན་སྔར་ཕུལ་ཏེ་རྒྱལ་པོ་གནས་པའི་ཡུལ་ཕྱོགས་སུ་ཡིད་ཀྱིས་ཕྱོགས་ཏེ་སྨོན་ལམ་བཏབ་ཅིང་རྗེས་སུ་ཡི་རང་བར་བྱས་སོ། ། དེའི་རྣམ་པར་སྨིན་པས་རྒྱལ་པོ་དང་བྲམ་ཟེ་གཉིས་འབྲས་བུ་མཐོ་དམན་མེད་པར་ཐོབ་པ་བཞིན་དུ་ ཤེས་པར་བྱའོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། གསང་བའི་ཐེག་པ་འདིའི་བསླབ་པ་མཐར་ཕྱིན་པ་འདི་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།
BO
གསང་བའི་ཐེག་པ་འདི་འདིའི་བསླབ་པ་ མཐར་ཕྱིན་པའི་ཆེ་བའི་ཁྱད་པར་གྱིས་ཐེག་པ་མཐའ་དག་གི་བསླབ་པ་ཡང་མཐར་ཕྱིན་ཅིང་ལུང་བསྟན་པ་ཡང་ཐོབ་པར་འགྱུར་རོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་སུ་ང་དྲན་པ་ཐོག་མའི་ཚེ་བྲམ་ཟེའི་བུ་གསལ་སྦྱིན་ཞེས་ བྱ་བས་གསང་བ་ཆེན་པོ་འདིའི་བསླབ་པ་མཐར་ཕྱིན་ཏེ། རང་གི་སེམས་གོམས་པར་བྱས་པས་ཐེག་པ་མཐའ་དག་གི་བསླབ་པ་མཐར་ཕྱིན་ཅིང་། དེ་ཉིད་དུ་བར་སྣང་ལས་ལུང་བསྟན་པའི་སྒྲ། རིགས་ཀྱི་བུ་ཁྱོད་དུས་ཕྱི་མའི་ཚེ་ཆོས་ཀྱི་རྒྱལ་པོ་ཆེན་ པོར་གྱུར་ནས། ཞིང་ཁམས་རྣམ་པར་དག་པ་ཞེས་བྱ་བར་སངས་རྒྱས་ནས། སྨྲ་བའི་སེང་གེ་ཞེས་བྱ་བར་གྲགས་པར་འགྱུར་རོ་ཞེས་བྱ་བར་ལུང་བསྟན་པ་དེ་བཞིན་དུ་ཤེས་པར་བྱའོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། ཚོགས་ཆེན་པོ་གཅིག་ གི་བསོད་ནམས་ཀྱི་ཁྱད་པར་ཇི་ལྟ་བུ་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་སོ་སོའི་སྐྱེ་བོའམ། ཉན་ཐོས་སམ། རང་སངས་རྒྱས་སམ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ ཡོངས་སུ་གང་བ་སྙེད་ལ་སྦྱིན་མཆོད་སངས་རྒྱས་ཀྱི་ཞིང་བྱུར་བུར་གཏམས་པས་བསྐལ་པའམ།
BO
བསྐལ་པ་གྲངས་མེད་པར་བྱིན་པའི་བསོད་ནམས་ཀྱིས་ནི་རྣལ་འབྱོར་གཅིག་ལ་ཚོགས་གཅིག་སྐད་ཅིག་ཏུ་མཆོད་པ་རྒྱ་ཆེར་བྱས་པའི་བསོད་ནམས་དང་ཡེ་ཤེས་ ཀྱི་ཚོགས་འབུམ་གྱི་ཆར་ཡང་མི་ཕོད་དོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ནང་དྲན་པ་ཐོག་མའི་ཚེ་ལས་དག་པའི་བྲམ་ཟེའི་བུ་གསལ་ལྡན་ཞེས་བྱ་བ་ཞིག་གསང་བའི་ཐེག་པ་འདི་ལ་དད་པར་འགྱུར་རོ། ། བྲམ་ཟེའི་བུ་དགེ་ལྡན་ཞེས་བྱ་བ་ཞིག་ནི་རྒྱུའི་ཐེག་པ་ལ་དད་པར་འགྱུར་རོ། ། དེའི་ཚེ་བྲམ་ཟེའི་བུ་དེ་གཉིས་ཐ་ཚིག་བཅས་ཏེ། དགེ་ལྡན་གྱིས་མཆོད་སྦྱིན་བཟང་པོ་རྒྱ་ཆེར་སྤེལ་ལོ། ། གསལ་ལྡན་གྱིས་ནི་ཚོགས་མཆོད་རྒྱ་ཆེར་བྱས་སོ། ། དེ་ གཉིས་ཀྱི་འབྲས་བུའི་ཁྱད་པར་ནི། སྔགས་སྤྱོད་པའི་བྲམ་ཟེ་གསལ་ལྡན་ནི་ཚེ་དེ་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། ། རྒྱུའི་ཐེག་པ་ལ་སྤྱོད་པའི་དགེ་ལྡན་ནི། བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་བྱས་ནས། འབྲས་ བུ་ཐོབ་པ་དེ་བཞིན་དུ་ཤེས་པར་བྱའོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། གསང་བའི་ཐེག་པའི་མདོ་འདི་རྟག་ཏུ་འཆང་བའི་གང་ཟག་དེའི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར་བ་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།
BO
སྨྲ་བའི་ སེང་གེ་མདོ་འདི་རྟག་ཏུ་འཆང་ཞིང་འཛིན་པ་དེ་ནི། དཔལ་རྡོ་རྗེ་སེམས་དཔའི་ཆེ་བའི་ཡོན་ཏན་གྱི་གཟུངས་དང་བཅས་པ་ཐོབ་བོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ། ཁྱིམ་བདག་དད་པ་ཅན་མེས་ སྦྱིན་བྱ་བ་དེ། ཚོམ་བུ་བརྒྱ་དང་བཅས་པས་གསང་བའི་ཐེག་པའི་མདོ་འདི་རྒྱུན་རྟག་པར་བཅངས་པས། དཔལ་རྡོ་རྗེ་སེམས་དཔའི་འཁོར་དང་བཅས་པ་ཅི་འདྲ་བར་ཚེ་འདི་ཉིད་ཀྱིས་ངེས་པར་འཐོབ་ཅིང་མི་བརྗེད་པའི་གཟུངས་ཐོབ་པའོ། ། དེ་བཞིན་ དུ་ཤེས་པར་བྱའོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། གསང་བའི་མདོ་འདིའི་དོན་རྟོགས་ནས། གཞན་དག་ལ་སྨྲ་བར་བྱེད་པ་དེའི་ཡོན་ཏན་ཇི་ལྟ་བུ་ལགས། ལུང་བསྟན་དུ་གསོལ། གསང་བ་མཆོག་གི་བདག་པོས་བཀའ་སྩལ་ པ། སྨྲ་བའི་སེང་གེ་གསང་བའི་མདོ་འདིའི་དོན་རྟོགས་ནས། གཞན་སྣོད་དང་ལྡན་པའི་འགྲོ་བ་ལ་བསྟན་ཏམ། བཤད་ན་ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་ཏེ་ང་ཉིད་དང་འདྲ་བར་འགྱུར་རོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་ འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ། རྣལ་འབྱོར་ལ་གནས་པའི་དྲང་སྲོང་ཀ་པ་ཡ་ན་ཞེས་བྱ་བས།
BO
དྲང་སྲོང་མང་པོ་རྣམས་ལ་གསང་བའི་དོན་འདི་བཤད་ཅིང་བཀྲོལ་བ་ལས། དྲང་སྲོང་མང་པོས་རིག་འཛིན་གྱི་ས་ཐོབ། སྟོན་པའི་དྲང་སྲོང་ དེ་ཉིད་གསང་བའི་བདག་པོར་གྱུར་ཏོ། ། དེ་བཞིན་དུ་ཡོངས་སུ་ཤེས་པར་བྱའོ། ། དེ་བས་ན་གསང་སྔགས་ཆེ་བའི་ཡོན་ཏན་གྱི་ཁྱད་པར་ནི་བསམ་གྱིས་མི་ཁྱབ་པའོ། ། དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་གསོལ་པ། བཅོམ་ ལྡན་འདས་ཐེ་ཚོམ་ཐམས་ཅད་གཅོད་པའི་རྒྱལ་པོས། གསང་སྔགས་སྤྱད་ཉེས་པའི་སྐྱོན་གྱི་རྣམ་པ་ཞུ་བར་འཚལ་ན་གནང་བའི་སྐབས་དབྱེ་བར་གསོལ། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། བཅོམ་ལྡན་འདས་གསང་དོན་ ལ་མི་གནས་པར། གསང་སྔགས་ཀྱི་སྤྱོད་པར་ཚུལ་འཆོས་པའི་ཉེས་པ་ཇི་ལྟ་བུ་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་གསང་བའི་དོན་ཟབ་མོས་ཡིད་ཆེས་པ་མེད་པར་ཚུལ་འཆོས་ཤིང་། གཡོ་སྒྱུས་ བདེན་པར་འཆོས་པ་ནི་ངན་འགྲོ་ལོག་པའི་ལམ་དུ་ལྟུང་བར་ངེས་སོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ་བསྐལ་པ་ཀུན་དུ་བཀོད་པ་ཞེས་བྱ་བ་ལ།
BO
སངས་རྒྱས་ཀྱི་ཞིང་མངོན་པར་འབྱུང་ བ་ཞེས་བྱ་བ་དེར་སངས་རྒྱས་མངོན་པར་འབྱུང་བའི་རྒྱལ་པོ་ཞེས་བྱ་བ་དེ། སྐུ་མྱ་ངན་ལས་འདས་པར་གྱུར་པའི་འོག་ཏུ་བཟང་རྒྱན་ཞེས་བྱ་བའི་རྣལ་འབྱོར་དུ་ཁས་འཆེས་པ་ཅིག་བྱུང་བར་གྱུར་ཏེ། དེས་མི་ཤེས་པའི་དབང་གིས་མི་ཤེས་པའི་ འཁོར་རྣམས་ལ་གསང་བའི་ཚུལ་དུ་བཅོས་ནས། ལོག་པའི་ཚོགས་བསྐྱངས་པས་ཚོམ་བུ་ལྔ་བརྒྱ་དང་བཅས་པར་ཡང་དག་པའི་དོན་ལས་གོལ་ཞིང་། ངན་འགྲོ་ལོག་པའི་ལམ་དུ་ལྷུང་བར་གྱུར་པ་དེ་བཞིན་དུ་ཤེས་པར་ བྱའོ། ། དེ་ནས་ཡང་སྨྲ་བའི་སེང་གེས་གསོལ་པ། གང་ཟག་ལ་ལ་དག་གསང་བའི་དོན་ཟབ་མོ་རྟོགས་པ་མེད་པར་དགའ་བའི་གཞུང་བོར་ཏེ། གཞན་ངེས་པའི་རྣལ་འབྱོར་རྣམས་ལ་སྐུར་པ་འདེབས་པའི་རྣམ་པར་སྨིན་པ་ནི་ཇི་ལྟ་བུར་འགྱུར་བ་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་གང་ཟག་ལ་ལ་དག་རང་ཉིད་གསང་བའི་དོན་ལ་ཡིད་ཆེས་པའི་ངེས་པ་མེད་པར་གཞན་ངེས་པའི་རྣལ་འབྱོར་པ་རྣམས་ལ་སྒྲོ་སྐུར་གྱི་སུན་འབྱིན་པའི་བློ་སྐྱེ་ཞིང་བདག་གི་ནི་ཡིན། གཞན་ གྱི་ནི་མ་ཡིན་ཞེས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་ནི་དོན་ལས་འབན་ཐག་ཆད་དེ་མནར་མེད་པར་ལྟུང་ངོ་། །
BO
དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ། བསྐལ་པ་ཀུན་དུ་བཀོད་པ་ཞེས་བྱ་བའི་དུས་དེ་ ཉིད་ལ། དཔལ་སྦྱིན་ཞེས་བྱ་བའི་རྣལ་འབྱོར་ཞིག་ཏུ་ཁས་འཆེས་པ་ཞིག་ཡང་དག་པའི་དོན་ལ་ཤེད་མ་བྱེ་ཞིང་། ལམ་གྱི་བགྲོད་ཐབས་ལ་མི་མཁས་པས་དེས་བཀའ་ངེས་པའི་གཞུང་ནི་མ་རྟོགས། ཆོས་མ་ཡིན་པའི་ཆོས་ལ་ཆོས་སུ་སྤྱོད་ ཅིང་ནོར་བས། བདག་ཉིད་སུན་འབྱིན་ཅིང་ལོག་པའི་ཚད་མས་གཞན་ངེས་པའི་དོན་སྤྱོད་པའི་རྣལ་འབྱོར་པ་ལ་ཁྱོད་ཀྱི་དེ་ནི་ཡང་དག་པའི་དོན་མ་ཡིན། ཡང་དག་པའི་བདུད་རྩི་དང་འདྲ་བ་ནི་ངའི་ཆོས་འདི་ཡིན་ནོ་ཞེས་བདག་བསྟོད། གཞན་ ལ་ནི་སྨོད་པས་ཡང་དག་པའི་དོན་དང་ནི་གཏན་དུ་འགྱངས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་བསྐལ་པ་བཅུ་གཉིས་ཀྱི་བར་དུ་འཁྱམས་པར་གྱུར་ཏོ། ། དེ་བཞིན་དུ་ཤེས་པར་བྱའོ། ། དེ་ནས་ཡང་སྨྲ་བའི་སེང་གེས་གསོལ་པ། གང་ཟག་ལ་ལ་དག་དོན་ལ་མཁས་པའི་རྣལ་འབྱོར་གྱི་རྗེས་སུ་འབྱུང་བ་དག ། གཞན་གྱི་དཔོན་བསྟབས་ན་མི་ཤེས་བཞིན་དུ་རས་གཅོད་ཅིང་། ཚུལ་འཆོས་ཤིང་སེམས་གྱ་གྱུས་སློབ་དཔོན་གྱི་ས་འཛིན་པའི་རྣམ་པར་སྨིན་པ་ནི་ཇི་ལྟ་བུ་ལགས།
BO
གསང་ བ་མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་བླ་མའི་དོན་ལ་མཁས་པའི་རྗེས་སུ་བྱུང་བའི་མི་ཤེས་བཞིན་དུ་ཚུལ་འཆོས་ཤིང་། བླ་མའི་ས་བཟུང་ནས་ཚོགས་སྐྱོང་བ་དེ་ནི་དྲེགས་པའི་རུ་ཏྲ་ཆེན་པོར་ལྷུང་བར་ངེས་སོ། ། དེ་ཡང་ཇི་ལྟར་ ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ། བླ་མ་དོན་ལ་མཁས་པ་དག་གི་རྗེས་སུ་འབྱུང་བའི་དགེ་སློང་དྲི་མེད་སྤྱོད་པ་ཞེས་བྱ་བ་ཞིག་རྣལ་འབྱོར་གྱི་ཚུལ་འདྲ་བ་ཙམ་དུ་སྤྱོད་དེ། དེ་དོན་ལ་མཁས་པའི་བླ་མ་རྣམས་ མི་བཞུགས་ནས། བླ་མ་དེ་དག་གི་ཚོམ་བུ་འབུམ་གྱི་འཁོར་རྣམས་ཀྱིས་བདག་ཅག་རྣམས་ཀྱི་བླ་མའི་གདུང་འཚོབ་པར་གསོལ་ཞེས་དཔོན་བསྟབས་པས། དགེ་སློང་དྲི་མེད་སྤྱོད་པ་ཞེས་བྱ་བ་དེ་ཆེ་བའི་དྲེགས་པ་སྐྱེས་ཏེ། མི་ཤེས་བཞིན་ དུ་ཚུལ་འདྲ་བ་ལོག་པར་སྤྱོད་པས། དེའི་ཚེ་དེའི་དུས་ཉིད་དུ་དགེ་སློང་ཚོམ་བུ་འབུམ་གྱི་འཁོར་དང་བཅས་པ། དྲེགས་པ་ཆེན་པོའི་རུ་ཏྲར་བསྐལ་པ་ཆེན་པོ་གྲངས་མེད་པར་སྐྱེས་སོ། ། དེ་བས་ན་དེ་བཞིན་དུ་ཤེས་པར་བྱའོ། ། ཡང་སྨྲ་ བའི་སེང་གེས་གསོལ་པ།
BO
གང་ཟག་ལ་ལ་དག་བདག་ཉིད་ཀྱིས་ཚོགས་སྐྱོང་བའི་འཁོར་བླ་མ་གཞན་གྱི་དབང་དུ་འགྱུར་དུ་དོགས་ནས། དགེ་བའི་སྒོ་འགེགས་པ་དག་མཆིས་ན། དེའི་རྣམ་པར་སྨིན་པ་ཇི་ལྟ་བུ་ཞིག་ལགས། གསང་བ་ མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་འཁོར་སྒོ་རིགས་དང་རྐྱེན་མཚན་སོ་སོར་བཅད་ཅིང་། བླ་མ་གཞན་ལ་ཉོན་མོངས་པའི་སྒོ་འབྱེད་པ་ནི་ངན་སོང་གསུམ་གྱི་ཁ་བརྒྱུད་ཅིང་། ཤོ་གམ་གཅན་ཆེན་གྱི་རིགས་སུ་སྐྱེ་བར་ ངེས་སོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་པར་འགྱུར་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ། དགེ་སློང་ཞི་གནས་པ་ཞེས་བྱ་བའི་ཚོམ་བུ་ལྔ་བརྒྱ་དང་བཅས་པ། དོན་དང་མི་ལྡན་པ་ཞིག་ཤིན་ཏུ་གསང་ བའི་སྔགས་པ་སྤྱོད་དོ་ཞེས་ཟེར་ནས། དགོན་པའི་གནས་བཟུང་སྟེ་ཡུལ་ཁམས་ཆེན་པོ་དེ་ན་གནས་པའི་མི་རྣམས་ཀུན་འདུལ་བའི་དབང་དུ་སྤྱོད་དོ། ། དེའི་ཚེ་དེའི་དུས་སུ་གཞན་གྱི་སྡེ་པར་གྱུར་པའི་དགེ་སློང་གྲོལ་བའི་བློ་གྲོས་ཞེས་བྱ་བའི་དོན་དང་ ལྡན་པ་ཞིག་ཡུལ་ཁམས་དེ་ཡང་དག་པའི་དོན་ལ་གཟུད་པའི་ཆེད་དུ་འོངས་ནས། གསང་བའི་ཐེག་པའི་དོན་རྒྱ་ཆེར་བསྟན་པར་བསམས་པ་ལས།
BO
ཞི་གནས་པ་ཞེས་བྱ་བའི་དགེ་སློང་དེས་ཉོན་མོངས་པའི་བསྒོ་བ་དྲག་པོ་བྱས་ཏེ། འཁོར་ འདི་དག་ནི་བདག་གི་ཞིང་ཁམས་ཡིན་པས་ན། ཁྱོད་འདི་ལ་མ་རྟོག་ཤིག་ཅེས་བསྒོ་རིས་སོ་སོར་བཅད་པས་དེའི་ཚེ་དགེ་སློང་ཞི་གནས་པའི་ཚོམ་བུ་ལྔ་བརྒྱའི་འཁོར་དང་བཅས་པ་ཉོན་མོངས་པ་འཁོར་བའི་ལམ་དུ་ལྷུང་སྟེ། ཤོ་གམ་ གཅན་ཆེན་གྱི་རིགས་སུ་གྱུར་ཏོ། ། དེ་བས་ན་དེ་བཞིན་དུ་ཤེས་པར་བྱའོ། ། དེ་ནས་ཡང་སྨྲ་བའི་སེང་གེས་གསོལ་བ། གང་ཟག་ལ་ལ་དག་རྣལ་འབྱོར་པ་ཚོགས་ཀྱི་ཡོ་བྱད་ཀྱི་ཚོགས་སུ་བསྔོས་པ་ལ་སེར་སྣས་གསོག་འཇོག་བགྱིད་པ་ དག་མཆིས་ན། དེའི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར་བ་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་གསང་བའི་ཚོགས་ཆེན་པོར་བསྔོས་པའི་ཡོ་བྱད་ལ་སེར་སྣས་གསོག་འཇོག་བྱེད་ཅིང་། གཅིག་གི་ཡིད་ གཅིག་གིས་འབྱིན་པར་བྱེད་པའི་གང་ཟག་དེ་ནི། ནམ་ཞར་ལོངས་སྤྱོད་ཐམས་ཅད་དང་བྲལ་ཏེ་{ཡི་དགས་,ཡི་དྭགས་}ཁྱིའི་ལུས་སུ་སྐྱེའོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ་རྣལ་འབྱོར་བདེ་ལྡན་ཞེས་བྱ་བ་ ཞིག་ཚོམ་བུ་འབུམ་དང་བཅས་པ་གསང་བ་རྒྱ་ཆེར་སྤྱོད་པ་ལས།
BO
དེའི་འཁོར་ན་བུད་མེད་བཟང་ལྡན་ཞེས་བྱ་བའི་རྣལ་འབྱོར་མ་ཞིག་ཚོགས་སྦྱོར་བའི་གིང་དུ་བསྐོས་པ་ལས། ཡོ་བྱད་ཕུན་སུམ་ཚོགས་པ་ལ་སེར་སྣའི་དབང་གིས་གསོག་འཇོག་བྱས་སོ། ། དེའི་ཚེ་དེའི་རྣམ་པར་སྨིན་པས་{ཡི་དགས་,ཡི་དྭགས་}ཀྱི་ལུས་སུ་སྐྱེས་ནས་ལོངས་སྤྱོད་ཀྱིས་བྲེལ་ཞིང་ཕོངས་པར་གྱུར་ཏོ། ། དེ་བས་ན་དེ་བཞིན་དུ་ཤེས་པར་བྱའོ། ། དེ་ནས་ཡང་སྨྲ་བའི་སེང་གེས་གསོལ་པ། གལ་ཏེ་གང་ཟག་ལ་ལ་དག་རྣལ་འབྱོར་གྱི་ཚོགས་ ལོག་པར་སྤྱོད་ཅིང་། ལྟ་བ་ལོག་པ་ཅན་གྱི་སྤྱི་བརྟོལ་དང་། ཁྲོ་གཏུམ་ཆེ་བའི་སྡིག་པ་སྤྱོད་ཅིང་། དོན་དང་མི་ལྡན་ཡང་བདག་རྣལ་འབྱོར་པའོ་ཞེས་བབ་ཅོལ་དུ་བཀའ་རྐུ་ཞིང་སླུ་བར་བྱེད་པ་དེའི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། གསང་བ་ མཆོག་གི་བདག་པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་ལྟ་སྤྱོད་ལོག་པས་རྣལ་འབྱོར་དུ་ཁས་འཆེས་པ་དེ་ནི་མུ་སྟེགས་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་རོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ་ དོན་ལ་མི་མཁས་པའི་དགེ་སློང་བླ་མ་དེ་བ་ཞེས་བྱ་བ་ཞིག་གིས། བདག་ནི་ཡང་དག་པའི་ལམ་ལ་མཁས་པའོ་ཞེས་ཀུན་ལ་བསྒྲགས་ནས་ཚོགས་ནི་བསྐྱངས།
BO
སྤྱི་བརྟོལ་དང་ཁྲོ་གཏུམ་གྱིས་སྡིག་པ་སྤྱད་པའི་རྣམ་པར་སྨིན་པས་མུ་སྟེགས་ཀྱི་ སྤྱོད་པའི་ཁམས་སུ་ལྷུང་བར་གྱུར་ཏོ། ། དེ་བས་ན་དེ་བཞིན་དུ་ཤེས་པར་བྱའོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། གལ་ཏེ་གང་ཟག་ལ་ལ་དག་དོན་ལ་ནི་རྨུགས། ཐ་ཚིག་ནི་ཉམས། དྲེགས་པའི་ང་རྒྱལ་གྱིས་རྡོ་རྗེ་རྒྱལ་པོའི་ས་འཛིན་པར་ འདོད་པའི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། ཁྲེལ་མེད་པའི་སྤྱི་བརྟོལ་གྱིས་མུན་སྤྲུལ་དུ་བྱེད་པ་དེ་ནི་གཏི་མུག་ཕག་གི་ལུས་སུ་སྐྱེས་ཏེ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ ང་དྲན་པ་ཐོག་མའི་ཚེ་རྩ་བའི་དམ་ཚིག་ཉམས་ཤིང་ཡང་དག་པའི་དོན་ལ་རྨུགས་ཤིང་། དྲེགས་པའི་ང་རྒྱལ་གྱིས་སྔགས་ཀྱི་ཚུལ་དུ་སྤྱོད་པའི་དྲང་སྲོང་པེ་ན་ཡ་ཞེས་བྱ་བ་ཞིག་ཚོམ་བུ་བརྒྱ་དང་བཅས་པར་གནས་སོ། ། དེའི་ཚེ་རྣམ་པར་ སྨིན་པ་དེས་གཏི་མུག་ཕག་གི་ལུས་སུ་ལྷུང་བ་དེ་བཞིན་དུ་ཤེས་པར་བྱའོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། གང་ཟག་ལ་ལ་དག་ཚིག་ཏུ་མཉམ་ཟེར་ཡང་། བློ་མཉམ་པ་དང་མི་ཉེ་བར་ཆགས་སྡང་ལ་འཆེལ་བ་དག་མཆིས་ན། དེའི་རྣམ་ པར་སྨིན་པ་ཇི་ལྟ་བུ་ལགས།
BO
གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། མཉམ་པ་མ་རྟོགས་པར་ཆགས་སྡང་ལ་འཆེལ་བ་དེ་ནི་རགྴ་སྲིན་པོའི་རིགས་སུ་འགྱུར་ཏེ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ ཐོག་མའི་ཚེ། མཉམ་པ་ཉིད་མ་རྟོགས་པར་ཆགས་སྡང་ལ་འཆེལ་བའི་དགེ་སློང་དེ་སྦྱིན་ཞེས་བྱ་བ་ཚོམ་བུ་སྟོང་དང་བཅས་པ་ཞིག་གིས། གསང་བའི་སྤྱོད་པ་མངོན་དུ་སྤྱོད་པས་ལས་དེའི་རྣམ་པར་སྨིན་པས་རཀྴ་སྲིན་པོའི་གནས་སུ་སྐྱེས་སོ། ། དེ་ བས་ན་དེ་ལྟར་ཤེས་པར་བྱའོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། གལ་ཏེ་གང་ཟག་ལ་ལ་དག་རྡོ་རྗེ་འཆང་གི་གྲལ་དུ་ཚོགས་པའི་ཚེ་དོན་ལ་དགའ་བའི་རྣལ་འབྱོར་པ་དག་གིས། ཡང་དག་པའི་དོན་ལ་གླེང་བསླང་བ་དེ་ལ་འཇིགས་སྐྲག་ཞུམ་སྟེ། མི་དགའ་ཞིང་གུད་དུ་བྱོལ་བའི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། ཡང་དག་པའི་དོན་གྱིས་འཇིགས་པའི་ཕྲག་དོག་ཅན་དེ་ནི་འཁོར་བའི་གནས་སུ་འཁྱམས་ཏེ། ཡཀྴ་གནོད་སྦྱིན་གྱི་གནས་སུ་ ལྷུང་ངོ་། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ།
BO
རྣལ་འབྱོར་ལས་དང་པོའི་སར་སློབ་པའི་དགེ་སློང་ལྷ་སྦྱིན་ཞེས་བྱ་བ་ཞིག་དོན་དང་ལྡན་པའི་རྣལ་འབྱོར་ཕལ་ཆེན་ཚོགས་པར་གྱུར་པ་ལས་རྣལ་འབྱོར་དེ་དག་ གིས་ཡང་དག་པའི་དོན་གླེངས་པ་ལས། ལྷ་སྦྱིན་འཁོར་དང་བཅས་པ་གླེང་བསླང་བ་མི་དགའ་ཞིང་། ངན་སེམས་ཀྱི་ཕྲག་དོག་སྐྱེས་ནས་རང་གི་གནས་སུ་བྱོལ་ཏེ། དེ་དག་ལ་མི་སྙན་པར་བརྗོད་པས་དེའི་རྣམ་པར་སྨིན་པས་ཡང་དག་པའི་དོན་ལས་ གོལ་ཏེ། གནོད་སྦྱིན་ཁ་འབར་མའི་གནས་སུ་སྐྱེས་སོ། ། དེ་བས་ན་དེ་བཞིན་དུ་ཤེས་པར་བྱའོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། གལ་ཏེ་གང་ཟག་ལ་ལ་དག་དོན་དང་ལྡན་པའི་རྣལ་འབྱོར་ལ་མངན་སེམས་ཀྱིས་སྒྲོ་སྐུར་འདེབས་པ་དེའི་རྣམ་ པར་སྨིན་པ་ཇི་ལྟ་བུ་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། དོན་དང་ལྡན་པའི་སྐྱེས་བུ་ལ་མངན་སེམས་ཀྱིས་ཕྱིར་འདོགས་པ་ནི་མནར་མེད་པར་ལྟུང་སྟེ། ལྕེ་ལ་ཐོང་གཤོལ་འབར་བ་ལྔ་བརྒྱས་འདྲ་ལ་བར་འགྱུར་རོ། ། དེ་ ཡང་ཇི་ལྟར་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ། རྣལ་འབྱོར་དོན་དང་ལྡན་པ་རྣམ་པར་དག་པའི་བློ་གྲོས་ཞེས་བྱ་བ་ལ། མི་འཇིགས་བློ་གྲོས་ཞེས་བྱ་བ་དོན་དང་མི་ལྡན་པ་ཞིག་གིས།
BO
རྣམ་པར་དག་པའི་བློ་གྲོས་ སྡེ་མང་པོ་སྐྱོང་བའི་སར་མི་འཇིགས་བློ་གྲོས་འོངས་ཏེ། མངན་སེམས་ཀྱིས་སྒྲོ་སྐུར་མང་པོ་བཏབ་པས་དེའི་རྣམ་པར་སྨིན་པས་མི་འཇིགས་བློ་གྲོས་མནར་མེད་པར་ལྟུང་ནས། ལྕེ་ལ་ཐོང་གཤོལ་འབར་བ་ལྔ་བརྒྱས་རྨོད་པར་གྱུར་ཏོ། ། དེ་བས་ ན་དེ་བཞིན་དུ་ཤེས་པར་བྱའོ། ། ཡང་སྨྲ་བའི་སེང་གེས་གསོལ་པ། གང་ཟག་ལ་ལ་དག་གིས་ཤེས་རབ་ཀྱི་རྣལ་འབྱོར་ཁོང་དུ་མ་ཆུད་པར། སྒྲ་ཐོས་པ་ཙམ་གྱིས་གཞུང་སྤྱད་ན་ཇི་ལྟ་བུར་འགྱུར་བ་ལགས། གསང་བ་མཆོག་ གི་བདག་པོས་བཀའ་སྩལ་པ། སྒྲ་ཕྱིར་འབྲེང་བའི་རྣལ་འབྱོར་དེ་ནི་ལོང་བའི་འདུ་ཤེས་ཐོབ་པར་འགྱུར་རོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ། རྒྱལ་པོ་རབ་གསལ་འཛིན་ ཞེས་བྱ་བ་མཚན་མའི་རྣལ་འབྱོར་ཅན་དེ་ཤེས་རབ་ཀྱི་ཚིག་མེད་པར་སྤྱི་ཡུད་ཙམ་ལ་ལྟོས་ནས། རྣལ་འབྱོར་གྱི་ཚུལ་བཟུང་བས། དེའི་དབང་གིས་ལོག་པའི་ཁམས་སུ་ལྟུང་བ་དེ་བཞིན་དུ་ཤེས་པར་བྱའོ། ། རིགས་ཀྱི་ བུ་དེ་བས་ན་ཤིན་ཏུ་གསང་བའི་ཆོས་འདི་ནི་ཤིན་ཏུ་གོལ་ས་ཆེ་བས། མཉམ་པ་ཉིད་ཀྱི་དོན་ལ་གོམས་པའི་སྒོ་ནས་སྤྱོད་ཅིག་ཅེས་གསུངས་སོ། །
BO
དེ་ནས་དེའི་ཚེ་འདུས་པའི་འཁོར་ཚོགས་རྣམས་ངོ་མཚར་བར་གྱུར། རྨད་དུ་གྱུར་ཏེ། རྨད་དུ་བྱུང་བའི་ཆོ་ འཕྲུལ་རྣམ་པ་དུ་མ་སྟོན་ཅིང་། ཉེས་ལེགས་ཀྱི་ཁྱད་པར་དེ་དག་ལ་རབ་ཏུ་ངོ་མཚར་ནས། མགྲིན་གཅིག་ཏུ་འདི་སྐད་ཅེས་དམ་པའི་གླུ་འདི་བླངས་སོ། ། ཨེ་མའོ་ངོ་མཚར་རྨད་ཀྱི་སྟོན་པ་གསང་མཆོག་ཀུན་དུ་བཟང་། ། གསང་བ་ཀུན་གྱི་མངའ་བདག་ཡེ་ ཤེས་རོལ་པའི་མཛོད། ། ཀུན་ནས་ཀུན་གྱི་དབང་བསྐུར་དམ་པའི་བདག་ཁྱོད་བཞུགས། ། ཡིད་དང་འཐད་པའི་བླ་མ་ཁྱོད་ལ་ཕྱག་འཚལ་འདུད། ། གསང་སྔགས་ཡོན་ཏན་རྒྱ་མཚོ་གྲངས་མང་བསམ་ཡས་ཀྱང་། ། གཞུང་དང་འགལ་ བྱས་སྣོད་ངན་སྐྱོན་ཉིད་ལྷུང་གནས་མང་པོ་བརྗོད་མི་ལང་། ། ལེགས་དང་ཉེས་པའི་འབྲས་བུ་རྣམ་སྨིན་དེ་ཉིད་ཀྱིས་རབ་གསུངས་པ། ། བདག་ཅག་འཁོར་ཚོགས་དགའ་སྤྲོ་གསང་ཉིད་དོན་ལ་འཇུག་ཅེས་དམ་པར་གྱུར། ། ཨ་ལ་ལ་ཧོ་ཞེས་ བྱ་བའི་གླུ་འདིས་མཉེས་པར་བྱས་སོ། ། དེ་ནས་སྨྲ་བའི་སེང་གེས་ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ཏེ། མཆོད་པ་རྒྱས་པ་དེ་ཁོ་ན་ཉིད་ཀྱིས་མཆོད་དེ། གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ གསང་བ་མཆོག་གི་བདག་པོ།
BO
གསང་བའི་ཐེག་པ་འདི་བདག་ཅག་འཁོར་དང་བཅས་པ་རྣམས་ལ་བསྒོ་བར་གསོལ། ཅི་ནས་ཀྱང་མ་འོངས་པའི་གང་ཟག་རྣལ་འབྱོར་པ་རྣམས་ལ་ཕན་གདགས་པའི་ཕྱིར་ནན་ཏན་བགྱི་བ་བསྒོ་བར་གསོལ། དེ་ནས་གསང་བ་མཆོག་གི་བདག་པོས་ཞལ་འཛུམ་པ་མཛད་དེ། སྨིན་{རིངས་,རིང་}བསྒྱུར་ནས་བཙུན་མོ་རྔམ་པ་ཀྲོ་དྷའི་རྒྱལ་མོ་ལ་རྣམ་པར་འཇུག་པར་གྱུར་ཏོ། ། དེའི་ཚེ་ཆོས་ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་རང་བཞིན་དུ་གནས་པར་གྱུར་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས། བཙུན་མོ་བྱ་བ་མོ་ཀུན་དུ་བཟང་མོ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་ པོས་སྨྲ་བའི་སེང་གེ་ལ་བཀའ་སྩལ་པ། སྨྲ་བའི་སེང་གེ་དང་ས་ཆོས་འདི་བསྡུས་ཏེ་བཤད་ཀྱིས་ཉོན་ཅིག ། གསང་བ་ཆེན་པོའི་རང་བཞིན་ནི། ། བསྐྱེད་པ་མེད་ཅིང་བསྒྲུབ་པ་མེད། ། བསྒོམ་པ་མེད་ཅིང་གཟུགས་ཀྱང་མེད། ། ཕྱག་རྒྱ་མེད་ཅིང་འཇུག་སྒོའང་མེད། ། འདོད་པ་མེད་ཅིང་བསྲུང་བ་མེད། ། བརྟུལ་ཞུགས་མེད་ཅིང་བསྲུང་བའང་མེད། ། ཡེ་ནས་རྣམ་དག་བརྗོད་མེད་ཆོས། ། སྐྱོན་དང་ཡོན་ཏན་དབྱིངས་སུ་དག །
BO
ངོ་བོ་ཉིད་ནི་བརྗོད་དུ་མེད། ། དེ་ལ་གསལ་འདྲིས་གོམས་པར་བྱོས། ། མེད་པའི་དོན་ལས་ཀུན་འབྱུང་བ། ། གསལ་འདྲིས་གོམས་པ་བྱ་བའི་ཕྱིར། ། སྨྲ་བའི་སེང་གེ་ཁྱོད་ཉིད་ཀྱིས། ། ཚིག་དོན་མ་ལུས་ཐམས་ཅད་ཀུན། ། ཤེས་རབ་བློ་ལ་གསལ་བསྡུས་ ནས། ། མི་ནུབ་རྒྱལ་མཚན་རྩེ་མོ་ལྟར། ། ནན་ཏན་གྱིས་ནི་བརྩོན་འགྲུས་བྱའོ། ། ཞེས་གཏད་དོ། ། དེ་ནས་སྨྲ་བའི་སེང་གེས་ཨ་ལ་ལ་ཧོ་ཞེས་པའི་སྒྲ་ཕྱུང་སྟེ། ཡིད་ཀྱི་དཀྱིལ་འཁོར་པདྨོ་ལྟ་བུའི་སྒོ་ཕྱེ་སྟེ་གསང་བའི་དོན་འདི་ ཉིད་ཐུགས་རིན་པོ་ཆེ་ལ་བཞག་སྟེ་གསུང་གི་དཀྱིལ་འཁོར་དུ་གནས་སོ། ། དེ་ནས་སྨྲ་བའི་སེང་གེས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དང་། གསང་བའི་མདོ་འདི་ཉིད་དང་། འདུས་པའི་འཁོར་ཚོག་རྣམས་ལ་བསྟོད་ པའི་གླུ་འདི་བླངས་སོ། ། ཨོཾ་ཕྱོགས་བཅུ་དུས་བཞི་རྒྱལ་བའི་སྐུ་གསུང་ཐུགས། ། གསང་བ་མཆོག་གི་བདག་པོ་བྷ་ག་ཡོངས་ཀྱི་གཏེར། ། གསང་བ་ཡུམ་དང་གཉིས་མེད་རོལ་པའི་ཆོ་འཕྲུལ་བདག ། འདུལ་ དབང་འཇིགས་བྱེད་ཞི་ཁྲོ་ཀུན་གྱི་བདག་པོ་མཆོག ། ཐམས་ཅད་མཁྱེན་པའི་སྟོན་མཆོག་གཅིག་པུ་ཁྱོད་ལ་ཕྱག་འཚལ་བསྟོད། ། ཨོྃ་བསམ་གྱིས་མི་ཁྱབ་ཆོས་ཀུན་འདུས་པའི་གཙོ། །
BO
ལུང་དང་རིགས་པ་གཏན་ཚིགས་ཀུན་གྱི་ གནས། ། རྒྱུད་ལུང་མན་ངག་ཀུན་གྱི་འབྱུང་གནས་གཙོ། ། ཕྱི་རབས་རྣལ་འབྱོར་ཀུན་གྱི་ཡིད་ཆེས་གཏེར། ། གསང་བའི་ཡང་གསང་མཛད་ལ་ཕྱག་འཚལ་བསྟོད། ། ཨོྃ་ཕྱོགས་བཅུའི་ཞིང་རྣམས་ཀུན་ནས་འདུས་པའི་གཙོ། ། རྒྱལ་ བ་སྲས་བཅས་ཡུམ་ཚོགས་སྤྲུལ་པར་བཅས། ། ཉིད་ལས་མི་གཞན་འཁོར་དུ་སྐུ་སྤྲུལ་པ། ། དབྱིངས་ཀྱི་ངང་ལས་མི་འདའ་དམ་ཚིག་ཅན། ། ཞི་ཁྲོའི་འཁོར་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། ཧོ( ། ,། )ཨ་ལ་ལ་ཧོ་ཞེས་བརྗོད་པས་ ཐམས་ཅད་མཉེས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས། དཀྱིལ་འཁོར་དེ་དག་ཐམས་ཅད་ཐུགས་གསང་བའི་མཛོད་དུ་ཐིམ་པར་གྱུར་ཏེ་མི་སྣང་ངོ་། ། གསང་བ་ མཆོག་གི་བདག་པོ་ཉིད་ཀྱང་དུས་བཞི་མཉམ་པའི་དབྱིངས་ལས་མི་གནས་པའི་ཚུལ་གྱིས་རྣམ་པར་གནས་སོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས། གསང་བ་ཕྱི་མ་རྣམ་པར་ བཀོད་པའི་ལེའུ་སྟེ་བཅུ་བདུན་པའོ། ། ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་{སྷོ,སོ}། ། ། །
BO
སརྦ་མངྒ་ལྃ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source